༄༅།།དཔལ་དུས་གྱི་འཁོར་ལོ་སྡོམས་པ་ཆེན་པོའི་ཚོགས་མཆོད་ཀྱི་ཆོ་ག་བདེ་ཆེན་མྱུ་གུ་བསྐྱེད་པའི་ཆར་རྒྱུན་ཞེས་བྱ་བ་བཞུགས་སོ།།

༄༅།།  ཨོཾ་སྭ་སྟི།། བླ་མ་མཆོག་དང་དབྱེར་མེད་པའི།། དུས་ཀྱི་འཁོར་ལོར་ཕྱག་བྱས་ནས།། ཚོགས་མཆོད་ཇི་ལྟར་བྱ་བའི་ཚུལ།། དམ་པའི་གསུང་བཞིན་བྲི་བར་བྱ།། འདིར་དུས་ཀྱི་འཁོར་ལོ་སྡོམས་པ་ཆེན་པོའི་ཚོགས་ཀྱི་མཆོད་པ་ཇི་ལྟར་བྱ་བའི་ཚུལ་ནི། ཐོག་མར་སྣོད་བཅུད་བྱིན་གྱིས་བརླབ་པ་ནི། ཨེ་མ་ཧོཿ མཆོག་ཏུ་མི་འགྱུར་ཀུན་བཟང་བདེ་བ་ཆེ།། སྟོང་ཉིད་མཛེས་མར་རོལ་པའི་ཡེ་ཤེས་འཕྲུལ།། སྲིད་པའི་བག་ཆགས་རྡུལ་དང་བྲལ་བ་ཡི།། ཞིང་ཁམས་ཆོས་དབྱིངས་འགེངས་པའི་འོད་ཟེར་འཕྲོ།།རྡོ་རྗེ་ནོར་བུ་དྲི་མ་མེད་པ་ཡི། །ཁང་བཟང་རྒྱན་གྱི་ཁྱད་པར་ཀུན་རྫོགས་ཤིང༌།། ཡེ་ཤེས་ས་ཆུ་མེ་རླུང་རྣམ་མཁའ་ཡི།། འཁོར་ལོ་ལ་སོགས་རྡོ་རྗེའི་ཁྲི་གདན་བཅས།། གང་ཤར་བཅུད་ཀྱི་སྣང་བ་མ་ལུས་པ།། ཁྱབ་བདག་དང་པོའི་སངས་རྒྱས་ཡབ་ཡུམ་དང༌།། བཞི་བཅུ་རྩ་བརྒྱད་རྣལ་འབྱོར་མ་ལ་སོགས།།བདེ་ཆེན་ལྷ་ཡི་བཀོད་པ་ཆེན་པོར་གྱུར། །ཅེས་བརྗོད་ལ།སྣོད་ཐམས་ཅད་དཔལ་དུས་ཀྱི་འཁོར་ལོའི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་གཟུང་རྣམ་དག་བའི་རང་བཞིན་གྱི་གཞལ་མེད་ཁང་ནམ་མཁའི་ཁམས་ཀྱི་མཐའ་ཀླས་པར་ཁྱབ་པའི་དབུས་སུ།བཅུད་ཐམས་ཅད་དཔལ་དུས་ཀྱི་འཁོར་ལོ་ཡབ་ཡུམ་དང༌།རྣལ་འབྱོར་མ་བཞི་བཅུ་རྩ་བརྒྱད་སོགས་ལྷ་དང་ལྷ་མོའི་རང་བཞིན་གྱི་ཚོགས་ཀྱི་འདུས་པ་རབ་འབྱམས་ཀྱིས་གང་བར་གྱུར་བར་བསམ། དེ་ནས་ལས་ཀྱི་རྡོ་རྗེས་ལག་པ་གཡོན་པས། བྱིན་གྱིས་བརླབས་པའི་ནང་མཆོད་ཀྱིས་ཚོགས་ཀྱི་ཡོ་བྱད་ཐམས་ཅད་ལ་གཏོར་ཞིང་སྦགས་ལ་ཚོགས་ཀྱི་ཡོ་བྱད་བྱིན་གྱིས་རློབ་བར་ཞུ་ཞེས་གསོལ་བ་བཏབ་པའི་རྗེས་སུ་ཚོགས་རྫས་རྣམས་སྒྲུབ་ཐབས་ནས་འབྱུང་བའི་གཏོར་མ་བྱིན་རླབས་ལྟར་བྱིན་གྱིས་བརླབས་ཤིང༌། མཆོད་པ་ཡང་བྱིན་གྱིས་བརླབས་ནས་ཚོགས་ཀྱི་ཕུད་ཅུང་ཟད་རེ་བླངས་ཏེ་སྣོད་ཆེན་པོར་བླུགས་པ་ལ་གདུགས་དང་རྒྱལ་མཚན་བ་དན་སོགས་ཀྱིས་བརྒྱན་པ་དཀྱིལ་འཁོར་གྱིས་མདུན་ལ་སོགས་བར་མཆོད་པའི་གྲལ་དུ་བཤམས་ཏེ་ཚོགས་མགྲོན་སྤྱན་འདྲེན་པ་ནི། ལྷུན་གྲུབ་ཆོས་སྐུ་སྤྲོས་པའི་མཚན་མ་ལས།། འདས་པའི་བདེ་ཆེན་མཆོག་གི་ཕོ་བྲང་ནས།། བསམ་པའི་རེ་བ་སྐོང་མཛད་རིགས་བརྒྱའི་གཙོ།། དངོས་བརྒྱུད་བླ་མའི་ཚོགས་རྣམས་གཤེགས་སུ་གསོལ།། སྐྱེ་དང་འཇིག་སྤངས་གཞོམ་དུ་མེད་པའི་སྐུ།། ཤེས་དང་ཤེས་བྱ་གཅིག་གྱུར་རྡོ་རྗེའི་སེམས།། ཀུན་མཁྱེན་སྲིད་པ་གསུམ་གྱི་ལྷར་གྱུར་བའི།། དང་པོའི་སངས་རྒྱས་ཡབ་ཡུམ་གནས་འདིར་གཤེགས།། དབྱིབས་སྐུ་ཀུན་ཏུ་བགྲོད་པའི་རྫུ་འཕྲུལ་གྱིས།། ལུས་ཅན་མཐའ་དག་སྨིན་མཛད་དུ་མའི་ལྷ།། མི་འགྱུར་བདེ་བས་རབ་མྱོས་རྣལ་འབྱོར་མ།། ཐབས་དང་བཅས་པའི་ཚོགས་ཀུན་གཤེགས་སུ་གསོལ།། རྡུལ་ཕྲན་ཁྱོན་ལ་མཁའ་དང་མཉམ་པ་ཡི།། ཞིང་བརྒྱའི་བཀོད་བ་འཆར་པའི་གནས་རྣམས་ནས།། ཡི་དམ་རྒྱལ་བ་རྒྱལ་སྲས་དཔའ་པོ་དང༌།། མཁའ་འགྲོ་སྲུང་མའི་ཚོགས་རྣམས་གཤེགས་སུ་གསོལ།། དཀར་ནག་ལས་ཀྱི་མེ་ལོང་ངོས་གཉིས་པར།། གཉིས་སྣང་གཟུགས་བརྙན་འཕོས་པའི་འཇིག་རྟེན་འདིའི།། རིགས་དྲུག་ཕ་མར་གྱུར་བའི་འགྲོ་བ་ཀུན།། དག་པའི་འཁོར་ལོར་སད་དེ་གནས་འདིར་གཤེགས།།
ཨོཾ་ཨཱཿ གུ་རུ་བཛྲ་དྷཱར་ཤྲཱི་ཀཱ་ལ་ཙཀྲ་བཛྲ་བྷཻར་ལྭབྷཱི་སྐཱར་སྱ་མཎྜལ་དེ་བ་སརྦ་བུདྡྷ་བོ་དྷི་ས་ཏྭ་ས་བ་རི་ལྭཱ་ར་ཨེ་ཧྱེ་ཧི་བཛྲ་ས་མ་ཡ་ཛཿ ཛཿ ཞེས་བས་མགྲོན་སྤྱན་དྲངས་ལ་པདྨ་ཀ་མ་ལ་ཡེ་སྟྭཾ།། ཞེས་པས་གདན་ཕུལ། དེ་ནས་ཚོགས་འབུལ་བ་ནི་ཧོཿ ཞིང་རབ་རྒྱ་མཚོའི་ཁྱོན་དང་མཚུངས་པ་ཡི།། བདེ་སྐྱོང་སྣོད་དུ་ལེགས་གཏམས་བདུད་རྩིའི་བཅུད།། འདོད་ཡོན་རྣམ་པ་ཀུན་ཏུ་ཡོངས་ཤར་བས།། ཟག་མེད་བདེ་བ་སྤེལ་བྱེད་ཚོགས་མཆོད་འདི།། སངས་རྒྱས་རིན་ཆེན་ཟ་མ་ཏོག་གི་སྣོད།། ཕྱི་ནས་སྲིད་གསུམ་སྒྲོལ་མཛད་དྲིན་ཅན་རྗེ།། སྤྲུལ་བའི་ཆོས་རྒྱལ་བདུན་དང་རིགས་ལྡན་སོགས།། དངོས་བརྒྱུད་རྡོ་རྗེ་འཛིན་པའི་ཚོགས་ལ་འབུལ།། བརྩེ་བས་བཞེས་ཏེ་རྣལ་འབྱོར་བདག་ཅག་གི། ཉམས་ཆགས་སྡིག་ལྟུང་མ་ལུས་བྱང་བ་དང༌།། འཇིག་རྟེན་འཇིག་རྟེན་འདས་པའི་དངོས་གྲུབ་ཀུན།། འབད་མེད་ད་ལྟ་ཉིད་དུ་སྩལ་ཏུ་གསོལ།། ཨོཾ་ཨཱཿ གུ་རུ་བཛྲ་དྷཱ་ར་ས་བ་རི་ལྭཱ་ག་ཎ་ཙཀྲ་ཁཱ་ཧི། བཉྩ་ཨ་མྲྀ་ཏ་ཁཱ་ཧི། ཧོཿ ཞིང་རབ་རྒྱ་མཚོའི་ཁྱོན་དང་མཚུངས་པ་ཡི།། བདེ་སྐྱོང་སྣོད་དུ་ལེགས་གཏམས་བདུད་རྩིའི་བཅུད།། འདོད་ཡོན་རྣམ་པ་ཀུན་ཏུ་ཡོངས་ཤར་བས།། ཟག་མེད་བདེ་བ་སྤེལ་བྱེད་ཚོགས་མཆོད་འདི།། དུས་གསུམ་ཀུན་འགྲོ་ཡེ་ཤེས་རྡོ་རྗེའི་སྐུ།། བདུད་དང་ཉོན་མོངས་མུན་སེལ་སྣང་བའི་མཛོད།། ཁྱབ་བདག་དཔལ་ལྡན་དུས་ཀྱི་འཁོར་ལོ་དང༌།། རྒྱལ་བ་དགྱེས་མཛད་གཟུང་མར་བཅས་ལ་འབུལ།། བརྩེ་བས་བཞེས་ཏེ་རྣལ་འབྱོར་བདག་ཅག་གི།། ཉམས་ཆགས་སྡིག་ལྟུང་མ་ལུས་བྱང་བ་དང༌།། འཇིག་རྟེན་འཇིག་རྟེན་འདས་པའི་དངོས་གྲུབ་ཀུན།། འབད་མེད་ད་ལྟ་ཉིད་དུ་སྩལ་ཏུ་གསོལ།། ཨོཾ་ཨཱཿ ཤྲཱི་ཀཱ་ལ་ཙཀྲ་བཛྲ་བྷཻར་ལྭབྷཱི་སྐཱར་བཛྲཌཱ་ཀི་ནི་ས་བ་རི་ལྭཱ་ར་ག་ཎ་ཙཀྲ་ཁཱ་ཧི།། བཉྩ་ཨ་མྲྀ་ཏ་ཁཱ་ཧི། ཧོཿ ཞིང་རབ་རྒྱ་མཚོའི་ཁྱོན་དང་མཚུངས་པ་ཡི།། བདེ་སྐྱོང་སྣོད་དུ་ལེགས་གཏམས་བདུད་རྩིའི་བཅུད།། འདོད་ཡོན་རྣམ་པ་ཀུན་ཏུ་ཡོངས་ཤར་བས།། ཟག་མེད་བདེ་བ་སྤེལ་བྱེད་ཚོགས་མཆོད་འདི།། རྡོ་རྗེའི་རྣལ་འབྱོར་མཆོག་གི་སྒྱུ་རྩལ་གྱིས།། སྲིད་དང་སྲིད་འདས་དངོས་གྲུབ་འདོད་རྒུའི་ཆར།། འབེབས་མཛད་ཐབས་དང་ཤེས་རབ་གཅིག་སྦྱོར་བའི།། ལྷ་དང་རྣལ་འབྱོར་མ་ཡི་ཚོགས་ལ་འབུལ།། བརྩེ་བས་བཞེས་ཏེ་རྣལ་འབྱོར་བདག་ཅག་གི། ཉམས་ཆགས་སྡིག་ལྟུང་མ་ལུས་བྱང་བ་དང༌།། འཇིག་རྟེན་འཇིག་རྟེན་འདས་པའི་དངོས་གྲུབ་ཀུན།། འབད་མེད་ད་ལྟ་ཉིད་དུ་སྩལ་ཏུ་གསོལ།། ཨོཾ་ཨཱཿ སརྦ་མཎྜལ་དེ་ལྭཱ་ཡོ་གི་ནི་ས་བ་རི་ལྭཱ་ར་ག་ཎ་ཙཀྲ་ཁཱ་ཧི།། བཉྩ་ཨ་མྲྀ་ཏ་ཁཱ་ཧི། ཧོཿ ཞིང་རབ་རྒྱ་མཚོའི་ཁྱོན་དང་མཚུངས་པ་ཡི།། བདེ་སྐྱོང་སྣོད་དུ་ལེགས་གཏམས་བདུད་རྩིའི་བཅུད།། འདོད་ཡོན་རྣམ་པ་ཀུན་ཏུ་ཡོངས་ཤར་བས།། ཟག་མེད་བདེ་བ་སྤེལ་བྱེད་ཚོགས་མཆོད་འདི།། བྱང་ཆུབ་རྡོ་རྗེ་རྣོན་པོའི་མཚོན་ཆ་ཡིས།། སྒྲིབ་གཉིས་གཡུལ་གྱི་དྲེགས་པ་མཐར་བྱེད་པའི།། ཡི་དམ་ཕྱོགས་བཅུའི་བདེ་གཤེགས་སྲས་བཅས་དང༌།། མཐུ་ལྡན་མཁའ་འགྲོ་སྲུང་མའི་ཚོགས་ལ་འབུལ།། བརྩེ་བས་བཞེས་ཏེ་རྣལ་འབྱོར་བདག་ཅག་གི། ཉམས་ཆགས་སྡིག་ལྟུང་མ་ལུས་བྱང་བ་དང༌།། འཇིག་རྟེན་འཇིག་རྟེན་འདས་པའི་དངོས་གྲུབ་ཀུན།། འབད་མེད་ད་ལྟ་ཉིད་དུ་སྩལ་ཏུ་གསོལ།། ཨོཾ་ཨཱཿ སརྦ་བུདྡྷ་བོ་དྷི་ས་ཏྭ་ཌཱ་ཀི་ནི་དྷ་རྨ་བཱ་ལ་ས་བ་རི་ལྭཱ་ར་ག་ཎ་ཙཀྲ་ཁཱ་ཧི།། བཉྩ་ཨ་མྲྀ་ཏ་ཁཱ་ཧི། ཧོཿ ཞིང་རབ་རྒྱ་མཚོའི་ཁྱོན་དང་མཚུངས་པ་ཡི།། བདེ་སྐྱོང་སྣོད་དུ་ལེགས་གཏམས་བདུད་རྩིའི་བཅུད།། འདོད་ཡོན་རྣམ་པ་ཀུན་ཏུ་ཡོངས་ཤར་བས།། ཟག་མེད་བདེ་བ་སྤེལ་བྱེད་ཚོགས་མཆོད་འདི།། ལས་སྣང་སྲིད་པའི་གྲོང་དུ་རབ་རྒྱུ་བའི།། གཏི་མུག་སྒྱུ་མ་བསླུས་པའི་རིགས་དྲུག་འགྲོ།། རིང་ནས་ཕན་བའི་སེམས་ཀྱིས་བསྐྱངས་བའི་གཉེན།། སྙིང་རྗེའི་ཡུལ་དུ་གྱུར་བ་རྣམས་ལ་འབུལ།། རང་རང་འདོད་པའི་འབྲས་བུ་ཡོངས་རྫོགས་ནས།། ཟག་མེད་བདེ་བ་མཆོག་གིས་རྒྱུད་གང་ཞིང༌།། ཐ་མལ་རྣམ་རྟོག་ཡུལ་ལས་འདས་པ་ཡི།། སྐུ་བཞིའི་ས་ལ་མྱུར་དུ་དབང་འབྱོར་ཤོག།། ཨོཾ་ཨཱཿ ཥ་ཌ་ཀཱུ་ལ་ཨ་རཱཿ ག་ཎ་ཙ་ཀྲ་ཁཱའ་ཧི།བཉྩ་ཨ་མྲྀ་ཏ་ཁཱ་ཧི།དེ་ནས་རྗེ་བཙུན་ཙོང་ཁ་བ་ཆེན་པོའི་ཕྱག་བཞེས་ཀྱི་རྣལ་འབྱོར་མ་མཆོད་པའི་ཚོགས་མཆོད་ལས་འབྱུང་བ་བཞིན།ཨ་ཧོ་སུ་ཁ་བྷ་ཀྵ་ནཾ། ཨ་ཧོ་སུ་ཁ་བྲ་ཡ་ནི། མད་མུ་དྲ་སིདྡྷི་ན། བྲ་བ་ཐ་ཏ་ནི་ར་ཏེ་ན། ཧཱུཾ་ཧ་ཧ་ཧོ།། ཞེས་བརྗོད་ནས། གཟུགས་སྒྲ་ལ་སོགས་དྲུག་པོ་རྣམས།། དངོས་མེད་ནམ་མཁའ་འདྲ་བ་ལས།། ལོངས་སྤྱོད་ཡུལ་དུ་དུ་མའི་སྣོད།། ཤེལ་ལ་མཚོན་ནི་ཇི་བཞིན་དུ།། འདོད་པ་ལྔ་དང་ཆོས་རྣམས་ལ།། རྟག་ཏུ་རྣལ་འབྱོར་སྤྱོད་པར་ཤོག།།ཨ་ལ་ལ། ལ་ལ་ཧོ། རོལ་དུ་གསོལ། མན་བ་པར་མཛོད། མི་འཛིན་སྒྱུ་མ་ལྟ་བུ་ལ།། གང་གི་དགྱེས་པས་རོལ་བར་མཛོད།། རིག་པ་འགག་པ་མེད་པ་ལ།། མི་གཡོ་བཞིན་དུ་རོལ་པར་མཛོད།། ཧོཿ ཆགས་པ་མེད་པས་ཆགས་པར་མཛོད།། ཅེས་གདོང་དྲུག་གི་རྒྱུད་ཚིག་འདིས་ཀྱང་ཚོགས་ཕུད་དབུལ། ཡང་ན་ལྷ་རང་རང་གི་སྔགས་ལ་འབྲུ་གསུམ་བཏགས་པས་ཕུལ་ཡང་རུང་ཞིང༌། ཚོགས་ཕུད་ཀྱིས་གཏོར་མ་ལ་ཡང༌།དེ་ཡང་འདི་བྱེད་པ་འཇུག་པ་མ་བདེ་ན་གོང་དུ་ཚོགས་ཕུད་ལོགས་སུ་འབུལ་བ་དང་མཉམ་དུ་གཏོར་མ་ལ་ཚོགས་ཕུད་ཀྱི་ཆ་ཤས་རེ་བྲན་ཡང་རུང་ངོ༌།། དེ་ནས་ཚོགས་འབུལ་བ་ནི། ལས་ཀྱི་རྡོ་རྗེ་དུར་ཁྲོད་ཀྱི་རྒྱན་དང་ལྡན་པས་ཕྱག་སྔོན་དུ་འགྲོ་བས་གྲལ་ལ་འཁོད་པ་ཐམས་ཅད་ལ། ཨོཾ་བཛྲ་བུཥྦེ་ཨཿ ཧཱུཾ། ཞེས་སོགས་ཀྱིས་ཉེར་སྦྱོད་དང༌། ཨོཾ་བཛྲ་རཱུ་བ་ཨཱཿ ཧཱུཾ། སོགས་ཀྱིས་འདོད་ཡོན་ལྔས་མཆོད་དེ། ཐོད་པ་དུམ་བུ་གཅིག་པ་ཆང་གིས་བཀང་སྟེ་ལག་པ་གཉིས་པད་ཀོར་སྔོན་དུ་འགྲོ་བས་གཡོན་པའི་སོར་མོ་ལྔ་བཀྲམ་པའི་སྟེང་དུ་ཐོད་པའི་དཔྲལ་བ་ཕྱིར་བསྟན་ཏེ་བཞག