༄༅།། ཁྲོས་ནག་ལྷ་ལྔའི་སྒྲུབ་ཐབས་མདོར་བསྡུས་པ་བཞུགས་སོ།།

ན་མོ་གུ་རུ་སརྦ་ཌཱ་ཀི་ནི་ཡེ། འགྱུར་མེད་སྤྲོས་བྲལ་བདེ་ཆེན་ཆོས་དབྱིངས་ཁམས།། གང་འདུལ་སྤྲུལ་བའི་ཟློས་གར་ཟླ་ཤེལ་གཟུགས།། འགྲོ་བློའི་རྫིང་བུ་རང་སྙེད་འཆར་བཟོད་འཕྲུལ།། སྟོན་མཛད་བླ་མ་མཁའ་འགྲོས་དགེ་ལེགས་སྩོལ།། ཌཱ་ཀའི་ཐུགས་བཅུད་ཟབ་གསང་བདུད་རྩིའི་དཔལ།། མངོན་འདོད་སྐལ་བཟང་ཡོངས་ཀྱི་དགའ་སྟོན་དུ།། ཁུངས་མེད་རང་བཟོའི་དྲི་མ་ཀུན་དོར་དེ།། སྔོན་བྱོན་དམ་པའི་གསུངས་བཞིན་བྲི་བར་བྱ།།  འདིར་སྐལ་ལྡན་ཐར་འདོད་རྣམས་ཀྱི་འཇུག་ངོགས་བླ་ན་མེད་པ་བྱང་སེམས་ཤེས་རབ་ཅན་གྱི་ཉམས་ལེན་བདག་གཞན་མཉམ་བརྗེས་སྒོ་ནས་རང་གཅེས་འཛིན་གཅོད་བྱེད་ཟབ་མོ་གཅོད་ཀྱི་གདམས་པ་ཁྱད་པར་ཅན་མ་ཅིག་ཁྲོས་མ་ལྷ་ལྔའི་རྒྱུན་ཁྱེར་མདོར་བསྡུས་འགོད་པ་ལ། དང་པོ་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང༌། ཤཱུ་ནྱ་ཏས་སྟོང་བ་སྦྱངས་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་འབྱུང་བཞི་རི་རབ་དང་བཅས་པའི་སྟེང་དུ་རྡོ་རྗེའི་རྭ་གུར་བླ་བྲེ་མེ་རི་དང་བཅས་པའི་ནང་དུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་བཾ་ལས་པདྨ་འདབ་མ་བཞི་བའི་དབུས་དང༌། ཕྱོགས་བཞིར་ཨ་ལས་ཟླ་བ། རཾ་ལས་ཉི་མ། བཾ་ལས་རོའི་གདན་རེ་རེ། དབུས་གྱི་གདན་ལ་བཾ་ལས་བླ་མ་དང་ཡུམ་ཆེན་མོ་ཐ་མི་དད་པའི་རང་ཉིད་མ་ཅིག་ཁྲོས་མ་སྐུ་མདོག་མཐིང་ནག་རྩ་ཞལ་འཛུམ་ཞིང་རབ་ཏུ་ཁྲོས་པའི་སྤྱི་བོར་ཕག་ཞལ་སྔོན་པོ་དུར་སྒྲ་སྒྲོག་པ། ཤར་གྱི་གདན་ལ་ཧ་ལས་སངས་རྒྱས་མཁའ་འགྲོ་སྐུ་མདོག་དཀར་མོ། ལྷོའི་གདན་ལ་རི་ལས་རིན་ཆེན་མཁའ་འགྲོ་སྐུ་མདོག་སེར་མོ། ནུབ་ཀྱི་གདན་ལ་ནི་ལས་པདྨ་མཁའ་འགྲོ་སྐུ་མདོག་དམར་མོ། བྱང་གི་གདན་ལ་ལས་ཀྱི་མཁའ་འགྲོ་སྐུ་མདོག་ལྗང་གུ། གཙོ་འཁོར་ལྔ་ཀའང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཕྱག་གཡས་གྲི་གུག་ནམ་མཁར་འཕྱར་ཞིང