༄༅།།དཔལ་འཁོར་ལོ་སྡོམ་པའི་བླ་མའི་རྣལ་འབྱོར་མཆོག་ཐུན་དངོས་གྲུབ་མྱུར་སྩོལ་ཅེས་བྱ་བ་བཞུགས་སོ།།

༄༅། །ན་མོ་གུ་རུ་ཤྭཱི་ཧེ་རུ་ཀ་ཡ། བརྟན་གཡོའི་དངོས་ཀུན་ལྷན་སྐྱེས་བདེ་བ་ཆེར། །སྡོམ་མཛད་ཁྱབ་བདག་འཁོར་ལོའི་མགོན་པོ་དང༌། །དབྱེར་མེད་བླ་མ་ཡི་དམ་ལྷ་ཚོགས་ཀྱིས། །དུས་རྣམ་ཀུན་དུ་དགེ་བའི་ཤིས་པ་སྩོལ། །རིང་མིན་མྱུར་བ་མྱུར་བར་སྐུ་བཞིའི་སར། །བགྲོད་བྱེད་རྒྱ་བོད་མཁས་གྲུབ་སྙིང་གི་ནོར། །སྙན་བརྒྱུད་ཟབ་དོན་དམ་པའི་མན་ངག་བཞིན། །འགོད་འདིར་མཁའ་འགྲོའི་ཚོགས་ཀྱིས་གནང་བ་སྩོལ། །འདིར་བླ་མ་དང་ཧེ་རུ་ཀ་དབྱེར་མེད་ཀྱི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་པས། སྔོན་འགྲོ་གནས་ཁང་བྱི་དོར་སོགས་སྤྱི་ལྟར་ལ། དགེ་སེམས་ཁྱད་བར་ཅན་གྱི་ངང་ནས།སངས་རྒྱས་ཆོས་དང་དགེ་འདུན་ལ། །ནས་འགོད་པར་བགྱི། །ཞེས་བས་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད། དེ་ནས་རང་ཉིད་ལྷའི་རྣལ་འབྱོར་ལ་གནས་པའི་སྒོ་ནས་མཆོད་རྫས་བྱིན་རླབས་བྱ་བར་གསུངས་པས། དག་བ་གསུམ་གྱི་རྣལ་འབྱོར་དང༌།བགེགས་བསྲུང་ཆེད་བསྲུང་འཁོར་གསལ་བཏབ་སྟེ་མཆོད་རྫས་བྱིན་རླབས་གཞུང་ལྟར་རམ། །ཡང་ན། རང་ལྷར་གསལ་བའི་སྐུ་ལས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་ཀྱི་མ་དག་པ་སྦྱངས། སྣོད་ཐམས་ཅད་གཞལ་ཡས་ཁང་དང༌། བཅུད་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་གྱི་དག་པ་རབ་འབྱམས་འབའ་ཞིག་ཏུ་གྱུར་པར་བསམ། ཨོཾ་ཨཱཿ ཧཱུཾ། ལན་གསུམ་བརྗོད། ངོ་བོ་ཡེ་ཤེས་ལ་རྣམ་པ་ནང་མཆོད་དང་མཆོད་རྫས་སོ་སོའི་རྣམ་པ། བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་སྐྱེད་བས་ས་དང་བར་སྣང་ནམ་མཁའི་ཁྱོན་ཐམས་ཅད་ཡོངས་སུ་ཁྱབ་པས་ཕྱི་ནང་གསང་བའི་མཆོད་སྤྲིན་དམ་རྫས་སྤྱན་གཟིགས་བསམ་ཀྱིས་མི་ཁྱབ་བས་གང་བར་གྱུར། ཅེས་བླ་མ་མཆོད་པ་ལྟར་བྱ། དངོས་གཞི་ནི། རང་གི་སྤྱི་བོར་