༄༅།།ན་མོ་གུ་རུ་ཤྲཱི་བཛྲ་བྷཻ་ར་ལྭཱ་ཡ། འདིར་ས་བརྒྱད་དབང་ཕྱུག་ལྷ་ཆེན་རྨ་རྒྱལ་སྤོམ་ར་ལ་མཆོད་གཏོར་འབུལ་ཚུལ་མདོར་བསྡུས་ཙམ་འགོད་པ་ལ། སྤྱན་གཟིགས་དང་རྟེན་རྫས་མཆོག་གཏོར་སོགས་འདུ་བྱས། རང་ཡི་དམ་གྱི་རྣལ་འབྱོར་དང་ལྡན་བའི་སྒོས་མཆོད་གཏོར་རྣམས་བྱིན་གྱིས་བརླབས་ནས། སྭ་བྷཱ་ཝས་སྟོང་བར་སྦྱངས།སྟོང་པའི་ངང་ལས་རང་གི་མདུན་དུ་རབ་དཀར་ཤེལ་གྱི་ལྷུན་པོའི་དབུས་སུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་བའི་ཕོ་བྲང་ཆེན་པོ་བང་རིམ་དགུ་དང་ལྡན་ཞིང་། གསེར་གཡུའི་རྒྱ་ཕིབས་རིན་པོ་ཆེའི་ཏོག་གིས་སྤྲས་པ། ཁོར་ཡུག་ལྕགས་རི་ཉིས་རིམ་ལྕོག་དང་བཅས་པའི་གཞལ་ཡས་ཁང་གི་དབུས་ན་རྟ་མཆོག་གྲོ་ཞུར་གསེར་གྱི་སྒ་སྲབ་རིན་པོ་ཆེའི་རྒྱན་གྱིས་མཛེས་པའི་སྟེང་དུ་རྨ་རྒྱལ་སྤོམ་ར་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཁྲོ་ཞིང་འཛུམ་པའི་ཉམས་ཅན། གཡས་མདུང་དར་དང་། གཡོན་པས་ཞགས་པ་བསྣམས་པ། སྐུ་ལ་བསྭེ་ཁྲབ་དང་དབུ་ལ་གསེར་རྨོག་གསོལ་ཞིང་། རྐེད་ལ་སྟག་དོང་གཡས་དང་གཟིགས་ཤུབས་གཡོན་དུ་བཅིང་པ། ཞབས་ལ་སག་ལྷམ་གསོལ་ཞིང་སྐུ་ལས་སྤྲུལ་བ་འགྱེད་པ།དེའི་གཡོན་དུ་གསང་ཡུམ་གུང་སྨན་ལྷ་རི་གཡས་ཚེ་བུམ་དང་གཡོན་མེ་ལོང་འཛིན་ཅིང་། ཤ་བ་ཡུ་མོ་ལ་ཆིབས་པ། མཐའ་སྐོར་དུ་ཐུགས་སྲས་དགུ་དང་། སྲས་མོ་མཆེད་དགུ། ཕྱོགས་བཞི་སྐྱོང་བའི་གཉན་ཆེན་སྡེ་བཞི། ལྷ་སྨན་སུམ་བརྒྱ་དྲུག་ཅུ། སྤྲུལ་བ་ཡང་སྤྲུལ་དཔག་ཏུ་མེད་པས་བསྐོར་བ། རང་གི་ཐུག་ཀའི་ས་བོན་ལས་འོད་ཟེར་འཕྲོས།ཡར་སྟོད་རྨ་ཆེན་གངས་ཀྱི་རི་བོ་སོགས་གར་བཞུགས་གནས་མཆོག་དམ་པ་ནས། སྲིད་པའི་ལྷ་རབས་རྨ་རྒྱལ་སྤོམ་ར་འཁོར་དང་བཅས་པ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་གྲུབ་བའི་དབང་ཕྱུག་པདྨ་འབྱུང་གནས་དང་། །བློ་བཟང་རྒྱལ་བའི་དབང་པོས་བཀའ་བསྒོས་བཞིན། །བསྟན་པ་སྐྱོང་མཛད་ལྷ་ཡི་དགེ་བསྙེན་ཆེ། །འཁོར་བཅས་ཐོགས་པ་མེད་པར་གཤེགས་སུ་གསོལ། །སྦྲིན་དཀར་གཡོ་འདྲའི་རྫུ་འཕྲུལ་རྟ་ཡི་སྟེང་། །དར་མདུང་མདའ་གཞུ་ཞགས་པ་འཛིན་མཛད་ཅིང་། །དཀར་གསལ་དཔའ་བརྗིད་མཛེས་པའི་རྣམ་འགྱུར་གྱིས། །འཕྲིན་