༄༅།། ཧཱུཾ་ལྷུན་གྲུབ་སྤྲོས་བྲལ་ཆོས་དབྱིངས་ངང་ཉིད་ལས།། ཁྲོ་གཏུམ་རྔམས་པའི་ཉམས་ཀྱིས་དགྲ་སྡེའི་དཔུང༌།། ཐར་བར་བརླག་མཛད་སྟོབས་འཕྲོག་གདོང་བཞི་བ།། ཡུམ་བཞི་སྤྲུལ་འཁོར་རྒྱ་མཚོ་གནས་འདིར་བྱོན།། ལྷ་སྔགས་ཏིང་འཛིན་རྣམ་རོལ་ཉེར་སྤྱོད་དང༌།། འདོད་ཡོན་རྣམ་ལྔ་རྒྱལ་སྲིད་རིན་ཆེན་བདུན།། བཀྲ་ཤིས་རྟགས་རྫས་གོ་མཚོན་སྤྱན་གཟིགས་ཚོགས།། དམར་ཆེན་གཏོར་མ་སྨན་རག་མཆོད་པ་དང༌།། བླ་མ་ཡི་དམ་ཆོས་སྲུང་དབྱེར་མེད་པར།། ངེས་རྙེད་ཁྲིམས་གཙང་ཐོས་བསམ་སྒོམ་པ་དང༌།། གསང་ཆེན་རིམ་གཉིས་ལམ་བཟང་མཆོད་པ་འདི།། ལྷ་མཆོག་དགྱེས་པ་སྐྱེད་ཕྱིར་འབུལ་གྱིས་བཞེས།། ཁྱད་པར་བསྐལ་བའི་ཞུགས་ལ་འགྲན་པའི་མེར།། རྣམ་མང་བསང་རྫས་བསྲེགས་བའི་དུད་བའི་སྤྲིན།། འཆི་མེད་ལམ་དང་ནོར་འཛིན་ཁྱོན་བཀང་སྟེ།། དཔལ་མགོན་ཆོས་སྐྱོང་འཁོར་དང་བཅས་ལ་འབུལ།། ཐུབ་བསྟན་སྤྱི་དང་འཇམ་མགོན་བླ་མའི་བསྟན།། དབྱར་མཚོ་ལྟར་འཕེལ་སྐྱེས་མཆོག་དམ་པ་ཡི།། ཞབས་བརྟན་མཛད་འཕྲིན་གདུགས་དཀར་གྲིབ་བསིལ་གྱིས།། ལུས་ཅན་རྒུད་པའི་ཚ་གདུང་སེལ་བར་མཛོད།། མི་འདོད་ཀུན་ཞི་ལེགས་ཚོགས་རབ་རྒྱས་ཤིང༌།། མཁོ་དགུ་དབང་སྡུད་བསྟན་ལ་འཚེ་བ་རྣམས།། རྣོ་མྱུར་དྲག་པོས་རྡུལ་དུ་བརླག་པ་སོགས།།ལས་བཞི་ལྷུན་གྱིས་འགྲུབ་པའི་གྲོགས་མཛོད་ཅིག།།ཅེས་དཔལ་མགོན་ཞལ་བཞི་བའི་བསང་མཆོད་མདོར་བསྡུས་འདི་ཡང་བྱིངས་འདྲེན་དགེ་སློང་ཡེ་ཤེས་ཚུལ་ཁྲིམས་ཀྱིས་བསྐུལ་བ་ལྟར་༧ དབྱངས་ཅན་བཞད་པས་འཕྲལ་དུ་བྲིས་བའོ།། །། རྒྱལ་བའི་བསྟན་སྲུང་དཔལ་མགོན་ཞལ་བཞི་བ་ལ་བརྟེན་ནས་རླུང་རྟ་ཡར་བསྐྱེད་དང་གཡང་འབོད་བྱ་ཚུལ་ཐུགས་བཞེད་རོལ་མཚོ་རྒྱས་པའི་ཟླ་ཤེལ་ཞེས་བྱ་བ་བཞུགས་སོ།། །། ཧཱུཾ རྣམ་མང་ཤེས་བྱའི་རྒྱུ་སྐར་ཕྲེང་བའི་ཚོགས།། རྣམ་དག་བདེ་ཆེན་ཀུན་གསལ་ཡངས་པའི་ངོར།། རྣམ་པར་སྡོམ་མཛད་བླ་མ་ཧེ་རུ་ཀར།། རྣམ་ཀུན་དད་བས་སྙིང་ནས་ཕྱག་བགྱིད་དོ།། གང་གི་བརྩེ་ཆེན་ཆུ་འཛིན་གདེངས་ཀ་ལས།། འཕྲིན་ལས་གློག་ལྟར་མྱུར་བའི་སྲུང་མ་ཆེའི།། རྣམ་རོལ་སྟོབས་འཕྲོག་དཔལ་མགོན་གདོང་བཞི་བ།། འཁོར་བཅས་མ་གཡེལ་རླུང་རྟ་ཡར་ལ་བསྐྱེད།། སྔོན་ལས་འཕྲལ་རྐྱེན་ངན་པའི་བསྐྱེད་པ་ཡི། །ནད་རིམས་གདོན་འགེགས་དུས་མིན་འཆི་བ་སོགས། །དམ་ཆོས་སྒྲུབ་ལ་གེགས་བྱེད་རྒུད་པ་ཀུན། །ལྷག་མེད་ཞི་པའི་རླུང་རྟ་ཡར་ལ་བསྐྱེད། །ཚེ་བསོད་སྟོབས་འབྱོར་མངའ་ཐང་སྙན་གྲགས་དང༌།། ལུང་དང་རྟོགས་བའི་བཤད་སྒྲུབ་བྱ་བ་སོགས།། ཕུན་ཚོགས་སྡེ་བཞིའི་འབྱོར་བ་མ་ལུས་བ།། མཚོ་ལྟར་རྒྱསཔའི་རླུང་རྟ་ཡར་ལ་བསྐྱེད།། ལྷ་ཀླུ་མི་དང་དྲེགས་ལྡན་ཆེ་དགུ་དང༌།། ཟས་ནོར་ལོངས་སྤྱོད་འཁོར་འབངས་ཡོ་བྱད་སོགས།། ཆོས་དང་སྲིད་ཀྱི་དཔལ་འབྱོར་མ་ལུས་པ།། དབང་དུ་འདུ་བའི་རླུང་རྟ་ཡར་ལ་བསྐྱེད།། བསྟན་འགྲོ་སྤྱི་དང་བདག་ཅག་འཁོར་བཅས་ལ།། གནོད་ཅིང་འཚེ་བའི་སྡིག་ཅན་དགྲ་བགེགས་རྣམས།། བསད་བསྐྲད་རངས་རྨོངས་སོགས་ཀྱིས་ཚར་གཅོད་པའི།། མངོན་སྤྱོད་དྲག་པོའི་རླུང་རྟ་ཡར་ལ་བསྐྱེད།། རབ་དཀར་བསོད་ནམས་ནགས་ཀླུང་དོ་ར་རུ།། ཆོས་སྲིད་འབྱོར་བའི་རི་མོ་རྣམ་པར་བཀྲ།། འཁུ་བའི་སེམས་ལྡན་རི་སྐྱེས་མཐར་མཛད་པའི།། སྟག་ལྟར་འཕྱོ་བའི་རླུང་རྟ་ཡར་ལ་བསྐྱེད།། དགེ་ལྡན་རིང་ལུགས་གངས་རིའི་སྤོར་འགྱིང་ཞིང༌།། དྲི་མེད་ལུང་རིགས་གད་རྒྱང་མཐོན་པོ་ཡིས།། སྨྲ་ངན་ལག་ལྡན་འཇོམས་ལ་ཟླ་བྲལ་བའི།། སེང་ལྟར་ངར་བའི་ཀླུང་རྟ་ཡར་བསྐྱེད།། རྒྱ་ཆེན་གཞུང་ལུགས་འཆི་མེད་ལམ་ཡངས་སུ།། ཐོས་བསམ་གཤོག་ཡངས་བསྐྱོད་པའི་མི་ངལ་བ།། ཉམས་དང་རྟོགས་བའི་གསེར་མིག་ཉེར་མཛེས་པའི།། ཁྱུང་ལྟར་ལྡིང་བའི་རླུང་རྟ་ཡར་ལ་བསྐྱེད།། ཕུལ་བྱུང་བློ་གྲོས་ནམ་མཁའི་གླང་པོ་ལས།། ལྔ་རིག་གློག་གི་ཞགས་པ་དང་འགྲོགས་ཏེ།། སྐལ་བཟང་མདོངས་མཐའི་སྙིང་ལ་བདེ་སྟེར་བའི།། འབྲུག་ལྟར་ལྡིར་བའི་རླུང་རྟ་ཡར་ལ་བསྐྱེད།།གཞན་ཕན་ལྷག་བསམ་སྤུ་སྡུག་གོས་ཀྱིས་ཀླུབས།།རྒྱལ་སྲས་སྤྱོད་པའི་སྒ་སྲབ་ཆས་ཀྱིས་སྤུད།། ཐེག་མཆོག་ལམ་དུ་རྒྱུ་བའི་གོམ་འགྲོས་ཅན།། རྟ་མཆོག་རིན་ཆེན་རླུང་རྟ་ཡར་ལ་བསྐྱེད།། མཐུ་སྟོབས་དབང་ཕྱུག་བསྟན་སྲུང་དབང་གི་རྒྱལ།། ཡིད་ཆེས་དད་བའི་རྒྱལ་མཚན་རྩེར་མཆོད་མཐུས།། འཕྲིན་ལས་རྣམ་བཞིའི་གྲུ་ཆར་འབུམ་འཇོ་བས།།ལུགས་གཉིས་འབྲས་བཟང་ཆེས་ཆེར་རྒྱས་གྱུར་ཅིག།།བདེ་ལེགས་འབྱུང་གནས་རྒྱལ་བསྟན་དར་ཞིང་རྒྱས།། བསྟན་འཛིན་དམ་པའི་ཞབས་པད་སྲིད་མཐར་བརྟན།། ནོར་འཛིན་ཡངས་པའི་འཇིག་རྟེན་ཁམས་རྣམས་སུ།། དགེ་མཚན་ཤིས་བས་དུས་ཀུན་ཁྱབ་གྱུར་ཅིག།།གཡང་འབོད་ནི། བདེ་ལེགས་རྩ་བ་དྲིན་ཅན་བླ་མ་དང༌།།ནམ་ཡང་བསླུ་མེད་སྐྱབས་གནས་དཀོན་མཆོག་གསུམ།། དཔའ་བོ་མཁའ་འགྲོ་མཐུ་ལྡན་སྲུང་མའི་ཚོགས།། ནོར་ལྷ་གཏེར་བདག་བཅས་པས་བྱིན་ཆེན་ཕོབས།། རྣམ་ཀུན་སྒྲིབ་བྲལ་བདེ་སྟོང་རང་བཞིན་ལས།། བརྟན་གཡོའི་དཀྱིལ་འཁོར་ཅིར་ཡང་འཆར་བཟོད་པ།། ཧེ་རུ་ཀ་ཡི་རོལ་གར་གདོང་བཞི་བ།། ཡུམ་བཞི་དྲེགསཔའི་ཚོགས་བཅས་དེང་འདིར་དགོངས།། ཏིང་འཛིན་སྔགས་དང་ཕྱག་རྒྱས་ཉེར་བསྐྲུན་པའི།། འཛད་མེད་མཆོད་གཏོར་ཀུན་གསལ་མཐར་བརྒལ་བ།། རྩེ་གཅིག་མོས་གུས་དྭངས་པས་ལེགས་འབུལ་ན།། དགྱེསབཞིན་བཞེས་ལ་ཕྱྭ་གཡང་དངོས་གྲུབ་སྩོལ།། མཆོག་གསུམ་བྱིན་རླབས་ནོར་བུའི་ཏོག་མཛེས་པའི།། བསོད་ནམས་གདུགས་དཀར་སྲིད་རྩེར་གཡོ་བ་དང༌།། ཆོ་རིགས་བཙུན་པའི་རྙོག་བྲལ་རྫིང་བུ་རུ།། རྒྱུད་འཛིན་གསེར་ཉ་རྩེན་བའི་ཕྱྭ་གཡང་སྩོལ།། དལ་འབྱོར་རྟེན་བཟང་གསེར་སྦྱངས་བུམ་བཟང་དུ།། ཚེ་དཔལ་བདུད་རྩིས་ཕྱུར་བུར་རབ་གཏམས་ཤིང༌།། ལས་སྨོན་པད་དཀར་བཞེད་པའི་ལྟོ་བ་རུ།། ཟས་ནོར་སྦྲང་རྩི་རྒྱས་པའི་ཕྱྭ་གཡང་སྩོལ།། སྒོ་གསུམ་ལེགས་བྱས་སྐྱེས་པ་ལྔ་བ་ཡིས།། གྲགས་སྙན་སྒྲ་དབྱངས་ཕྱོགས་བཅུར་ཁྱབ་བ་དང༌།། གཉེན་བཤེས་དྲ་མིག་མཛེས་པའི་དཔལ་བེ་ལ།། ཡིད་མཐུན་རི་མོ་བཀྲ་བའི་ཕྱྭ་གཡང་སྩོལ།། བདེ་ཞིང་སྐྱིད་པའི་རིན་ཆེན་ཡུ་བའི་རྩེར།། མཆོད་བཀུར་གཏོང་བའི་རྒྱལ་མཚན་མི་ནུབ་ཅིང༌།། ཡོངས་ལ་སྨན་བའི་མཛད་བཟང་འཁོར་ལོ་ཡིས།། ཆོས་སྲིད་གླིང་བཞིར་བསྒྱུར་བའི་ཕྱྭ་གཡང་སྩོལ།། དྲི་བྲལ་བློ་གྲོས་ཤེལ་གྱི་ཨདརྴར། །གཞུང་བརྒྱའི་སྣང་བརྙན་འགོག་མེད་འཆར་བ་དང༌།། ལུང་རྟོགས་ཡོན་ཏན་སྨན་མཆོག་གྷཾ་ཝཾ་གིས།། རྨོངས་བའི་རིམས་ནད་སེལ་བའི་ཕྱྭ་གཡང་སྩོལ།། ལམ་སྟོན་བཤེས་གཉེན་འདོད་འཇོའི་བ་མོ་ལས།། གདམས་ངག་ཞོ་གསར་ཆད་མེད་འབྱུང་བ་དང༌།། འཆད་རྩོད་རྩོམ་པའི་སྔོ་ལྗང་དུར་བ་ཡིས།། ཐུབ་བསྟན་ཡུན་རིང་གནས་བའི་ཕྱྭ་གཡང་སྩོལ།། མང་དུ་ཐོས་བའི་བིལ་བའི་འབྲས་བཟང་ལ།། སྒྲུབ་བ་ཉམས་ལེན་རོ་བརྒྱའི་དཔལ་ལྡན་ཞིང༌།། ལུང་རིགས་གཡས་འཁྱིལ་དུང་གི་རང་སྒྲ་ཡིས།། ཉོན་མོངས་གཉིད་ལས་སློང་བའི་ཕྱྭ་གཡང་སྩོལ།། རྣམ་དག་བསླབ་ཁྲིམས་གཙང་མའི་ལི་ཁྲི་ཡིས།། ཆོས་ཚུལ་རབ་འབྱམས་དབང་དུ་འདུ་བ་དང༌།། མཐུ་སྟོབས་ནུས་པའི་འབྲུ་མཆོག་ཡུངས་དཀར་གྱིས།། ནག་ཕྱོགས་བགེགས་རིགས་འཇོམས་པའི་ཕྱྭ་གཡང་སྩོལ།། མདོ་རྒྱུད་ཆོས་ལ་དབང་བྱེད་རྩིབས་སྟོང་ཅན།། རང་གཞན་དོན་གཉིས་ལྷུན་གྲུབ་ཡིད་བཞིན་ནོར།། ཟག་མེད་བདེ་དགའ་སྐྱེད་པའི་མཛའ་ན་མོ།། བཀའ་བཞིན་བསྒྲུབ་པའི་བློན་གྱི་ཕྱྭ་གཡང་སྩོལ།། ལྷག་བསམ་ཁུར་ཆེན་འདེགས་པའི་གཉིས་འཐུང་དབང༌།། ཐེག་ཆེན་ལམ་བཟང་བགྲོད་པའི་ཅང་ཤེས་རྟ།། ཐབས་ཤེས་ཟུང་འཇུག་རིན་ཆེན་གཏེར་མཛོད་ལ།། དབང་བསྒྱུར་ཁྱིམ་བདག་རིན་ཆེན་ཕྱྭ་གཡང་སྩོལ།། མདོར་ན་སྲུང་མའི་མཐུ་བྱིན་འགྲམ་ཆང་གིས།། སྡེ་བཞིའི་སིནྡྷུ་ཝ་རའི་ཁ་ཕྱེས་ནས།། འཕྲལ་ཡུན་རེ་འབྲས་ལྷུན་གྲུབ་སྦྲང་རྩི་ཡིས།།ལུས་ཅན་བུང་བའི་དགའ་སྟོན་རྒྱས་གྱུར་ཅིག།།ཅེས་རྒྱལ་བའི་བསྟན་སྲུང་དཔལ་མགོན་གདོང་བཞི་བ་ལ་བརྟེན་ནས་རླུང་རྟ་ཡར་བསྐྱེད་དང་གཡང་འབོད་བྱ་ཚུལ་ཐུགས་བཞེད་རོལ་མཚོ་རྒྱས་པའི་ཟླ་ཤེལ་ཞེས་བྱ་བ་འདི་ནི། ༧ གནམ་བསྐོས་གོང་མ་རིན་པོ་ཆེའི་རིགས་ཀྱི་ཅོད་པན་དུ་མངའ་གསོལ་བའི་མཁས་བའི་དབང་ཕྱུག་དམ་པ་རྭ་ཁོ་ཧུ་ཐོག་ཐུ་ནས་རྒྱང་རིང་པོ་ནས་འཕྲིན་ཡིག་གི་ལམ་ནས་བསྐུལ་མ་གནང་བའི་བཀའ་ཟློག་མ་ནུས་བར་༧ ཨ་མཆོག་སྐྱེས་མིང་བ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའམ། བརྡ་སྤྲོད་ཀུན་བཤད་ཀྱི་མིང་དབྱངས་ཅན་བཞད་པའི་རྡོ་རྗེར་འབོད་པས་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་སྦྱར་བ་འདིས་ཀྱང་༧ སྐྱེས་མཆོག་གང་གི་ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པར་གྱུར་ཅིག། །།