༌། གཡོན་པས་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་འཛིན་པའི་གྲུ་མོ་ན༌ཁཊཱཾག་འཛིན་པ། ཐོད་སྐམ་ལྔའི་དབུ་རྒྱན་དང༌། ཐོད་རློན་ལྔ་བཅུའི་དོ་ཤལ་ཅན། ཕྱག་རྒྱ་ལྔས་བརྒྱན་པ། མི་ལྦགས་ཀྱི་གཡང་གཞི་དང༌།། སྟག་ལྦགས་ཀྱི་ཤམ་ཐབས་ཅན། ཞབས་གཡས་བསྐུམས་ཤིང་གཡོན་བརྐྱངས་བའི་གར་སྟབས་ཀྱིས་རང་འདྲའི་འཁོར་ཚོགས་འབུམ་སྡེའི་དབུས་ན་བཞུགས་པ། དེ་རྣམས་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧུཾ་ལས་འོད་ཟེར་འཕྲོས་པས། རྒྱལ་བ་སྲས་བཅས་ཐམས་ཅད་བཛྲ་ས་མཱ་ཡ་ཛཿ ཛཿ ཧཱུཾ་བཾ་ཧོཿ དམ་ཚིག་སེམས་དཔའི་ཐུགས་ཀར་པད་ཟླའི་གདན་ལ་རང་འདྲའི་ཡེ་ཤེས་སེམས་དཔའ་སྐུ་མདོག་དམར་པོ། དེའི་ཐུགས་ཀར་པད་ཉིའི་སྟེང་དུ་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་མཐིང་ག།།སྟེང་དུ་བླ་མ་ཡབ་ཡུམ་གྱི་མཐའ་སྐོར་དུ་སྔགས་ཀྱི་ཕྲེང་བས་བསྐོར་བར་གྱུར། ཏིང་ངེ་འཛིན་སེམས་དཔའི་རང་འོད་ཀྱིས་ཡེ་ཤེས་སེམས་དཔའ་དང༌། དེས་དམ་ཚིག་སེམས་དཔའ། དེས་ཕྱི་རོལ་གྱི་སྣོད་བཅུད་ཐམས་ཅད་ཁྲོས་མའི་རྟེན་དང་བརྟེན་པར་གསལ་བར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས་ཏེ་དབང་བསྐུར་བས། བླ་མ་རྒྱལ་བ་རིགས་ལྔས་དབུ་བརྒྱན་པར་གྱུར་བར་བསམ་ལ། ལྷ་སྐུ་སྣང་སྟོང་སྒྱུ་མ་ལྟ་བུའི་རྣམ་རོལ་ཏུ་འཆར་བ་ལ་བསླབ་པོ།། དེ་ནས་ཨོཾ་སྭ་བྷཱ་ཝ་ཤུ་དྡྷོརྭ་ཧཾ། བཛྲ་སཏྭ་ཧཱུཾ། སརྦ་དྷ་རྨཱ་ས་མོ་ཧཾ། ཞེས་དག་བ་དྲན་ཞིང་ང་རྒྱལ་བཟུང༌། མདུན་བསྐྱེད་ཡན་ལག་བཞི་རྫོགས་སུ་བསྐྱེད་པ་ནི། ཁཎྜ་རོ་ཧཾས་བསངས། ཤཱུ་ནྱཏཀོཉཧཾ། མདུན་བསྐྱེད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་འབྱུང་བཞི་རི་རབ་ཅེས་པ་ནས། དབུས་སུ་བཾ་ལས་པདྨ་དམར་པོ་འདབ་མ་བཞི་པའི་དབུས་དང་ཕྱོགས་བཞིར་ཨ་ལས་ཟླ་བ། རཾ་ལས་ཉི་མ། བཾ་ལས་རོའི་གདན་རེ་རེའི་སྟེང་དུ་དབུས་དང་ཕྱོགས་བཞིར་བཾ་ཧ་རི་ནི་ས་རྣམས་ཡོངས་སུ་གྱུར་བ་ལས། དབུས་སུ་མ་ཅིག་ཁྲོས་མ་ནག་མོ་སྐུ་མདོག་མཐིང་ནག་རྩ་ཞལ་འཛུམ་ཞེས་བ་ནས་སྒྲ་སྒྲོག་པ། པདྨ་འདབ་མ་བཞི་བའི་ཤར་དུ་སངས་རྒྱས་མཁའ་འགྲོ་སྐུ་མདོག་དཀར་མོ། ལྷོར་རིན་ཆེན་མཁའ་འགྲོ་སྐུ་མདོག་སེར་མོ། ནུབ་ཏུ་པདྨ་མཁའ་འགྲོ་སྐུ་མདོག་དམར་མོ། བྱང་དུ་ལས་ཀྱི་མཁའ་འགྲོ་སྐུ་མདོག་ལྗང་གུ། གཙོ་འཁོར་ལྔ་ཀའང་ཞེས་པ་ནས། བཛྲ་ས་མཱ་ཡ་ཛཿ སྤྲོ་ན། ཧཱུཾ་ཆོས་དབྱིངས་རྣམ་བར་དག་སོགས་བརྗོད། ཛཿ ཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས་ཏེ། དབང་བསྐུར་བས་བླ་མ་རྒྱལ་བ་རིགས་ལྔས་དབུ་བརྒྱན་པར་གྱུར། ཡང་ན། མདུན་ཀྱི་ནམ་མཁའ་ཁྲོས་མའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་སྐད་ཅིག་གིས་གསལ་བར་གྱུར་བར་བསམ་ནས། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་མ་ཅིག་ཁྲོས་མའི་ལྷ་ཚོགས་རྟེན་དང་བརྟེན་པར་བཅས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་བས་བསྐོར་བ་སྤྱན་དྲངས། གཉིས་སུ་མེད་པར་གྱུར་བར་མོས་པའམ། ཡེ་ཤེས་བ་མགྲོན་ཐབས་སུ་སྤྱན་དྲངས་ཏེ། གདན་ཕུལ་བ། ཕྲེང་བ་བྱིན་རླབས་གཞུང་ལྟར་བྱས་ནས་བསླབ་བའི་སྐབས་སུ། རང་གི་ཐུགས་ཀའི་ཧཱུཾ་ཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་དཀར་པོ་འཕྲོས་པས་རིགས་དྲུག་གི་སྡུག་བསྔལ་རྒྱུ་བཅས་ལས་གྲོལ་ཏེ་བདེ་བ་ལ་བཀོད། རྒྱལ་བ་སྲས་བཅས་ལ་མཆོད་པ་ཕུལ། དེ་རྣམས་དང་མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་རང་ཉིད་ལ་ཐིམ་པར་བསམ་ཞིང་ཡིད་མ་གཡེང་བར་བཟླས་པ་བྱ། མཐར་ཡིག་བརྒྱས་ལྷག་ཆད་བསྐངས། ནང་མཆོད་དང་མཆོད་པ་བྱིན་གྱིས་བརླབས་ལ། ཨོཾ་མཧཱ་གུ་རུ་དེ་ཝ་ཌཱ་ཀི་ནི་ས་པ་རི་ཝཱ་ར་ཨ຋ᨗ་བདྱཾ་ནས་སྥརྴ་དྷརྨཱ་བྲ་ཏཱི་ཙྪ་བཱུ་ཛ་མེ་གྷ་ས་མུ་དྲ་ལྡ་ར་ན་ས་མ་ཡེ་ཨཱཿཧཱུཾ། ཨོཾ་མཧཱ་གུ་རུ་དེ་ཝ་ཌཱ་ཀི་ནི་ས་པ་རི་ཝཱ་ར་སརྦ་བཱུ་ཛ་ཧོ། དྲིན་ཅན་རྩ་བའི་བླ་མའི་ཞལ་དུ་ཨོཾ་ཨཱཿཧུཾ། བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧུཾ། ཨོཾ་གུ་རུ་བཾ་ཧ་རི་ནི་ས་སི་ངྡྷི་ཧཱུཾ་ཨོཾ་ཨཿཧཱུཾ། སྤྲོ་ན། དམན་པའི་ཡུལ་ལས་རབ་འདས་ཞིང༌། །རྒྱལ་བ་ཀུན་གྱི་དམ་ཚིག་མཆོག། །དངོས་གྲུབ་ཀུན་གྱི་གཞིར་གྱུར་བ། །བདུད་རྩི་མཆོག་གིས་མཆོད་བར་བགྱི།། ཞེས་བརྗོད། དེ་ནས། ཀྱེ་རྡོ་རྗེའི་རྒྱུད་ལས། བུད་མེད་གཟུགས་ནི་སྤངས་ནས་གཞན། བཅོམ་ལྡན་འདས་ཀྱི་གཟུགས་སུ་བྱ།། ཞེས་བའི་མན་ངག་ལྟར་བསྒོམ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཏམ་ཀོཉཱ་ཧཾ། སྒྲིབ་བས་སྒྲིབ་པ་ཀུན་བསལ་ཞིང༌།། རྟོག་པ་ཀུན་འབྲས་རྣམ་གྲོལ་བའི།། བླ་ན་མེད་པའི་བྱང་ཆུབ་སེམས།། བདེ་བ་ཆེན་བོས་མཉེས་གྱུར་ཅིག།།ཞེས་བས་བསང་བ་དང༌། དེ་ཁོ་ན་ཉིད་ཀྱི་མཆོད་པ་འདི་བཞག་ནའང་ཆད་སྐྱོན་མེད་ཀྱང༌། བྱས་ན་ལེགས་སོ།། ཧཱུཾ། དུག་ལྔ་བསྒྲལ་བའི་གདན་སྟེང་ན།། སྐུ་ལྔ་ལྷུན་རྫོགས་མཁའ་འགྲོའི་སྐུ།། ཡེ་ཤེས་ལྔ་ལྡན་འཕྲིན་ལས་མཛད།། མཁའ་འགྲོ་སྡེ་ལྔ་ལ་ཕྱག་འཚལ།། ཆོས་དབྱིངས་རྣམ་དག་སྐྱེ་མེད་དབྱིངས་ཀྱི་ཡུམ།། འགག་མེད་རྩ་བྲལ་སེམས་ཉིད་དོན་གྱི་ཡུམ།། མཐའ་དབུས་མེད་པར་མཐའ་བྲལ་བློ་འདས་ཡུམ།། ཡུམ་ཆེན་ཆོས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད།། དེ་ནས། སྐྱབས་གནས་ཀུན་འདུས་བླ་མ་ལྷ་ཚོགས་ཀྱིས།། དབང་མཆོག་བསྐུར་ཞིང་བདག་རྒྱུད་སྨིན་མཛོད་ཅིག།།ཅེས། གདུངས་ཤུགས་དྲག་བོས་གསོལ་པ་བཏབ་པས་མཐུས།། བླ་མ་ལྷ་ཚོགས་གནས་གསུམ་འབྲུ་གསུམ་ལས།། འོད་དང་བདུད་རྩི་དཀར་དམར་མཐིང་ཁའི་རྒྱུན།། རིམ་དང་གཅིག་ཆར་བྱུང་བ་གནས་གསུམ་དུ།། ཐིམ་བས་སྒྲིབ་བཞི་དག་ཅིང་དབང་བཞི་ཐོབ།། སྐུ་བཞི་འགྲུབ་བའི་ནུས་བ་བཞག་བར་བསམ།། གཏོར་མ་བསངས་སྦྱངས། སྟོང་བའི་ངང་ལས་ཡཾ་ལས་རླུང༌། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་དུ། ཨ་ལས་ཐོད་བ་ཕྱི་དཀར་ལ་ནང་དམར་བའི་ནང་དུ། ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔ། དབྱངས་གསལ་དང་བཅས་བ་འོད་དུ་ཞུ་བ་ལས་བྱུང་བའི་ཟག་མེད་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿ ཧཱུཾ་ཧ་ཧོ་ཧྲིཿ ལན་གསུམ་གྱིས་བསངས། ཨོཾ་མཧཱ་གུ་རུ་དེ་པྲཌྱབྷ་ཀི་ནི་ས་བ་རི་ཝ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། ཁམས་གསུམ་མ་ལུས་དཀྱིལ་འཁོར་དུ།། སྐུ་གསུམ་མ་ལུས་ཐུགས་རྗེའི་མགྲོན།། སྟོང་གསུམ་མ་ལུས་བདུད་རྩིས་ཁེངས།། གཏོར་མ་འདོད་ཡོན་ལྔ་རུ་འབུལ།། སྐུ་གསུང་ཐུགས་མཆོག་མཉེས་ནས་ཀྱང༌།། འཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད།། མགོན་པོ་ཐུགས་རྗེ་ཆེན་པོ་ལྡན་པ་ཁྱེད་རྣམས་བདག་ལ་དགོངས་སུ་གསོལ།། ཁྱེད་རྣམས་ལ་མཁྱེན་བའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་འཕྲིན་ལས་བསམ་གྱིས་མི་ཁྱབ་བ་མངའ་བ་ལགས་པས། བདག་སོགས་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་གཉིས་བྱང༌། ཚོགས་གཉིས་རྫོགས་ནས་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་འདོད་དོན་ལ་གསོལ་བ་བཏབ་ཚོགས་མཆོད་རྗེ་ངག་དབང་ཕུན་ཚོགས་ཀྱིས་མཛད་པ་ལྟར་བྱ། ཚོགས་གྲངས་བསགས་བར་འདོད་ན། ཚོགས་མགྲོན་སྦྱན་འདྲེན་ནས། ཚོགས་ལྷག་གི་བར་དཀྱུས་བཞིན་བྱ། གྲངས་བསགས་ཚེ། ཚོགས་འབྲུ་གསུམ་གྱིས་བྱིན་བརླབས་ལ། དྲིན་ཅན་ཕ་རྒྱུད་མ་རྒྱུད་སྲས་རྒྱུད་དང༌།། ཞེས་བ་ནས། པཱུ་ཛ་ཁཱ་ཧིའི་བར་གྱིས་ཚོགས་ཕུད་འཕུལ། ཚོགས་ལྷག་འབྲུ་གསུམ་གྱིས་བརླབས་ནས། ཕྱོགས་བཞི་དབུས་ཀྱི་མཁའ་འགྲོ་སྡེ་ལྔ་ཡང༌།། ཁྱེད་དམ་ཚིག་ཅན་ཞེས་པ་ནས། བྷ་ཀྵ་སི་སྭཱ་ཧཱའི་བར་བརྗོད་ནས་གྲངས་བསོགས་བར་བྱེད། དེ་ནས་སླར་ཡང་ཚོགས་ལྷག་འབུལ་བ་ནི། འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ལ། ཤར་རྡོ་རྗེའི་རིགས་ཀྱི་མཁའ་འགྲོ་མ།། མཁའ་འགྲོའི་ལུས་ལ་སེང་གེའི་གདོང༌།། ཁྱེད་དམ་ཚིག་ཅན་མན་ཆད་དཀྱུས་ལྟར་བྱའོ།། དེ་ནས། ཕྱོགས་བཞི་དབུས་ཀྱི་གཞལ་ཡས་དམ་པ་ནས།། ཡེ་ཤེས་མཁའ་འགྲོ་ཡབ་ཡུམ་འཁོར་བཅས་ཀྱིས།། བདག་ཅག་རྣལ་འབྱོར་དཔོན་སློབ་འཁོར་བཅས་ལ།། ཚེ་དཔལ་མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ།། ཀཱ་ཡ་སིདྡྷི་ཨོཾ། ཝཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། སརྦ་སི་དྡྷི་ཕ་ལ་ཧཱུཾ། གཏང་རག་གི་མཆོད་པ་བྱིན་གྱིས་བརླབས་ལ། ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། དང་པོ་ལུས་བསྐྱེད་པའི་མ་ཞེས་སོགས་ཀྱི་བསྟོད། ཡི་གེ་བརྒྱ་བའི་མཐར། མ་འབྱོར་བ་དང་སོགས་ཀྱིས་ནོངས་བ་བཟོད་པར་གསོལ། རྟེན་ཡོད་ན་བརྟན་བཞུགས་དང༌། མེད་ན། ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་སྣོད་བཅུད་བསྡུས་ཁྲོས་མའི་རྟེན་དང་བརྟེན་པར་བཅས་པ་ལ་ཐིམ། དེ་ཡང་འོད་དུ་ཞུ་ནས་རང་ཉིད་དམ་ཚིག་སེམས་དཔའ། དེ་ཡེ་ཤེས་སེམས་དཔའ། དེ་ཏིང་ངེ་འཛིན་སེམས་དཔའ། དེ་ཞབས་ཀྱུ་ནས་ནཱ་དའི་བར་བསྡུས་ཏེ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་བའི་ངང་ལས་སྐད་ཅིག་གིས་རྗེ་བཙུན་ཁྲོས་མ་ནག་མོ་ཞལ་གཅིག་ཕྱག་གཉིས་པའི་སྐུར་བཞེངས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར་པར་བསམ་ལ། ཤིས་བརྗོད་ཀྱིས་མཐར་བརྒྱན་བར་བྱའོ།། སྨྲས་པ། བརྗོད་བྲལ་དེ་བཞིན་ཉིད་དང་རོ་གཅིག་ཏུ།། ཉེར་ཞུགས་བདེ་ཆེན་ཡེ་ཤེས་ཆོས་ཀྱི་སྐུ།། མཚན་དཔེས་ཡིད་འཕྲོག་ལྷ་མོའི་རྣམ་རོལ་བ།། ཁྲོས་མའི་སྒྲུབ་ཐབས་རྒྱུན་ཁྱེར་འདི་ན་བསྐྲུན།། འདི་བྲིས་དགེ་བས་བདག་གཞན་འགྲོ་བ་རྣམས།། ཚེ་རབས་ཕྲེང་བར་བླ་མ་ལྷག་བའི་ལྷས།། རྗེས་བཟུང་གསང་སྔགས་མྱུར་ལམ་ལ་བརྟེན་ནས།། རིང་མིན་སྐུ་བཞིའི་དཔལ་ལ་རེག་གྱུར་ཅིག།།
