༄༅། །འཇིགས་བྱེད་བླ་མའི་རྣལ་འབྱོར།

ན་མོ་གུ་རུ་བཛྲ་བྷེ་ར་ཝཱ་ཡ། འདིར་དཔའ་རྡོ་རྗེ་འཇིགས་བྱེད་ལ་བརྟེན་པའི་བླ་མའི་རྣལ་འབྱོར་སྒོམ་པར་འདོད་བས། །བསྟན་པ་དང་ཐེག་ཆེན་གྱི་འཇུག་སྒོ་སྐྱབས་སེམས་ཚིག་ཙམ་དུ་མ་སོང་བར་རྒྱུད་དང་འདྲེས་པར་བྱ། དེ་ནས་མདུན་དུ་སེང་ཁྲིར་པད་ཟླ་ཉི་དཀྱིལ་སྟེང༌། །ཞི་ཁྲོ་སྐྱབས་གནས་ཀུན་འདུས་བླ་མ་དང༌། །ངོ་བོ་འཇིགས་བྱེད་དབྱེར་མེད་འཇམ་དཔལ་གཤིན་རྗེའི་གཤེད། །མིག་སྨན་ལྟར་བརྗིད་ཞལ་ཕྱག་ཡོངས་རྫོགས་པའི། །གནས་གསུམ་ཡི་གེ་གསུམ་མཚན་ཧཱུཾ་འོད་ཀྱིས། །ཡེ་ཤེས་སྤྱན་དྲངས་གཉིས་མེད་ཐིམ་བར་གྱུར། །དེ་ནས་ཡན་ལག་བདུན་པ་མཎྜལ་དང་བཅས་པ་ཕུལ། དུས་གསུམ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་གི་རྒྱུད་བྱིན་གྱིས་རླབ་ཏུ་གསོལ། ཞེས་གསོལ་འདེབས་གང་མང་བརྗོད། སྤྲོ་ན་ཕུར་ཚུགས་གསོལ་འདེབས་དང༌། ཏིང་ངེ་འཛིན་གྱི་དབང་བཞི་བླངས། མདུན་གྱི་བླ་མ་ལྷ་ལས་རང་འདྲ་གཉིས་པ་ཞིག་རང་ལ་ཐིམ་པས། རང་ལྷར་གསལ་བའི་ངང་ནས། མཚན་སྔགས། སྙིང་པོ། ཡི་གེ་གསུམ་པ་སོགས་ཅི་འགྲུབ་བཟླ། མཇུག་ཏུ། དཔལ་ལྡན་རྩ་བའི་བླ་མ་སོགས་ཀྱིས་བླ་མ་ལྷ་དགྱེས་བཞིན་དུ་རང་སེམས་དང་ངོ་བོ་དབྱེར་མེད་དུ་གྱུར་བར་བསམས་ལ་བསྔོ་སྨོན་བྱ། གཤིན་རྗེའི་གཤེད་ཀྱི་བླ་མའི་རྣལ་འབྱོར་འདི་ཡང༌། དགེ་སློང་བློ་བཟང་འཇམ་དཔལ་གྱི་འདོད་མོས་ལྟར།། ྋ །།དབྱངས་ཅན་བཞད་པས་བྲིས་པའོ།།    །།

དཔྱད་མཆན་སྤེལ།