ལས་སྒྲུབ་ཕྱིར་གནས་འདིར་བརྟན་པར་བཞུགས། །ཨོཾ་མཧཱ་དེ་བ་ས་པ་རི་ཝཱ་ར་ཨᨗ་ནས་ཤཔྟའི་བར་གྱིས་མཆོད། ཡིག་བརྒྱ་གང་མང་བརྗོད་ལ།ཧཱུཾ༑རྩ་གསུམ་སྤྱི་དང་ལྷ་གཉན་དགོངས་སུ་གསོལ། །ཐོག་མེད་དུས་ནས་མ་རིག་གཞན་དབང་གིས། །དམ་ཚིག་ཉམས་ཆགས་ཉེས་པ་གང་བགྱིས་པ། །སྙིང་ནས་བཤགས་སོ་བྱམས་བརྩེས་སྐྱོོངས་པར་མཛོད། །བསྐང་རྫས་བྱིན་གྱིས་བརླབས་ཏེ།ཧཱུྃ༑སྤྲོས་བྲལ་བདེ་ཆེན་སྒྱུ་མའི་རྣམ་རོལ་ལས། །དྭངས་བསིལ་རྙོག་བྲལ་ལྷ་རྫས་མཆོད་ཡོན་དང་། །ཉེར་སྤྱོད་རོལ་མོ་འདོད་ཡོན་རྣམ་བ་ལྔ། །རོ་བརྒྱའི་བཅུད་ལྡན་གཏོར་མ་རི་ལྟར་སྤུངས། །ཇ་ཆང་གསེར་སྐྱེམས་བཏུང་བ་མཚོ་ལྟར་བསྐྱིལ། །རྣམ་མང་བསང་རྫས་རབ་འབར་ཞུགས་ཀྱི་ནང་། །བསྲེགས་པའི་དུད་སྤྲིན་ལྷ་ལམ་ཁྱབ་པ་འདིས། །ལྷ་གཉན་ཡབ་ཡུམ་འཁོར་བཅས་ཐུགས་དམ་བསྐངས། །རྟ་གཡག་ལུག་ཁྱི་བྱ་དཀར་དར་ཟབ་གོས། །མཁོ་དགུའི་ཡོ་བྱད་ནོར་བུ་ཤེལ་ཕྲེང་སོགས། །ཕྱག་མཚན་རིན་ཆེན་རྒྱན་ཆ་སྣ་ཚོགས་ཀྱིས། །ལྷ་གཉན་ཡབ་ཡུམ་འཁོར་བཅས་ཐུགས་དམ་བསྐངས། །སྲོག་སྐྱོབ་གོ་ཆ་དགྲ་འཇོམས་མཚོན་ཆ་དང་། །གླིང་བཞི་རི་རབ་ཉི་ཟླ་རིན་ཆེན་བདུན། །བཀྲ་ཤིས་རྫས་རྟགས་ཀུན་བཟང་མཆོད་པའི་སྤྲིན། །རང་རིག་བདེ་སྟོང་སྒྱུ་མའི་རོལ་བ་ཡིས། །རྨ་རྒྱལ་སྦོམ་ར་ཡབ་ཡུམ་ཐུགས་དམ་བསྐངས། །སྲས་བློན་མཆེད་ལྕམ་འཁོར་བཅས་ཐུགས་དམ་བསྐངས། །ཐུགས་དམ་གཉན་སྐོང་བུ་ལྟར་སྐྱོང་པ་དང་། །གང་བཅོལ་ལས་བཞིའི་འཕྲིན་ལས་ལྷུན་གྲུབ་མཛོད། །དེ་ནས་བཟློག་བ་གང་རིགས་དང་། གཏོར་མ་བྱིན་གྱིས་བརླབས་ལ། དྲེགས་པ་འཁོར་བཅས་གྱི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། མཆོད་སྔགས་ལ། ཨེ་དཾ་སོགས་བཏགས་པས་གཙོ་བོ་ཡབ་ཡུམ་དང་། འཁོར་རྣམས་ལ། ཨ་ཀཱ་རོ་ལན་གསུམ་གྱིས་དབུལ། གོང་ལྟར་མཆོད། བསྟོད་པ་ནི། ཧཱུཾ༑ གདོད་ནས་རྣམ་དག་ཆོས་སྐུའི་གཞལ་ཡས་ནས། །སྣ་ཚོགས་སྤྲུལ་བའི་གར་གྱིས་རོལ་བ་ཡིས། །བསྟན་དང་བསྟན་འཛིན་སྐྱོང་བའི་གཡར་དམ་ཅན། །འདོད་དགུའི་ཆར་འབེབས་སྲུང་མའི་དབང་པོར་བསྟོད། །རྟ་མཆོག་གྲོ་ཞུར་སྒ་སྲབ་རྒྱན་ལྡན་སྟེང་། །གངས་རིའི་མདངས་ལྡན་ཁྲོ་ཞིང་ཆགས་བའི་ཚུལ། །དཔའ་བའི་རྟགས་ཆས་མདུང་དར་ཞགས་པ་འཛིན། །མཐུ་ལྡན་དགྲ་ལྷའི་རྒྱལ་པོ་ཁྱོད་ལ་བསྟོད། །ཡིད་འོང་བདེ་སྟེར་གསང་བའི་ཡུམ་མཆོག་དང་། །དཔའ་བའི་སྲས་དང་ལྷ་སྨན་སྲས་མོ་དགུ། །རབ་འཇིགས་ཕྱོགས་སྐྱོང་གཉན་ཆེན་སྡེ་བཞི་དང་། །བཀའ་ཉན་ལས་བྱེད་འཁོར་དང་བཅས་ལ་བསྟོད། །རྡོ་རྗེ་འཆང་དབང་མཉམ་མེད་ཙོང་ཁ་པ། །གྲུབ་དབང་པདྨ་སོགས་ཀྱི་ཐ་ཚིག་བཞིན། །ཐུབ་བསྟན་སྤྱི་དང་འཇམ་མགོན་རྒྱལ་བའི་བསྟན། །བཤད་དང་སྒྲུབ་པས་ཕྱོགས་ཀུན་རབ་རྒྱས་ཤིང་། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་མཛད་འཕྲིན་རྒྱས། །ཡངས་པའི་ལྗོངས་འདིར་ནད་མུག་འཁྲུག་རྩོད་སོགས། །མི་མཐུན་རྒུད་པའི་ཉེར་འཚེ་ཀུན་བཅོམ་ནས། །ཆོས་འབྱོར་བདེ་སྐྱིད་རྫོགས་ལྡན་གསར་ངོམས་མཛོད། །ཁྱད་པར་རང་ལ་འགོ་བའི་དགྲ་ལྷ་ཁྱོད། །སྙིང་ནས་མཆོད་ཅིང་གསོལ་ན་བུ་ལྟར་དུ། །བསྲུང་སྐྱོབ་གཡེལ་མེད་ནད་གདོན་ཀུན་ཞི་ཞིང་། །ཚེ་དཔལ་བསོད་ནམས་སྟོབས་འབྱོར་ལེགས་ཚོགས་རྒྱས། །མཁོ་དགུ་དབང་བསྡུས་གནོད་བྱེད་ཚར་བཅད་ནས། །ཆོས་ལྡན་རེ་བ་ཡིད་བཞིན་འགྲུབ་པ་དང་། །ཟས་ནོར་ལོང་སྤྱོད་སྙན་གྲགས་ཀླུང་རྟ་སོགས། །སྲིད་ཞིའི་ལེགས་ཚོགས་ཕྱ་གཡང་རྒྱས་པར་མཛོད། །མཇུག་ཏུ་གཏང་རག་གི་མཆོད་བསྟོད་བཟོད་གསོལ་དང་། རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་གཤེགས་གསོལ་བྱ་ཞིང་། བཀྲ་ཤིས་ཀྱིས་མཐའ་བརྒྱན་བར་བྱའོ། །སྨྲས་པ། སྤྱན་རས་གཟིགས་དབང་ཐུགས་རྗེའི་རོལ་གར་མཆོག །ཆོས་འཁོར་སྐྱོང་མཛད་དགྲ་ལྷ་འདི་མཆོད་ན། །ཉེར་འཚེ་ལས་རྒྱལ་འདོད་དགུའི་ལེགས་ཚོགས་ཀུན། །ཡར་ཟླའི་དཔལ་བཞིན་འཕེལ་ལ་ཐེ་ཚོམ་བྲལ། །འདིར་འབད་དགེ་ཚོགས་ཁྱབ་འཇུག་འཁོར་ལོ་ཡིས། །གཉིས་འཛིན་སྙིང་གི་སྒྲ་གཅན་སྲོག་འཕྲོག་ཏེ། །རིང་མིན་ཟུང་འཇུག་རྡོ་རྗེའི་སྐུ་ཐོབ་ནས། །མཐའ་གླས་འགྲོ་རྣམས་ཕན་བདེས་སྐྱོང་བར་ཤོག །ཅེས་དྲེགས་པའི་དབང་ཕྱུག་རྨ་རྒྱལ་སྦོམ་ར་ལ་མཆོད་གཏོར་འབུལ་ཚུལ་དགྲ་ལྷ་མཉེས་པར་བྱེད་པའི་མཆོད་སྦྱིན་ཞེས་བྱ་བ་འདི་ནི།ཁྱོམ་ཚ་མཆོག་སྤྲུལ་གྱིས་ལྷ་རྫས་བཅས་ཡང་ཡང་བསྐུལ་བ་ལྟར།དབྱངས་ཅན་བཞད་པས་སྦྱར་པའོ། །།པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།། །།