༄༅།། ན་མོ་གུ་རུ་ཨཱནྱ་ཏཱ་རེ་ཡ།། རབ་འབྱམས་དཀྱིལ་འཁོར་སྤྲོ་བསྡུས་བྱེད་པོ་མཆོག།།ཁྱབ་བདག་གདོད་མའི་མགོན་པོ་བླ་མ་དང༌།། དབྱེར་མེད་རྒྱལ་ཡུམ་འཕགས་མ་སྒྲོལ་མ་ཉིད།། མི་ཤིགས་སྙིང་གི་ག་བུར་རྟག་རྩེན་མཛོད།། གདོད་ནས་སྤྲོས་བྲལ་ཆོས་སྐུའི་མཁའ་དབྱིངས་ལས།། རབ་མཛེས་ཆུ་སྐྱེས་གེ་སར་བཞད་པའི་རྩེར།། ཟླ་གཞོན་ཞུ་བ་འཁྱིལ་བའི་གདན་སྟེང་དུ།། མཚར་སྡུག་སྨིན་ལེགས་གཟུགས་སུ་སྨིན་པ་གང༌།། མར་རྒད་རི་དབང་ཉིན་བྱེད་བྱེ་བའི་གཟིས།། འཁྱུད་པའི་དཔལ་མངའ་གསལ་རྫོགས་མཚན་དཔེ་དང༌།། ལྷ་མི་མིག་སྐྱའི་ནོར་ཀུན་གཅིག་བསྡུས་ཀྱང༌།། གཞལ་མེད་ངོ་མཚར་རིན་ཆེན་རྒྱན་གྱིས་སྤུད།། མི་སྨན་མདངས་འཛིན་གནག་སྣུམ་ཐོར་ཅོག་རྩེར།། དམར་གསལ་བྱུ་རུའི་མདངས་ཀྱི་མཛེས་པའི་དཔལ།། སྐྱེངས་བྱེད་སོར་རྟོགས་ཡེ་ཤེས་བཞིན་ལེགས་དཀར།། འོད་མཐའ་ཡས་པ་གཙུག་གི་རྒྱན་དུ་བཞུགས།། རལ་བའི་ཁུར་ལྡན་འཛུམ་པའི་ཞལ་གྱི་དོགས།། འགྲོ་ལ་རྗེས་ཆགས་དཀྱུས་རིང་གཡོ་བའི་སྤྱན།། བིམྤའི་མཆུ་སྒྲོས་བཞད་པའི་ཚེམས་ཕྲེང་ཅན།། དར་བབས་གླང་ཆེན་མྱོས་བུམ་ལྟར་རྒྱས་པའི།།ནུ་འབུར་ཟུང་གིས་བྲང་ངོས་རབ་ཏུ་མཛེས།། མཉེན་ལྕུག་ཕྱག་གིས་སྲིད་མཚོར་སྡུག་བསྔལ་བརྒྱས།། གཟིར་རྣམས་སྲིད་ཞིའི་འཇིགས་ལས་གཏན་གྱི་བདེར།། འགོད་པའི་བརྡའ་ཐབས་ཕྱག་རྒྱས་ཨུཏྤལ་བསྣམས།། དབང་པོའི་གཞུ་ལྟར་མཛེས་པའི་སྟོད་གཡོགས་དང༌།། ཕྲ་ལྡེམ་སྐེད་སྐབས་དར་གྱིས་ཉེར་ཀླུབས་ཤིང།། ཕྱེད་དཀྱིལ་ཚུལ་བཞུགས་འཇོ་སྒེགས་ལྷ་མོའི་སྐུར།། མི་ཕྱེད་དད་པའི་ཡིད་ཀྱི་ཕྱག་འཚལ་ལོ།། སྙན་འཇེབས་དྲུག་ཅུའི་དབྱངས་ཀྱི་ཆ་རེས་ཀྱང༌།། འགྲོ་ཀུན་ཁམས་བཞིན་ལེགས་གསུང་བདུད་རྩིའི་ཆར།། འབེབས་མཛད་གསུང་གི་གསང་བ་བསམ་མི་ཁྱབ།། རྗེ་བཙུན་སྒྲོལ་མའི་ཞབས་ལ་ཕྱག་འཚལ་ལོ།། གང་ཐུགས་རྙོག་བྲལ་བདུད་རྩིའི་རྫིང་བུ་ལ།། ཇི་ལྟ་ཇི་སྙེད་ཆོས་ཚུལ་ཚོན་བརྒྱའི་རིས།། མ་འདྲེས་གསལ་བར་འཆར་བའི་མཁྱེན་པའི་གཏེར།། འཕགས་མ་སྒྲོལ་མའི་ཞབས་ལ་ཕྱག་འཚལ་ལོ།། རང་དོན་མཐར་ཐུག་ཞི་བའི་དཔལ་བརྙེས་ཀྱང༌།། ལས་ཉོན་རྨོངས་པས་བཅིངས་པའི་ཉམ་ཐག་འགྲོར།། མཛངས་པའི་མ་ཡིས་བུ་བཞིན་བརྩེ་ལྡན་མ།། རྗེ་བཙུན་སྒྲོལ་མའི་ཞབས་ལ་ཕྱག་འཚལ་ལོ།། ཁྱོད་མཚན་བཟུང་བས་སྲིད་ཞིའི་འཇིགས་ཀུན་དང༌།། མ་རུངས་འཇིགས་ཆེན་བརྐྱང་སོགས་ཉེར་འཚེ་ཀུན།། ལྟར་སྣང་རི་མོའི་གནས་སུ་དགོད་མཛད་མ།། མྱུར་མ་དཔའ་མོའི་ཞབས་ལ་ཕྱག་འཚལ་ལོ།། སྣོད་ལྡན་གདུལ་བྱར་དྭངས་མཚོར་ཟླ་གཟུགས་བཞིན།། རྣམ་བཞིའི་འཕྲིན་ལས་རྒྱ་མཚོའི་རླབས་ཕྲེང་ལྟར།། དུས་ལས་ཡོལ་མེད་གཞན་ན་ལྷུན་གྲུབ་མར།། རྩེ་གཅིག་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ།། མགོན་ཁྱོད་གསང་གསུམ་ཡོན་ཏན་རྒྱལ་རྣམས་ཀྱིས།། དཔག་མེད་བསྐལ་བརྒྱར་བརྗོད་ཀྱང་རྫོགས་མིན་ཡང༌།། ཆ་ཙམ་ཡིད་ལ་དྲན་དེ་གསོལ་འདེབས་ན།། ཐུགས་རྗེས་གཟིགས་ཤིགས་བརྩེ་པའི་བདག་ཉིད་མ།། དེང་དུས་ཆོས་བརྒྱད་ལ་ཆགས་བླ་གཟུགས་དང༌།། འཇིག་རྟེན་རབ་བརྒྱུད་དྲེགས་པའི་སྲུང་མའི་དབང༌།། སྡུག་བསྔལ་ཟུག་རྔུ་སྐྱེད་བྱེད་ནོར་ལོངས་སྤྱོད།། སྡིག་གྲོགས་ཚོགས་ཀྱིས་ཕུགས་སུ་བསླུ་བའི་ཕྱིར།། བསླུ་མེད་སྐྱབས་གནས་ཁྱོད་ལས་གཞན་མེད་ན།། སྐྱབས་གནས་མ་ལུས་འདུས་སྐུར་ཡིད་ཆེས་ཀྱི།། མོས་གུས་གསུངས་ཤུགས་དྲག་པོས་གསོལ་འདེབས་ན།། ཐུགས་རྗེས་གཟིགས་ཤིགས་བརྩེ་ལྡན་རྗེ་བཙུན་མ།། སྔོན་ཚེ་བུ་མོ་ཟླ་བར་འཁྲུངས་པའི་ཚེ།། དེ་བཞིན་གཤེགས་དྲུང་བྱང་ཆུབ་སེམས་བསྐྱེད་ནས།། འགྲོ་ཀུན་སྒྲོལ་དང་བདུད་འཇོམས་ཏིང་ངེ་འཛིན།། བསྒྲུབས་པའི་ཐུགས་བསྐྱེད་དུས་འདིར་སྨིན་མཛོད་ཅིག །།ཉོན་མོངས་དུག་གསུམ་སྡུག་བསྔལ་ཀུན་གྱི་རྒྱུ།། དེས་བསྐྱེད་ནད་རིམས་གདོན་བགེགས་བྱང་ཕུར་སྲི།། གདོན་གསུམ་འབྱུང་བ་འཁྲུགས་པའི་གནོད་འཚེའི་རིགས།། ཁྱོད་ཞབས་དྲན་པས་ཞི་བར་མཛད་དུ་གསོལ།། རིང་བོའི་ཚེ་དང་ལོག་འཚོ་བྲལ་བའི་ནོར།། བསོད་ནམས་མངའ་ཐང་ལུང་རྟོགས་ཡོན་ཏན་སོགས།། རང་གཞན་དོན་གཉིས་སྒྲུབ་བྱེད་མཐུན་པའི་རྐྱེན།། ནམ་ཡང་མི་ཉམས་དབྱར་མཚོ་ལྟར་རྒྱས་མཛོད།། འཆད་རྩོད་རྩོམ་ལ་དབང་འབྱོར་དགེ་བའི་བཤེས།། ཁྲིམས་ལྡན་མང་ཐོས་ཚུལ་བཞིན་སྒྲུབ་པའི་སྡེ།། སྲིད་ན་ཆེར་རློམས་རྣམ་མང་དྲགས་པའི་ཡིད།། འབིགས་བྱེད་ལྕགས་ཀྱུས་དབང་དུ་འདུ་བར་མཛོད།། བསྟན་དང་བསྟན་འཛིན་འགྲོ་བའི་བདེ་སྐྱིད་ལ།། ལོག་པར་འཁུ་བའི་མི་བཟད་ནག་པོའི་ལས།། སྡིག་ལ་ཆེར་རྔམས་མི་དང་མི་མིན་རྣམས།། རྣོ་མྱུར་དྲག་པོའི་ལས་ཀྱིས་ཚར་ཆོད་ཅིག།།ཁྱད་པར་ཉམ་ཐག་འགྲོ་ཀུན་སྲིད་པའི་མཚོར།། བརྒྱ་ཕྲག་སྡུག་བསྔལ་ཁུར་གྱིས་མནར་བའི་ཚུལ།། བཟོད་མེད་ཁུར་ཆེན་འཁྱེར་བའི་སྙིང་རྗེའི་སེམས།། བཅོས་མིན་ཤུགས་དྲག་སྐྱེ་བར་བྱིན་གྱིས་རློབས།། སྐྱེ་ཀུན་རང་བདེ་འདོད་པའི་བློ་ངན་འདི།། སྡིག་སྒྲུབ་མ་ལུས་འབྱུང་པའི་སྒོ་གཅིག་བུར།། མཐོང་སྟེ་བདག་གཞན་བརྗེ་བའི་རྣལ་འབྱོར་གྱིས།། གཞན་བདེ་ཁོ་ན་སྒྲུབ་པར་བྱིན་གྱིས་རློབས།། གདོད་ནས་རང་བཞིན་སྤྲོས་བྲལ་ནམ་མཁའ་བཞིན།། ཐ་སྙད་རྟེན་འབྱུང་སྒྱུ་མའི་རྣམ་རོལ་ལྟར།། སྣང་སྟོང་ཟུང་འཇུག་མིང་རྐྱང་བཏགས་ཙམ་གྱི།། གནས་ལུགས་ཇི་བཞིན་རྟོགས་པར་བྱིན་གྱིས་རློབས།། སྣང་གྲགས་རིགས་གསུམ་དམིགས་མེད་བདེ་ཆེན་འཕྲུལ།། ཉེར་གོམས་སྣོད་བཅུད་དག་བའི་སྣང་བ་དང༌།། སྲོག་རྩོལ་དབུ་མའི་ཐིག་ལེར་ཉེར་བསྟིམ་པས།། བདེ་སྟོང་ཟུང་འཇིག་རྡོ་རྗེའི་སྐུ་ཐོབ་ཤོག།།ནམ་ཞིག་འཆི་ཚེ་འཕགས་མའི་ཞལ་མཐོང་ཞིང༌།། བདེ་ལྡན་མཁའ་སྤྱོད་དག་པའི་ཞིང་མཆོག་ཏུ།། རང་སེམས་ཆོས་སྐུར་རོ་གཅིག་ཡོངས་འདྲེས་ཏེ།། གཏན་བདེའི་དགའ་སྟོན་སྩོལ་མཛད་སྙིང་རྗེའི་གཏེར།། མདོར་ན་གང་གང་ཡིད་ལ་བསམ་བའི་དོན།། ཆོས་ལྡན་བྱ་བ་གང་དང་གང་བརྩམ་ཡང༌།། འབད་མེད་ཡིད་བཞིན་ལྷུན་གྱིས་འགྲུབ་པ་དང༌།། བསྟན་འགྲོ་ཁོ་ནར་སྨན་པའི་རྒྱུར་གྱུར་ཅིག།།བདག་དང་བདག་ལ་ཕན་གནོད་འབྲེལ་ཐོགས་དང༌།། མཐོང་ཐོས་དྲན་རེག་སྐྱེ་དགུ་མ་ལུས་ཀུན།། འཕགས་མས་རྗེས་བཟུང་སྟོབས་ལྡན་ལས་ངན་ཤུགས།། ཉེར་བཅོམ་སྐུ་གསུམ་ས་ལ་རེག་གྱུར་ཅིག།།ཅེས་རྒྱལ་ཀུན་འཕྲིན་ལས་ཀྱི་རང་གཟུགས་རྗེ་བཙུན་འཕགས་མ་སྒྲོལ་མ་ལ་གསོལ་བ་འདེབས་ཚུལ་འདོད་དོན་ཡིད་བཞིན་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་འདི་ནི།༧ཁྱབ་བདག་འཁོར་ལོའི་མགོན་པོ་རྗེ་ངག་དབང་ཆོས་འཕེལ་དཔལ་བཟང་བོ་སོགས་མཁས་གྲུབ་དུ་མའི་ཞབས་རྡུལ་སྤྱི་བོའི་གཙུག་ཏུ་བརྟེན་བའི་བཙུན་གཟུགས་༧དབྱངས་ཅན་བཞད་པས་ཆོ་འཕྲུལ་ཀྱི་དུས་ཚེས་བཟང་བོར་མཚམས་ཀྱི་ཐུན་གསེང་དུ་སྦྱར་བ་འདིས་ཀྱང་སྐྱེ་ཀུན་བླ་མ་སྒྲོལ་མས་དགྱེས་བཞིན་རྗེས་སུ་འཛིན་པར་གྱུར་ཅིག།། །། བཀྲ་ཤིས།། པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེངྒེའི་གླིང་དུ་བཞུགས།། །།