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པད་ཟླ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་ངོ་བོ་རང་གི་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་ཡིན་པ་ལ། རྣམ་པ་བཅོམ་ལྡན་འདས་དཔལ་ཧེ་རུ་ག་སྐུ་མདོག་ཅེས་པ་ནས་བྱུགས་པའོ། །བཅོམ་ལྡན་འདས༌པ་མངོན་དུ་ཕྱོགས་པ་ཞེས་པ་ནས་ཅན་ནོ། །སྤྲོ་ན་ལུས་དཀྱིལ་གྱི་ལྷ་བསྐྱེད་པ་ནི། །དེའི་ཐུགས་ཀར་ཆོས་ཀྱི་འཁོར་ལོའི་དབུས་ཀྱི་དྷུ་ཏིའི་ནང་གི་ནས་བཅོམ་ལྡན་འདས་ཧེ་རུ་ཀ་དང༌།ལྟེ་བའི་དམར་ཆ་ནས་ཕག་མོ་སྟེ་དབྱིང་དང་ཐིག་ལེའི་ངོ་བོ་གཉིས་སྙིང་གར་འཕྲད་ནས་སྙོམས་བར་འཇུག་བས་ཞུགས་པའོ། །སྙིང་གའི་ཤར་ལ་སོགས་པའི་འབྱུང་བ་བཞིའི་རླུང་རྒྱུ་བའི་རྩ་འདབ་བཞི་ཡོངས་སུ་གྱུར་བ་ལས་མཁའ་འགྲོ་མ་སོགས་བཞི་དང༌། ཤར་ལྷོ་ལ་སོགས་བའི་མཆོད་པ་བཞིའི་རྩ་འདབ་བཞི་ཡོངས་སུ་གྱུར་བ་ལས་མཚམས་བཞིར་བདུད་རྩི་ལྔས་གང་བའི་ཐོད་པ་བཞི་སྟེ་བདེ་ཆེན་གྱི་འཁོར་ལོའོ། །སྤྱི་བོ་ལ་སོགས་པའི་གནས་ཉེར་བཞིར་བཱུ། ཛ། ནས་གནས་ཉེར་བཞིའི་རྩ་དང་ཁམས་ངོ་བོ་དབྱེར་མེད་དུ་གནས་པ་ཡོངས་སུ་གྱུར་བ་ལས། དཔའ་བོ་དང༌། དཔའ་མོ་ཉེར་བཞི་དང༌། ལྕེའི་རྩ་བར་གནས་པའི་རྩ་བ་སོགས་པའི་རྩ་བརྒྱད་ཡོང་སུ་གྱུར་བ་ལས། ཁྭ་གདོང་མ་ལ་སོགས་པ་བརྒྱད་དུ་གྱུར། ཡབ་ཀྱི་ཐུགས་ཀར་ཟླ་གདན་ལ་རྡོ་རྗ་སེམས་དཔའི་ངོ་བོ་ཨོཾ་ཧ་ནས་དུད་ཁས་མཚན་པར་གྱུར། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། དེ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་གྱི་ཚོགས་སྤྲོས་བས་སྣོད་བཅུད་ཀྱི་དྲི་མ་རྣམས་སྦྱངས་ཏེ་རྡོ་རྗེ་གསུམ་གྱི་ངོ་བོར་བྱིན་གྱིས་བརླབ་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། བླ་མ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་སྤྱན་དྲངས། སྤྲོ་ན་ཁམས་སྙིང་མ་འདོན། ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། དེ་ནས་བླ་མ་ལྷའི་སྐུ་གསུང་ཐུགས་འཕྲིན་ལས་ཀྱི་ཡོན་ཏན་དྲན་པའི་སྒོ་ནས། རྩ་བའི་བླ་མ་དེ་ཉིད་སྐྱབས་གནས་ཀུན་འདུས་ཀྱི་བདག་ཉིད་དུ་མོས་པ་ཤུགས་དྲགས་དང་བཅས། གང་གི་དྲིན་གྱིས༌྾ཧེ་རུ་ཀ་དཔལ་སོགས་གྱིས་ཕྱག་འཚལ། རང་གི་སྙིང་ཀ་ནས་སྤྲོས་པའི་ལྷ་མོ་མཆོད་རྫས་སྣ་ཚོགས་ཐོགས་པ་རྣམས་ཀྱིས་མཆོད་པར་བསམས་ལ་རྒྱས་བར་སྤྲོ་ན་དཀྱིལ་ཆོག་གི་མཆོད་འཕྲེང་གི་ཚིགས་ཡོངས་རྫོགས་ཀྱིས་ཕྱི་མཆོད་འབུལ། ནང་གསང་དབང་དང་འབྲེལ་བའི་མཆོད་པ་སོགས་ཕྱི་མ་གསུམ་ཡང་གཞུང་ལྟར་བྱ། བསྡུ་བར་མོས་ན་སྔགས་ཙམ་ཀྱི་སྒོ་ནས་མཆོད་པ་དང༌། ཡབ་ཡུམ་ཀྱི་སྔགས་མཐར་འབྲུ་གསུམ་བཏགས་པས་ནང་མཆོད་འབུལ། ཡབ་ཡུམ་སྙོམས་པར་ཞུགས་པས་བདེ་བ་ཆེན་པོ་དང༌། དེ་ཁོ་ན་ཉིད་དབྱེར་མི་ཕྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས། གསང་བ་དང་དེ་ཁོ་ན་ཉིད་ཀྱི་མཆོད་པས་མཉེས་པར་གྱུར། རྐང་བརྒྱད་ཀྱིས་བསྟོད་ཅིང༌། ཡན་ལག་ལྷག་མ་རྣམས་རྒྱུན་བཤགས་སམ། ཡང་ན།ཐོག་མེད་ནས་བསགས་བཅས་དང་རང་བཞིན་གྱི།།སྡིག་ལྟུང་ཉེས་ཚོགས་མ་ལུས་སྙིང་ནས་བཤགས། །རྒྱལ་དང་རྒྱལ་སྲས་རང་གཞན་རྣམ་དཀར་ཀྱི།།དགེ་ལ་ཡི་རང་ཟབ་རྒྱས་བདུད་རྩི་ཡིས། །བགྲང་ཡས་གདུལ་བྱ་སྨིན་ཅིང་གྲོལ་མཛོད་ལ། །བསྟན་འགྲོའི་དཔལ་དུ་གཡོ་མེད་བརྟན་བར་བཞུགས། །དུས་གསུམ་དགེ་ཚོགས་ལེགས་བྱས་ཕུང་པོ་ཀུན། །འགྲོ་ཀུན་དོན་དུ་བྱང་ཆུབ་ཐོབ་ཕྱིར་བསྔོ། །མཚམས་འདིར་མཎྜལ་ཕུལ་ལ།སྐྱབས་གསུམ་ཀུན་འདུས་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་གི་བློ་ཆོས་སུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། ཆོས་ལམ་དུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། ལམ་ལ་བར་ཆད་མི་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ། བཤེས་གཉེན་བསྟེན་ཚུལ་ནས་བཟུང་ཟུང་འཇུག་གི་བར་གྱི་ཕྱིན་ཅི་ལོག་གི་བློ་སྣ་མཐའ་དག་འགག་བ་དང་། ཕྱིན་ཅི་མ་ལོག་པའི་བློ་སྣ་མཐའ་དག་རྒྱུད་ལ་སྐྱེ་བར་བྱིན་གྱི་བརླབ་ཏུ་གསོལ།དེ་ལྟར་རྒྱུད་ལ་སྐྱེ་བ་ལ་ཕྱི་ནང་གི་བར་ཆད་མི་འབྱུང་བར་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེས་ནས་ཚེ་འདིར་ཧེ་རུ་ཀའི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། དེ་ནས་བླ་མ་སྐྱབས་གསུམ་ཀུན་འདུས་སུ་མོས་ཏེ་གསོལ་འདེབས་དང་བརྟན་བཞུགས་རྒྱས་བསྡུས་རང་གི་མོས་པ་ལྟར་བྱ། དེ་ནས་མཎྜལ་ཕུལ་ལ།བླ་མ་རྒྱལ་བ་ཀུན་འདུས་ཀྱིས། །དབང་བཞི་རྫོགས་པར་བསྐུར་དུ་གསོལ། །སྒྲིབ་བཞི་དག་པར་མཛད་དུ་གསོལ། །སྐུ་བཞི་ཐོབ་པར་མཛད་དུ་གསོལ། །ཞེས་གསོལ་འདེབས་ལན་གསུམ།རྒྱལ་བ་སྲས་བཅས་སྤྱན་སྔར་བྱང་ཆུབ་བར། །སྨོན་འཇུག་རིགས་ལྔ་སྤྱི་དང་བྱེ་བྲག་གི །ཐུན་མོང་ཐུན་མོང་མིན་པའི་དམ་སྡོམ་རྣམས། །འགྲོ་ཀུན་སྒྲོལ་ཕྱིར་བདག་གིས་བཟུང་བར་བགྱི། །ལན་གསུམ། དེ་ལྟར་རྩེ་གཅིག་གསོལ་བ་བཏབ་བའི་མཐུས། །ཁྱབ་བདག་ཧེ་རུ་ཀ་དཔལ་ཐུགས་ཀ་ནས། །སྤྲོས་པའི་དཀྱིལ་འཁོར་ལྷ་ཡི་ཚོགས་རྣམས་ཀྱིས། །རིགས་ལྔའི་ངོ་བོ་བུམ་ཆུ་ཅོད་པན་དང༌། །རྡོ་དྲིལ་ཐོགས་ཤིང་ཤིས་པ་བརྗོད་རྣམས་ཀྱིས། །ཆུ་དང་ཅོད་པན་རྡོ་དྲིལ་མིང་གི་དབང༌། །སྔགས་དབང་བརྟུལ་ཞུགས་ལུང་བསྟན་དབུགས་དབྱུང་དང༌། །དམ་ཚིག་གསུམ་སྦྱིན་རྡོ་རྗེ་སློབ་དཔོན་དབང༌། །རྗེས་གནང་གསུམ་བཅས་བུམ་དབང་ལེགས་བསྐུར་པས། །ཐ་མལ་སྣང་ཞེན་དྲི་མ་ཀུན་སྦྱངས་ཏེ། །ལམ་མཆོག་བསྐྱེད་རིམ་ཕྲ་རགས་བསྒོམ་ལ་དབང༌། །འབྲས་བུ་སྤྲུལ་སྐུ་འགྲུབ་བའི་ནུས་པ་བཞག །བླ་མ་ཡབ་ཡུམ་སྙོམས་ཞུགས་དཀྱིལ་འཁོར་ལྷ། །ཞུ་བའི་བྱང་སེམས་མྱང་བས་གསང་དབང་ཐོབ། །རླུང་ངག་སོ་སོར་སྣང་ཞེན་དྲི་མ་སྦྱངས། །བདག་བྱིན་རླབས་དབང་ལོངས་སྐུའི་ས་བོན་ཐོབ། །རྡོ་རྗེ་ཕག་མོ་ཕྱག་རྒྱར་བསྩལ་བ་ལ། །བདག་ཉིད་འདུ་ཤེས་གསུམ་ལྡན་སྙོམས་པར་ཞུགས། །ལྷན་སྐྱེས་བདེ་སྟོང་མྱོང་བས་ཤེར་དབང་ཐོབ། །ལམ་མཆོག་འོད་གསལ་ལ་དབང་ཆོས་སྐུ་འགྲུབ། །ཚངས་པའི་དབྱངས་ཀྱིས་ཟུང་འཇུག་བརྡ་སྤྲད་པས། །ཚིག་གི་དབང་ཐོབ་སྒྲིབ་བ་ཀུན་བྱང་སྟེ། །སྐུ་ཐུགས་དབྱེར་མེད་ཟུང་འཇུག་ལ་དབང་ཞིང༌། །བླ་མ་རྡོ་རྗེ་འཆང་དབང་འགྲུབ་ནུས་འགྱུར། །མཎྜལ་ནི།དེ་ལྟར་དབང་བཞི་ཐོབ་པའི་གཏང་རག་ཏུ། །ལུས་ངག་ཡིད་གསུམ་འདོད་ཡོན་སྣ་ལྔ་སོགས། །ཞིང་ཁམས་བགང་སྟེ་འབུལ་གྱི༌བཞེས་ནས་ཀྱང༌། །འཁོར་པའི་རྒྱ་མཚོ་ཆེ་ལས་བསྒྲལ་དུ་གསོལ། །བསྡུ་ན།དེ་ལྟར་གསོལ་བ་བཏབ་པས་བླ་མ་ཡི། །སྐུ་ལས་འོད་ཟེར་དཀར་དམར་མཐིང་ག་གསུམ། །རིམ་དང་ཅིག་ཆར་བྱུང་ནས་རང་ཉིད་ཀྱི། །སྒོ་གསུམ་རིམ་དང་ཅིག་ཆར་ཐིམ་པ་ལས། །སྒྲིབ་བཞི་དག་ཅིང་དབང་དང་སྐུ་བཞི་ཐོབ། །སླར་ཡང་སྐུ་ལས་ལྷ་ཚོགས་དང་བཅས་པ། །དགྱེས་ཤིང་རང་ལ་ཐིམ་པས་བདག་ཉིད་ཀྱང༌། །ཡི་དམ་ལྷག་བའི་ལྷ་ཡི་ངོ་བོར་གྱུར། །ཅེས་བླ་མ་ཡི་དམ་ཡབ་ཡུམ་ལས་རང་འདྲ་གཉིས་པ་རེ་རང་ལ་ཐིམ་པས་རང་བླ་མ་ལྷའི་གོ་འཕང་མངོན་དུ་བྱས་བར་མོས་ལ། ཡོན་ཏན་གཞིར་གྱུར་མ་ལྟ་བུའི་སྒོ་ནས་ལམ་ཡོངས་རྫོགས་རྒྱུད་ལ་སྐྱེ་བའི་གསོལ་འདེབས་རྒྱས་པའམ། བསྡུ་ན། བླ་མ་ཧེ་རུ་ཀ་དཔལ་ལ། །གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །འདི་ཕྱི་བར་རྡོའི་འཇིགས་ལས་སྐྱོབས། །དངོས་གྲུབ་རྣམ་གཉིས་སྩལ་དུ་གསོལ། །ཞེས་གསོལ་འདེབས་གང་མང་བརྗོད།མཚམས་འདིར་བླ་མ་རང་ལ་བསྟིམ་ནས་རང་ལྷར་གསལ་བའི་སྙིང་གའི་སྔགས་འཁོར་ལས་འོད་ཟེར་སྤྲོ་བསྡུ་དང་བདུད་རྩི་འབེབས་སྦྱངས་སོགས་ཀྱི་དམིགས་པས་སྔགས་བཟླ་བའང་རུང་མོད་ཀྱང༌། གཙོ་ཆེར་སྤྱི་བོའི་བླ་མ་ཡབ་ཡུམ་གྱི་ཐུགས་ཀར་སྔགས་འཕྲེང་བཀོད་ནས་གོང་གི་གསོལ་འདེབས་དང་རིན་ཆེན་རྣམ་བཞིའི་བཟླས་པ་གཉིས་ཀའི་ཚེ་ངོ་བོ་ཡེ་ཤེས་ལ་རྣམ་པ་བདུད་རྩིའི་རྒྱུན་བབས་པས་ལུས་གང༌། ཐོག་མེད་ནས་བསགས་པའི་མི་དགེ་པའི་ལས་དང༌། དེས་བསྐྱེད་པའི་ནད་གདོན་བར་ཆད་ལམ་རྒྱུད་ལ་སྐྱེ་བའི་གེགས་བྱེད་ཐམས་ཅད་སྦྱངས། ཚེ་བསོད་རིམ་གཉིས་ཀྱི་ལམ་གྱི་རྟོགས་པ་རྒྱུད་ལ་སྐྱེས་པར་མོས་པ་གལ་ཆེ། གཞན་ཡང༌། འདིའི་སྒོ་ནས་ལྷོ་སྒོའི་ཆོ་ག་དང༌། བཀྲུ་བྱ་བས་བསྲུང་བ་སོགས་དང༌།ལྷག་པར་རང་གཞན་གྱི་དོན་གཉིས་བསྒྲུབ་པར་བྱེད་པའི་ཐབས་ལ་ནད་གདོན་སོགས་མི་འདོད་པའི་ཕྱོགས་སེལ་བ་དང༌།ཚེ་བསོད་སོགས་མཐུན་ཕྱོགས་བསྒྲུབ་པའི་སྒོ་ནས་ཞི་རྒྱས་གཉིས་དང༌། །དེའི་ཡན་ལག་ཏུ་བསྒྲུབ་བྱ་འགའ་ཞིག་དབང་དུ་བྱེད་བ་དང༌།དབང་གི་ལས་ཀྱི་ཡུལ་དུ་མ་གྱུར་པ་ཚར་བཅད་པའི་ཆེད་དབང་དྲག་གི་ལས་ཏེ་ལས་བཞི་བསྒྲུབ་ཚུལ་ལས་མཐུན་གྱི་སྐུའི་ཁ་ཏོག་གམ་འོད་ཟེར་གྱི་ཁ་ཏོག་བསྒྱུར་པ་དང༌།བདུད་རྩིའི་ཁ་ཏོག་དང་སྔགས་མཐར་སྤེལ་ཚིག་བཏགས་ནས་རང་གཞན་གྱི་ནད་རིམས་གདོན་བགེགས་སྡིག་སྒྲིབ་བྱད་ཕུར་རྒྱལ་པོའི་ཆད་པ་དང་དུས་མིན་གྱི་འཆི་བ་སོགས་ཞི་བ་དང༌། རང་ཉིད་གནས་པའི་སར་བཀྲ་ཤིས་པར་བྱ་བའི་ཆེད་དུ་རང་དང་སྤྱི་བོའི་བླ་མ་ལྷ་གཉིས་ཀའི་ཐུགས་ཀར་སྔགས་འཕྲེང་བཀོད་ནས།སྐུ་ལས་འོད་ཟེར་དང་བདུད་རྩིའི་ཚོགས་རྒྱལ་སྲིད་སྣ་བདུན་རྫས་རྟགས་ལ་སོགས་པའི་རྣམ་པར་སྤྲོས།སྣོད་བཅུད་ཐམས་ཅད་ལ་ཕོག་བས།དེ་དག་གི་ལུས་སྒྲིབ་དང་སྡུག་བསྔལ་མ་ལུས་པ་དག་ནས་ལུས་སེམས་དགའ་བདེས་ཁྱབ་ནས་དད་བ་སོགས་འཕེལ་བར་བསམ་པ་དང༌། སྐྱེ་འགྲོ་རྣམས་ལ་འོད་དང་བདུད་རྩི་ཕོག་བས་ཕན་ཚུན་མི་མཐུན་པ་དང༌། ལུས་སྒྲིབ་སྡུག་བསྔལ་ནད་གདོན་དབུལ་ཕོངས་སོགས་མི་འདོད་པ་ཞི་སྟེ་བསྟན་བ་དང་དཀོན་མཆོག་ལ་དད་དེ་ཚེ་བསོད་དཔལ་འབྱོར་རྒྱས་བར་བསམ་ནས་སྔགས་མཐར་མདྒལ་འམ་སྭ་སྟི་བུ་ལྟི་ཀུ་རུ་སྭཱ་ཧཱ། ཞེས་པ་ལྟ་བུའོ་སྤེལ་ཚིག་དང་བཅས་བཟླ། དེས་མཚོན་ནས་རང་གཞན་གྱི་ཚེ་བསོད་ཤེས་རབ་འཕེལ་བ་དང༌། དབང་དྲག་གི་ལས་ལ་བྱམས་ཏིང་ངེ་འཛིན་ཙམ་གྱི་སྒོ་ནས་བདེ་བླག་ཏུ་བསྒྲུབ་པའི་མན་ངག་གི་གནད་ ྋ ལྕང་སྐྱ་རོལ་བའི་རྡོ་རྗེས་མཛད་པའི་བླ་མའི་རྣལ་འབྱོར་དང༌། ལྷག་ཏུ་རྡོ་རྗེ་འཛིན་པའི་གསུང་གི་བདུད་རྩི་མྱང་པ་ཁོ་ནས་ཤེས་པར་བྱའོ། །དེ་ནས་དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ།བདག་གི་སྙིང་ཀར་སོགས་བརྗོད་བས་བླ་མ་ཡི་དམ་དགྱེས་བཞིན་དུ་སྤྱི་བོ་ནས་ཞུགས་དབུ་མའི་ནང་བརྒྱུད་ནས་ཤིན་དུ་ཕྲ་བའི་རླུང་སེམས་དང་ངོ་བོ་དབྱེར་མེད་དུ་གྱུར་ཏེ་ཧེ་རུ་ཀའི་སྐུར་བཞེངས་པར་མོས་ཏེ་བླ་མ་ལྷའི་ང་རྒྱལ་གསལ་སྣང་བརྟན་པོས༌འཁྱེར་སོ་གསུམ་གྱི་རྣལ་འབྱོར་ལ་སློབ་བ་དང༌།དད་ཟས་ལ་ལོངས་སྦྱོད་པའི་ཚེ་ནང་མཆོད་དམ་ཡི་གེ་གསུམ་ཀྱིས་བྱིན་གྱིས་བརླབས་ནས་སྙིང་ཀའི་བླ་མ་ལྷ་ལ་ཕུལ་པར་མོས་ནས་ནང་གི་སྦྱིན་སྲེག་གི་ཚུལ་དུ་ལོངས་སྦྱོད་པ་དང༌། དེ་བཞིན་དུ་གཞན་གྱིས་ནོར་ལོངས་སྤྱོད་སྟེར་མཁན་བྱུང་ཚེ་དེ་ཐམས་ཅད་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་བླ་མ་ལ་ཕུལ་བར་མོས་ནས་ལོངས་སྤྱད་ན་དཀོར་སྒྲིབ་ཀྱིས་མི་ཚུགས་ཤིང༌། རང་གཞན་ཀྱི་ཚོགས་བདེ་བླག་ཉིད་དུ་རྫོགས་པར་འགྱུར་བར་ངེས་པས་རྣམ་དཔྱོད་དང་ལྡན༌པ་རྣམས་ཀྱིས་ཚུལ་འདི་ཉམས་ལེན་གྱི་མཐིལ་དུ་བྱས་ནས་དལ་འབྱོར་ལ་སྙིང་པོ་བླང་བར་བྱའོ།།སྨྲས་པ།རྒྱ་བོད་མཁས་གྲུབ་དུ་མའི་ཞལ་ལུང་ལས། །འོང་པའི་གདནས་ངག་ཡིད་བཞིན་ནོར་བུའི་འཕྲེང༌།ལེགས་བཤད་ཚིག་གི་སྲུང་བུ་ལ་བརྒྱུས་ནས།།བློ་གསལ་གཞོན་ནུའི་མགུལ་བ་མཛེས་ཕྱིར་སྤེལ། །སྐུ་གསུམ་ཚེ་འདིར་སྒྲུབ་པའི་ཐབས་མཁས་ལམ། །སྙན་རྒྱུད་ཟབ་མོ་དམ་པའི་དྲིན་ལས་རྙེད། །འོན་ཀྱང་བྱིས་བློས་ལོག་བཤད་ཉིས་ཚོགས་ཀུན། །བླ་མ་ལྷ་ཡི་སྤྱན་སྔར་སྙིང་ནས་འཆགས། །འདིར་འབད་རྣམ་དཀར་ལེགས་བྱས་ཀུན་ད་ལྟར། །མཆོག་ཏུ་དཀར་བ་གང་ཞིག་བསག་པའི་མཐུས། །རིང་མིན་འགྲོ་ཀུན་སྒྲིབ་གཉིས་དྲུངས་ཕྱུང་ནས། །བླ་མེད་སྐུ་བཞིའི་ས་ལ་རེག་གྱུར་ཅིག།།ཅེས་དཔལ་འཁོར་ལོ་སྡོམ་པའི་བླ་མའི་རྣལ་འབྱོར་མཆོག་ཐུན་དངོས་གྲུབ་མྱུར་སྩོལ་ཅེས་བྱ་བ་འདི་ཡང་བསྔགས་འོས་ཡོན་ཏན་གྱིས་མཐོ་བ་གྲགས་བ་ཀླུ་སྒྲུབ་གྱིས་ནན་ཆེར་བསྐུལ་བ་ལྟར། ྋདབྱངས་ཅན་བཞད་པས་བྲིས་བ་ཛ་ཡནྟུ།།  པར་འདི་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།།   །།

དཔྱད་མཆན་སྤེལ།