གཡས་པའི་མཐེ་བོས་མཐེའུ་ཆུང་མནན། ལྷག་མ་གསུམ་བརྐྱང་བ་བ་དན་རྩེ་གསུམ་པའི་ཕྱག་རྒྱས་ཤ་ཅུང་ཟད་ཅིག་བཟུང་སྟེ་ཐོད་པའི་སྟེང་ནས་བཀབ་ལ། འདིར་ནི་ཆེས་རྣམས་བཟང་བོར་ལྟོས།། མེད་པའི་སྒོམ་པ་དོར་བར་གྱིས།། བྲམ་ཟེ་ཁྱི་དང་གདོལ་བ་རྣམས།། རང་བཞིན་གཅིག་པ་ཉིད་དུ་ཟོ།། ཨོཾ་ཨཱཿ ཧཱུཾ། ཨ་ལ་ལ། ལ་ལ་ཧོ། ཞེས་བརྗོད་ནས། གཙོ་བོ་རྡོ་རྗེ་སློབ་དཔོན་ལ་སོགས་པ་རྣལ་འབྱོར་ཚོགས་བ་རྣམས་ལ་འབུལ་ཏེ་རྣམས་ཀྱིས་ཀྱང༌། པད་ཀོར་སྔོན་དུ་འགྲོ་བས་སྔར་གྱི་ཕྱག་རྒྱ་བསྟན་ལ། བདེར་གཤེགས་ཆོས་ལ་རིན་ཐང་མེད།། འདོད་ཆགས་དྲི་མ་དང་བྲལ་ཞིང༌།། གཟུང་དང་འཛིན་པ་རྣམ་སྤངས་པ།། དེ་ཉིད་ལ་ནི་གུས་པས་འདུད།། ཨོཾ་ཨཱཿ ཧཱུཾ།  ཨ་ལ་ལ། ལ་ལ་ཧོ། ཞེས་བརྗོད་ནས་བླང་ངོ༌། དེ་ནས་བཟའ་བཏུང་གིས་ཚིམས་པར་གསོལ་ཟིན་བའི་ལྷག་མ་རྣམས་ལས་ཀྱི་རྡོ་རྗེས་ཕྱོགས་གཅིག་ཏུ་བསྡུས་པ་ལ། སྔར་ནས་ལྷག་མ་ལ་བསྲེ་རྒྱུའི་ཕུད་ལོགས་སུ་བཅད་པ་བསྲེས་ནས་སློབ་དཔོན་གྱི་མདུན་དུ་བཞག་པ་ལ་གཙོ་བོས་མྱོས་བྱེད་ཀྱིས་ཁ་བཀང་སྟེ། འབར་བའི་ཕྱག་རྒྱ་ཁའི་ཐད་དཀར་བཞག་པའི་ནང་ནས་ཁ་ཁྲུ་བཏབ། ཨོཾ་ཨཱཿ ཧཱུཾ་ཕཊ་ཅེས་པ་དང་ཧཱུཾ་གི་སྒྲ་དྲག་པོར་བརྗོད།   ཧོཿ ཞིང་རབ་རྒྱ་མཚོའི་ཁྱོན་དང་མཚུངས་པ་ཡི།། བདེ་སྐྱོང་སྣོད་དུ་ལེགས་གཏམས་བདུད་རྩིའི་བཅུད།། འདོད་ཡོན་རྣམ་པ་ཀུན་ཏུ་ཡོངས་ཤར་བས།། ཟག་མེད་བདེ་བ་སྤེལ་བྱེད་ཚོགས་མཆོད་འདི།། ཕྱི་རོལ་གནས་ཡུལ་དུར་ཁྲོད་ལ་སོགས་སུ།། གཉུག་མར་གནས་དང་གློ་བུར་ལྷགས་པ་ཡི།། ཕྱོགས་སྐྱོང་ཞིང་སྐྱོང་དྲེགས་པ་སྡེ་བརྒྱད་སོགས།། མཐུ་ལྡན་ལྷག་མའི་མགྲོན་གྱི་ཚོགས་ལ་འབུལ།། བརྩེ་བས་བཞེས་ཏེ་རྣལ་འབྱོར་བདག་ཅག་གི། འགལ་རྐྱེན་པར་ཆད་མ་ལུས་ཞི་བ་དང༌།། མཆོག་ཐུན་དངོས་གྲུབ་ཡིད་བཞིན་ལྷུན་གྲུབ་ཅིང༌།། བསྟན་དར་འཇིག་རྟེན༌བདེ་བའི་འཕྲིན་ལས་མཛོད།། ཨོཾ་ཨཱཿ ། ཨ຋ᨗ་བྲ་ཏིའ་ཙྪ་ཧཱུཾ་སྭཱ་ཧཱ་ནས་ཤབྟ་བར་གྱིས་མཆོད། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨུཙྪི་ཥྚ་བ་ལི་བྷཾ་ཀྵ་བྷ་ཀྵ་ཀ་སྭཱ་ཧཱ། ཞེས་བརྗོད་ནས་རོལ་མོའི་སྒྲ་དང་བཅས་པས་ལྷག་གཏོར་ཕྱི་རོལ་ཏུ་གཏོར་ཞིང༌། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། ཞེས་པ་ནས་ཡིད་ལ་འདོད་པ་ཀུན་འགྲུབ་མཛོད།། ཅེས་བའི་བར་གྱིས་འཕྲིན་བཅོལ་རྒྱས་པ་བྱས་ཀྱང་རུང་ལ། གུས་ཞབས་བས་མར་མེ་དང་བཅས་བས་ཕྱི་རོལ་ཏུ་གཏོང་དུ་གཞུག་གོ། ཞེས་ཚོགས་ལྷག་ལ་སྒྲོན་མེ་འཛུག་པར་ཡང་བཤད་དོ།། དེ་ལྟར་ཚོགས་མཆོད་ཚུལ་དང་མཐུན་པར་ཕུལ་ན་དམ་ཚིག་ཉམས་ཆགས་དང་བགེགས་ལ་སོགས་པའི་ཕྱི་ནང་གི་འགལ་རྐྱེན་མཐའ་དག་ཞི་བ་དང༌། ཚོས་གཉིས་བདེ་བླག་ཏུ་རྫོགས་ཤིང༌། འཇིག་རྟེན་བ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་རེ་བ་བཞིན་འགྲུབ་པ་སོགས་ཕན་ཡོན་མཐའ་ཡས་བ་དང་ལྡན་པའོ། །སྨྲས་པ། འདིར་འབད་དགེ་བས་བདག་སོགས་འགྲོ་བ་ཀུན།། བླ་མ་དུས་ཀྱི་འཁོར་ལོས་རྗེས་བཟུང་སྟེ།། རྣམ་དག་ཟབ་མོའི་ལམ་རྣམས་མཐར་ཕྱིན་ནས།། དང་པོའི་སངས་རྒྱས་གོ་འཕང་མྱུར་ཐོབ་ཤོག།།
ཅེས་དཔལ་དུས་ཀྱི་འཁོར་ལོ་སྡོམ་པ་ཆེན་པོའི་ཚོགས་མཆོད་ཀྱི་བདེ་ཆེན་མྱུ་གུ་བསྐྱེད་པའི་ཆར་རྒྱུན་ཞེས་བྱ་བ་འདི་ནི། དུས་འཁོར་གྲྭ་ཚང་གི་བླ་མ་རྡོ་རྗེ་འཛིན་པ་བློ་བཟང་བསྟན་པས་བཀྲ་ཤིས་པའི་ལྷ་རྫས་བཅས་བསྐུལ་བ་ལྟར། ༧ དབྱངས་ཅན་བཞད་པས་དམ་པ་གོང་མ་རྣམས་ཀྱི་གསུང་ལ་སྣོན་བྲི་ཅུང་ཟད་བགྱིས་བའོ།། །།པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།། །།                  

དཔྱད་མཆན་སྤེལ།