༄༅།། བླ་མེད་ལུགས་ཀྱི་དཔལ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་བུམ་ཆོག་དང་བཅས་པ་བཞུགས་སོ།།

༄༅།། ན་མོ་གུ་རུ་བཛྲ་པཱ་ཎི་ཡེ། འདིར་རྒྱལ་བ་ཀུན་གྱི་མཐུ་སྟོབས་ནུས་པའི་མངའ་བདག་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་མངོན་རྟོགས་བསྒོམ་པར་འདོད་བས། སྐྱབས་སེམས་ཚད་མེད་བཞི་སྒོམ་བ་སྔོན་དུ་བཏང་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷ་རྨཱཿ སྭ་བྷཱ་ཝ་ཤུ་དྡྷོ་ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་གདན་གྱི་སྟེང་དུ། རང་སེམས་ཧཱུཾ་ཡིག་མཐིང་ནག་ལས་འོད་འཕྲོས། འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས། ཚུལ་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་བཞི་པ། གཡས་ཀྱི་དང་པོས་རྡོ་རྗེ་འཕྱར་ཞིང༌། གཡོན་དང་བོས་ཞགས་པ་དང་བཅས་པའི་སྡིགས་མཛུབ་མཛད་པ། འོག་མ་གཉིས་འབྱུང་པོ་འདུལ་བྱེད་ཀྱི་ཕྱག་རྒྱ་འཆིང་བ། དམར་ལ་ཟླུམ་བའི་སྤྱན་གསུམ་སྡང་མིག་ཏུ་བགྲད་ཅིང་ཁྲོ་གཉེར་ཤིན་ཏུ་བསྡུས་པ་ཞལ་གདངས་ཤིང་མཆེ་བ་གཙིགས་པ། དབུ་སྐྲ་དང་སྨ་ར་སྨིན་མ་དམར་སེར་མེ་ལྟར་འབར་བ། དར་སྔོན་པོའི་སྟོད་གཡོགས་དང་སྟག་གི་བགས་པའི་ཤམ་ཐབས་གསོལ་བ། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་སྟབས་ཀྱིས་འབྱུང་པོ་གཞན་གྱིས་མི་ཐུབ་པ་དཀར་པོ་མནན་ཏེ་བཞུགས་པ། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པར་གྱུར། ཐུགས་ཀའི་ཉི་གདན་གྱི་ཧཱུཾ་གི་འོད་ཟེར་གྱིས་རང་འདྲའི་ཡེ་ཤེས་པ་དང་དབང་གི་ལྷ་རྣམས་སྤྱན་དྲངས། ཨོཾ་ཨ຋ᨗ་པྲ་ཏཱི་ཙྪ་སྭཱ་ཧཱ། ཛཿ ཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དབང་གི་ལྷས་དབང་བསྐུར། མི་བསྐྱོད་པས་དབུ་བརྒྱན་པར་གྱུར། མཆོད་པ་བླ་མེད་ལྟར་བྱིན་གྱིས་རླབས། ཨོཾ་བཛྲ་པཱཎི་ཨ຋ᨗ་ནས་ཤཔྟའི་བར་ཀྱིས་མཆོད། ཨོཾ་ཨཿ ཧཱུཾ་གིས་ནང་མཆོད་འབུལ། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ན། ཞེས་སོགས་ཀྱིས་བསྟོད། དེ་ནས། རང་གི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་མཐིང་ནག་གི་མཐར་སྔགས་ཕྲེང་རང་སྒྲ་སྒྲོགས་ཤིང་འོད་ཟེར་མེ་འོད་འབར་བ་འཕྲོས་པས། ནད་གདོན་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་བསྲེག་ཅིང་སྦྱངས། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ནས་རང་ལ་ཐིམ་པར་མོས་ལ། ཧཱུཾ་བཛྲ་ཕཊཿ ཅེས་པ་ཡིད་གཞན་དུ་མ་གཡེང་བར་མྱུར་བུལ་སོགས་ཀྱི་སྐྱོན་དང་བྲལ་བར་བཟླ། མཇུག་ཏུ་ཡི་གེ་བརྒྱ་བས་ལྷག་ཆད་ཁ་བསྐང་ཞིང་མཆོད་སྟོད་དང་མཐར་དགེ་པ་བསྔོ། གཏོར་མ་འབུལ་བར་འདོད་ན། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང༌། རཾ་ལས་མེ། ཨཱཿ ལས་མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་དུ། ཨཱཿ ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཤ་ལྔ་བདུད་རྩི་ལྔ་སྦྱངས་རྟོགས་སྦར་གསུམ་བྱས་པ་ལས་བྱུང་བའི་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿ ཧཱུཾ། ལན་གསུམ་བརྗོད་དེ་བྱིན་གྱིས་རླབས། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས་བླ་མ་ཕྱག་ན་རྡོ་རྗེའི་ལྷ་ཚོགས་མདུན་གྱི་ནམ་མཁར་སྤྱན་དྲངས། ལྗགས་རྡོ་རྗེའི་འོད་ཟེར་གྱི་སྤུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ཨོཾ་བཛྲ་བཱཎི་ས་པ་རི་ཝཱ་ར་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་མམ་བདུན་གྱིས་གཏོར་མ་ཕུལ། མཆོད་བསྟོད་གོང་བཞིན་བྱས་ཡི་གེ་བརྒྱ་བ་དང་ནོངས་པ་བཟོད་གསོལ་བྱ། རྟེན་ཡོད་ན་བརྟན་བཞུགས་དང༌། མེད་ཚེ་ཡེ་ཤེས་པ་གཤེགས་གསོལ་བྱས་ཏེ་བསྔོ་སྨོན་དང་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། །འདིའི་སྒོ་ནས་རང་གཞན་གྱི་དོན་དུ་བུམ་ཆོག་བྱེད་ན། སྟེགས་ཀྱི་ཁར་པདྨ་འདབ་བརྒྱད་བྲིས་པའི་དབུས་སུ་བུམ་རྫས་ཉེར་ལྔ་དང་ལྡན་པའི་ཆུ་གཙང་གིས་སུམ་གཉིས་བཀང་བའི་བུམ་པ་མགུལ་ཆིངས་ཅན། དེའི་ཁར་དུང་ཆོས་དང་གཟུངས་རྡོར་བཞག།།མདུན་དུ་མཆོད་གཏོར་མཛེས་པར་བཤམས། དེ་ནས་བུམ་པ་བསངས་སྦྱངས། སྟོང་པའི་ངང་ལས་བཾ་ལས་རིན་པོ་ཆེའི་བུམ་པ་དཀར་པོ་ནས། དབྱེར་མི་ཕྱེད་པར་གྱུར། བུམ་པའི་ནང་དུ་བཾ་ལས་པདྨ་དང་ཞེས་པ་ནས། མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཞེས་བའི་རང་སྒྲ་དོར་བ་ལས་གཞན་གོང་ལྟར་རོ། །
བུམ་པའི་མཆོད་པ་བྱིན་གྱི་རླབས་ཏེ། ཆོས་དབྱིངས་རྣམ་དག་སོགས་ཀྱིས་མཆོད་པ་དང་བསྟོད་པ་ཡང་བྱ། དེ་ནས་གཟུངས་ཐག་བཟུང་ལ། རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་ཁྲིལ་ཏེ་སོང་བས། བུམ་པའི་ལྷའི་ཐུགས་རྒྱུད་བསྐུལ་བདུད་རྩིའི་རྒྱུན་བབས་པ་བུམ་ཆུ་ལ་ཐིམ་བས། ཐོག་མེད་ནས་བསགས་བའི་སྡིག་སྒྲིབ་ཉེས་ལྟུང་དང༌།དེས་བསྐྱེད་པའི་ནད་རིམས་གདོན་བགེགས་ཀླུ་གཉན་ས་བདག་སོགས་ཀྱི་གདུག་རྩུབ་དང་གནོད་འཚེའི་བསམ་སྦྱོར་ངན་པ་ཐམས་ཅད་ཞི་བ་བྱེད་པའི་ནུས་པ་དང་ལྡན་པར་གྱུར་པར་མོས་པ་དང༌། ཡང་བུམ་ལྷའི་ཐུགས་ཀ་ནས་སྤྲོས་པའི་འོད་ཟེར་ཀྱིས་ནད་གདོན་ཀྱི་མི་མཐུན་ཕྱོགས་ཐམས་ཅད་ཞི་པར་བསམ་ལ་སྔགས་བཟླ། མཐར་ཡིག་བརྒྱ་བཟླས་ཏེ་གཟུངས་ཐག་བསྡུ། བཛྲ་ཕཊ་བདུན་ཀྱིས་མཆོད་ཡོན་དབུལ། ལས་སྔགས་བརྗོད་ནས་མེ་ཏོག་ཕུལ་ལ་མཆོད་བསྟོད་བྱ། གཏོར་མ་ཕལ་ཆེ་སྔར་བཞིན་བྱིན་གྱིས་རླབས་ཏེ། བུམ་ལྷའི་སྔགས་བྱིན་རླབས་བྱས་ནས་འབུལ། མཆོད་པས་མཆོད། བསྟོད་པ་ནི། རྒྱལ་ཀུན་མཐུ་སྟོབས་གཅིག་གྱུར་ལྷག་བའི་ལྷ།། འཇིགས་རུང་གར་དགུས་གདོན་གསུམ་གཅིག་ཆར་དུ།། འཇོམས་མཛད་རྒྱལ་བའི་གསང་མཛོད་འཛིན་པའི་བདག།།གཏུམ་ཆེན་ཁྲོ་བོའི་གཙོ་ལ་ཕྱག་འཚལ་ལོ།། སྣང་སྟོང་ཟུང་འཇུག་ཁྲོ་གཏུམ་རྔམ་པའི་སྐུ།། རབ་འཇིགས་གསུང་དབྱངས་འབྲུག་སྟོང་ལྡིར་བ་བཞིན།། འགྲོ་ལ་རྗེས་ཆགས་ཟག་མེད་བདེ་ཆེན་ཐུགས།། སྐུ་གསུམ་ལྷུན་གྲུབ་གསང་བའི་བདག་པོར་བསྟོད།། རང་ལུས་བདེ་ཆེན་ལྷ་སྐུར་གསལ་བའི་ངང༌།། རླུང་སྔགས་ཟུང་འཇུག་སྔགས་ཀྱི་བཟླས་བརྗོད་དང༌།། བདེ་གསལ་མི་རྟོགས་མཆོག་གི་ཏིང་འཛིན་གྱིས།། སྨིན་གྲོལ་ཟབ་ལམ་བསྒྲོད་པ་མཐར་ཕྱིན་ཤོག །།
མགོན་མེད་བདག་ཅག་ཁྱོད་ལ་སྐྱབས་འཆའ་ན།། སྔོན་གོམས་ཆགས་སོགས་མི་དགེའི་ལས་ཀྱི་འཕྲུལ།། གནོད་བྱེད་གདོན་བགེགས་རླུང་མཁྲིས་པད་ཀན་ནད།། དམིགས་མེད་ཆོས་ཀྱི་དབྱིངས་སུ་ཞི་བར་མཛོད།། དུས་ངན་སྙིགས་མའི་བརླང་སྤྱོད་སྨག་རུམ་དུ། །ནག་ཕྱོགས་རྒྱལ་བསེན་དམ་སྲི་ཀླུ་ས་བདག།།གནོད་བྱེད་སྲིན་བྱའི་ཚོགས་ཀྱི་ནུས་པ་ཀུན།། མཐུ་སྟོབས་ནུས་པའི་རྩལ་གྱིས་སྨག་མེད་ཆོམས།། མཐུན་རྐྱེན་དཔལ་འབྱོར་ཚེ་དང་བསོད་ནམས་དང༌།། ལུང་རྟོགས་ཡོན་ཏན་དབྱར་གྱི་ཆུ་མཚོ་ལྟར།། རབ་རྒྱས་དོན་གཉིས་ལྷུན་གྱིས་གྲུབ་གྱུར་ནས།། བླ་མ་གསང་བདག་གོ་འཕང་མྱུར་ཐོབ་ཤོག།།ཅེས་བསྟོད་ཅིང་འདོད་དོན་ལ་གསོལ་བ་གདབ།། ཡིག་བརྒྱ་བརྗོད་དེ། བཛྲ་མུཿ བུམ་པའི་ལྷ་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་འོད་དུ་ཞུ་ནས་བུམ་པའི་ཆུ་ལ་ཐིམ་པར་གྱུར། འདིས་སྒོ་ནས་དུག་དབྱུང་བཀྲུ་བྱབས་བསུང་བ་སོགས་བྱེད་ཚུལ་གཞན་ལས་ཤེས་པར་བྱའོ། །བླ་མེད་ལུགས་ཀྱི་དཔལ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་བུམ་ཆོག་དང་བཅས་པ་འདི་ནི་དགེ་སློང་འཕྲིན་ལས་ཀྱི་འདོད་མོས་ལྟར། ༧ དབྱངས་ཅན་བཞད་པས་བྲིས་པའོ།། །།

དཔྱད་མཆན་སྤེལ།