༄༅།། བཤགས་པ་ནི། བླ་མ་ཡི་དམ་ལྷ་ཚོགས་བདག་ལ་དགོངས།། བདག་ནི་མི་བཟད་ལས་ཉོན་གཞན་དབང་གིས།། སྐུ་གསུང་ཐུགས་དང་འགལ་བ་གང་བགྱིས་བ།། དམིགས་མེད་ཆོས་ཀྱི་དབྱིངས་སུ་བཤགས་པར་བགྱི། ཡང་ན། ཧཱུཾ། རྩ་གསུམ་ལྷ་ཚོགས་བདག་ལ་དགོངས་སུ་གསོལ།། དྲིན་ཅན་བླ་མ་སྐྱབས་གསུམ་འདུས་པའི་སྐུར།། མ་མཐོང་ལོག་རྟོག་ཉེས་པ་གང་བགྱིས་དང༌།། རྡོ་རྗེའི་དམ་ཚིག་འགལ་ཉམས་མཐོལ་ལོ་བཤགས།། ཁྱད་པར་དྲེགས་པའི་སྡེ་དཔོན་འཁོར་བཅས་ཀྱིས།། དམ་ཚིག་བཞིན་དུ་བུ་ལྟར་བསྐྱངས་པ་ལ།། བསྟེན་དང་མཆོད་གཏོར་གཏང་རག་དུས་ལས་གཡེལ།། ཕྱི་ནང་རྟེན་རྫས་མ་ཚང་སྤགས་པ་དང༌།། ཞིང་བཅུའི་སྡིག་ལ་བྱམས་ཤིང་གཏམ་འདྲེས་སོགས།། ཉམས་ཆགས་ནོངས་བ་ཇི་སྙེད་མཆིས་པ་ཀུན།། སྤྲོས་བྲལ་གདོད་མའི་ངང་དུ་བཤགས་བགྱིད་ན།། མ་ལྟར་བྱམས་ཤིང་སྲིད་ལྟར་བརྩེ་བར་མཛོད།། བསྐང་རྫས་བྱིན་གྱིས་བརླབས་ལ། ཧཱུཾ། ལྷུན་གྲུབ་བདེ་ཆེན་རོལ་བའི་རྩལ་སྣང་ལས།། རབ་འབྱམས་མཐུན་རྫས་ཕྱི་ནང་གསང་བའི་རྟེན།། འཛད་མེད་མཆོད་སྤྲིན་ནམ་མཁའ་འགེངས་པ་འདིས།།སྐྱེས་མཆོག་འཁོར་བཅས་ཐུགས་དམ་བསྐངས་གྱུར་ཅིག།།དྭངས་བསིལ་མཆོད་ཡོན་རབ་མཛེས་མེ་ཏོག་དང༌།།དྲི་ཞིམ་བདུག་སྤོས་མུན་སེལ་སྒྲོན་མེ་མཆོག།།ཡིད་འོང་དྲི་ཆབ་རོ་བརྒྱ་ལྡན་པའི་ཟས།། སྙན་བརྗིད་རོལ་མོ་འདོད་ཡོན་རྣམ་ལྔ་ཡིས།། དམ་ཅན་ཆེན་པོ་འཁོར་བཅས་ཐུགས་དམ་བསྐངས།། དགྲ་བགེགས་ཁྲག་དྲོན་དབང་པོ་རྣམ་ལྔ་དང༌།།ཤ་ཆེན་ར་གསུར་ཞུན་ཆེན་མར་མེའི་ཕྲེང་། །ཁྲག་ཆེན་དྲི་ཆབ་རྐང་གླིང་རོལ་མོ་འདིས།། དམ་ཅན་ཆེན་པོ་འཁོར་བཅསཐུགས་དམ་བསྐངས།། སྨན་གཏོར་རཀྟ་མི་ལྦགས་གཡང་གཞི་དང༌།། ར་སྐྱེས་སེང་གེ་ཕྱག་མཚན་དར་དམར་གོས།། སག་ལྷམ་གསེར་སྐེད་ཕོད་ཀ་ལ་སོགས་པས།། དམ་ཅན་ཆེན་པོ་འཁོར་བཅས་ཐུགས་དམ་བསྐངས།། གོ་མཚོན་རྟ་མཆོག་གཡག་ལུག་བྱ་དང་ཁྱི།། སྟག་གཟིག་དོམ་དྲེད་ཅེ་སྦྱང་གསའ་གཡུ་སོགས།། མཐུན་རྫས་སྤྱན་གཟིགས་ལྷ་ལམ་ཁྱབ་པ་འདིས།། དམ་ཅན་ཆེན་པོ་འཁོར་བཅས་ཐུགས་དམ་བསྐངས།། བླ་རྡོ་སྲོག་འཁོར་བྲིས་སྐུ་གསང་རྟེན་མདོས།། རིན་ཆེན་སྣ་བདུན་བཀྲ་ཤིས་རྫས་རྟགས་བརྒྱད།། རི་གླིང་ཉི་ཟླ་ལྷ་མིའི་འབྱོར་སོགས་ཀྱིས།། དམ་ཅན་ཆེན་པོ་འཁོར་བཅས་ཐུགས་དམ་བསྐངས།། མཚན་ལྡན་གཙུག་བསྟེན་ཐོས་བསམ་སྒོམ་ལ་བརྩོན།། རྩ་གསུམ་དབྱེར་མེད་སྣང་སྟོང་སྒྱུ་མའི་སྐུར།། ངེས་རྙེད་མོས་ཀུས་བླ་མེད་རྟེན་མཆོག་གིས།། སྐྱེས་མཆོག་རྡོ་རྗེ་ལེགས་པའི་ཐུགས་དམ་བསྐངས།། དགྱེས་སྡེ་བསྟན་མའི་ཚོགས་ཀྱི་ཐུགས་དམ་བསྐངས།། འཁོར་གྱི་གིང་ཆེན་སྡེ་བཞིའི་ཐུགས་དམ་བསྐངས།། དགེ་བསྙེན་སུམ་བརྒྱ་དྲུག་ཅུའི་ཐུགས་དམ་བསྐངས།། སྤྲུལ་འཁོར་རྒྱ་མཚོའི་ཚོགས་ཀྱི་ཐུགས་དམ་བསྐངས།། དགྱེས་པར་བསྐངས་ནས་ཅི་འདོད་སྩོལ་བ་དང༌།། ལུས་དང་གྲིབ་མ་བཞིན་དུ་རབ་འགྲོགས་ནས།། རབ་འབྱམས་ལས་བཞིའི་འཕྲིན་ལས་བསྒྲུབ་པ་ལ།། ཐོགས་བ་མེད་པའི་མཐུ་དང་ལྡན་པར་མཛོད།། ཅེས་པ་འདི་ནི་དབྱངས་ཅན་བཞད་པས་བྲིས་བའོ།། །། སྔགས་བདག་མ་མོ་ཨེ་ཀ་ཛ་ཊིའི་བསྐང་བཤགས་བཞུགས་སོ།། ཧཱུཾ། སྤྲོས་བྲལ་སྐྱེ་མེད་རིག་པའི་རོལ་པ་ལས།། ཅིར་ཡང་འཆར་བའི་ཀུན་བཟང་མཆོད་པའི་སྤྲིན།། སྟོང་གསུམ་ཁྱོན་ཀུན་ཡོངས་སུ་བགེངས་པ་འདིས།། སྔགས་ཀྱི་བདག་མོ་འཁོར་བཅས་ཐུགས་དམ་བསྐངས།། གདུག་ཅན་སྙིང་ཁྲག་འཁྱིལ་བའི་མཆོད་ཡོན་དང༌།། དབང་པོའི་མེ་ཏོག་ལྷུན་པོའི་སྤོ་ལ་འགྲན།། ཤ་ཆེན་དུད་སྤྲིན་མཁའ་ལམ་ཁྱབ་པ་འདིས།། སྔགས་ཀྱི་བདག་མོ་འཁོར་བཅས་ཐུགས་དམ་བསྐངས།། ཞུན་ཆེན་སྒྲོན་མེ་ཉིན་བྱེད་འོད་ལྟར་གསལ།། ཁྲག་མཁྲིས་དྲི་ཆབ་རྒྱ་མཚོའི་རླབས་བཞིན་གཡོ།། ཞིང་བཅུའི་ཤ་རུས་རྐང་གླིང་རོལ་མོའི་སྒྲས།། སྔགས་ཀྱི་བདག་མོ་འཁོར་བཅས་ཐུགས་དམ་བསྐངས།། མྱུར་མགྱོགས་ཅང་ཤེས་གློག་ལྟར་འགྱུ་བ་དང༌།། འདོད་འཇོའི་བ་དང་ཞོལ་ཆེན་ར་སྐྱེས་ལུག།།བྱ་ཁྱི་སྟག་གཟིག་མཐུན་རྫས་སྣ་ཚོགས་ཀྱིས།། སྔགས་ཀྱི་བདག་མོ་འཁོར་བཅས་ཐུགས་དམ་བསྐངས།། རང་སྲུང་རྡོ་རྗེའི་གོ་ཁྲབ་སྣ་ཚོགས་དང༌།། འབར་བའི་རལ་གྲི་མཚོན་རྣོན་གསལ་ཤིང་མདའ།། རྩེ་གསུམ་འཁོར་ལོ་དགྲ་འཇོམས་མཚོན་ཆ་ཡིས།། སྔགས་ཀྱི་བདག་མོ་འཁོར་བཅས་ཐུགས་དམ་བསྐངས།། སྐམ་རློན་མགོ་ཕྲེང་སྟག་ལྦགས་ཤམ་ཐབས་དང༌།། དཔལ་གྱི་ཆས་བརྒྱད་སྦྲུལ་ཆུན་ཟ་འོག་གོས།། ཞིང་ཝགས་གཡང་གཞི་རྒྱུ་རློན་ལྡ་ལྡི་ཡིས།། སྔགས་ཀྱི་བདག་མོ་འཁོར་བཅས་ཐུགས་དམ་བསྐངས།། ཤ་ཁྲག་གཏོར་མ་བཟའ་བཅའ་རི་ལྟར་སྤུངས།། ན་རྒའི་འཇིགས་སྐྱོབ་ཛ་གད་སྨན་གྱི་ཕུད།། མྱོས་བྱེད་སྟོང་སྦྱར་བདུད་རྩིའི་ཞལ་སྐྱེམས་འདིས།། སྔགས་ཀྱི་བདག་མོ་འཁོར་བཅས་ཐུགས་དམ་བསྐངས།། བྲིས་སྐུ་བླ་རྡོ་སྲོག་འཁོར་ནལ་བུའི་སྙིང༌།། རིན་ཆེན་སྣ་བདུན་བཀྲ་ཤིས་རྟགས་རྫས་བརྒྱད།། ཉི་ཟླ་རི་གླིང་ལྷ་མིའི་དཔལ་འབྱོར་གྱིས།། སྔགས་ཀྱི་བདག་མོ་འཁོར་བཅས་ཐུགས་དམ་བསྐངས།། མཁའ་ཁྱབ་ཡིད་འོང་ཕྱི་ནང་གསང་བའི་རྟེན།། མ་ཚང་མེད་དགུ་རང་སེམས་རིག་པའི་རྩལ།། སྣང་སྟོང་བདེ་ཆེན་སྒྱུ་མའི་རོལ་བ་ཡིས།། སྔགས་ཀྱི་བདག་མོ་འཁོར་བཅས་ཐུགས་དམ་བསྐངས།། རྩ་གསུམ་ཞི་ཁྲོ་ཆོས་སྐུར་རོ་གཅིག་ཀྱང༌།། གང་འདུལ་ཐབས་ཀྱིས་རྔམས་འཇིགས་དྲག་མོའི་སྐུར།། བསྟན་པར་ཡིད་ཆེས་དང་མོས་གདུངས་ཤུགས་ཀྱིས།། སྔགས་ཀྱི་བདག་མོ་འཁོར་བཅས་ཐུགས་དམ་བསྐངས།། ཐུགས་དམ་བསྐང་ངོ་དངོས་གྲུབ་མ་ལུས་སྩོལ།། བཤགས་པ་ནི། རྩ་གསུམ་ལྷ་ཚོགས་བདག་ལ་དགོངས་སུ་གསོལ།། མ་རིག་དབང་གིས་དམ་ཚིག་ཉམས་ཆགས་སོགས།། ཁྱོད་ཐུགས་འགལ་བའི་ཉེས་བ་གང་བགྱིས་པ།། སྤྲོས་བྲལ་བདེ་ཆེན་ཀློང་དུ་བཤགས་པར་བགྱི།། ཞེས་པ་འདི་ནི་གང་སྣང་སྒྱུ་མ་ལྟར་མཐོང་ཞིང༌།དྲན་རྟོགས་བདེ་སྟོང་གི་རྣམ་རོལ་ཏུ་འཁྱེར་བའི་གཏེར་ཆེན་བདུད་འཇོམས་གླིང་བ་རྩལ་གྱི་གསུང་གིས་བསྐུལ་ངོར་༧ བན་ཆུང་དབྱངས་ཅན་བཞད་པའི་རྡོ་རྗེས་བྲིས་བ་དགེ་ལེགས་འཕེལ།། །། པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།།