ཅེས་ཁྲོས་ནག་ལྷ་ལྔའི་སྒྲུབ་ཐབས་མདོར་བསྡུས་འདི་ནི་བསྔགས་འོས་དགེ་སློང་ལུང་རྟོགས་ཀྱིས་༧རྗེ་ངག་དབང་ཕུན་ཚོགས་ཀྱི་ཆོ་གའི་གནད་ཚང་ཞིང་ཚིག་སྣ་བསྡུས་བ་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བའི་ངོ་མ་བཟློག་པར་༧ ལྡོམ་བུབ་དབྱངས་ཅན་བཞད་བས་བྲིས་བའོ།།      བསྐང་བཤགས་མདོར་བསྡུས་བཞུགས་སོ།། ཧཱུཾ་མ་རིག་དབང་གིས་ཉམས་ཆགས་ཉེས་པའི་ཚོགས།། སྐུ་གསུང་ཐུགས་དང་འགལ་བ་གང་བགྱིས་པ།། བླ་མ་ཡི་དམ་མཁའ་འགྲོའི་སྤྱན་སྔ་རུ།། སྙིང་ནས་བཤགས་སོ་ཚངས་བའི་དངོས་གྲུབ་སྩོལ།། ཧཱུཾ་སྤྲོས་བྲལ་བདེ་བ་ཆེན་བོའི་རོལ་བ་ལས།། དྭངས་བསིལ་མཆོད་ཡོན་ཉེར་སྤྱོད་རྣམ་པ་ལྔ། གདུག་ཅན་བསྒྲལ་བའི་དྲག་པོའི་མཆོད་པ་དང༌།། དངོས་བཤམས་ཡིད་སྤྲུལ་རྟེན་གྱི་གཞལ་མེད་ཁང༌།། ཉི་ཟླ་རི་གླིང་ཕྱི་ནང་འདོད་ཡོན་ལྔ། །བཀྲ་ཤིས་རྟགས་རྫས་ཉེ་བའི་རིན་ཆེན་བདུན།། མི་དབང་ཡོ་བྱད་རིན་ཆེན་སྣ་བདུན་སོགས།། འདོད་དགུའི་དཔལ་འབྱོར་མ་ཚང་མེད་དགུ་ཡིས།། བླ་མ་ཡུམ་ཆེན་ཁྲོས་མའི་ཐུགས་དམ་བསྐངས།། མཁའ་འགྲོ་ཆོས་སྲུང་ཚོགས་ཀྱི་ཐུགས་དམ་བསྐངས།། ཐུགས་དམ་བསྐང་ངོ་བདག་རྒྱུད་སྨིན་མཛོད་ལ།། བར་ཆད་རྐྱེན་བཟློག་མཆོག་ཐུན་དངོས་གྲུབ་སྩོལ།། རྟ་གཡག་ར་ལུག་བྱ་ནག་འཇིགས་རུང་ཁྱི།། སྟག་གཟིག་དོམ་དྲེད་སེང་གེ་འཕར་བ་གསའ།། ཁྲབ་རྨོག་གོ་ཆ་མདའ་མདུང་རལ་གྲི་མཚོན།། རུས་རྒྱན་སྟག་ཤམ་རྒྱན་ཕྲེང་བྱུག་རྫས་གསུམ།། རྡོ་རྗེ་དྲིལ་བུ་ཐོད་རྡ་དབང་རྟེན་རྫས།། རོ་མཆོག་བརྒྱ་ལྡན་བདུད་རྩིའི་གཏོར་མ་དང༌།། བྲིས་སྐུ་མདའ་དར་ཕྱི་ནང་གསང་རྟེན་སོགས།། དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོ་འདིས།། བླ་མ་ཡུམ་ཆེན༌྾྾྾྾ཡུམ་ཆེན་མཁའ་འགྲོ་སྐྱབས་གསུམ་འདུས་པའི་སྐུར།། ཡིད་ཆེས་རིམ་གཉིས་རྣལ་འབྱོར་ལེགས་བསྒོམ་ཞིང༌།། སྔགས་བཟླས་ལས་བཞིས་གཞན་དོན་བྱ་བའི་ཁུར། སྐྱོ་མེད་སྒྲུབ་ལ་བརྩོན་བའི་མཆོད་པ་ཡིས།། བླ་མ་ཡུམ་ཆེན་྾྾྾སྩོལ།། ཅེས་བསྐང་བཤགས་མདོར་བསྡུས་འདི་ཡང་དད་བརྩོན་ཕུལ་དུ་བྱུང་གཅོད་པ་འོད་ཟེར་རྒྱ་མཚོས་བསྐུལ་བ་ལྟར། དབྱངས་ཅན་བཞད་བས་བྲིས་པའོ།། པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།། །།

དཔྱད་མཆན་སྤེལ།