༄༅།།དགེ་ཚུལ་གྱི་བསླབ་བྱ་བླངས་འདས་སོ་དྲུག་གི་སྤངས་བླང་རགས་ཙམ་གྱི་ངོས་འཛིན་བླང་དོར་ཀུན་གསལ་ཞེས་བྱ་བ་བཞུགས་སོ།།

༄༅༅། །ན་མོ་གུ་རུ་ཤཱཀྱ་མུ་ནི་ཡ། །རྣམ་འདྲེན་སྟོང་ལས་ཐུགས་བསྐྱེད་བཙན་པོའི་གོ །ཉེར་བཞེས་བཅུ་གཉིས་མཛད་པས་སྙིགས་དུས་འགྲོ། །གདུལ་ལ་དཔའ་བ་རྣམའདྲེན་ཤཱཀྱའི་ཏོག །ཡབ་སྲས་བརྒྱད་པར་བཅས་པ་གཙུག་ན་རྒྱལ། །བརྩེ་ཆེན་ཐུགས་རྗེའི་སྟོབས་ཀྱིས་དུས་ཀྱི་མཐར། །མཁྱེན་གཏེར་འཇམ་དཔལ་རལ་བའི་ཁུར་བོར་ཏེ། །གསུམ་ལྡན་བཤེས་གཉེན་ཟོལ་གྱིས་ཐུབ་པའི་བསྟན། །སྤེལ་མཛད་དམ་པའི་ཞབས་རྡུལ་གཙུག་གིས་མཆོད། །བསྟན་པའི་ནང་མཛོད་འདུལ་གཞུང་བ་ཀུ་ལའི། །དཀའ་གནད་འདབ་མ་བློ་གྲོས་འགྲམ་ཆད་གིས། །འབྱེད་ལ་ཟླ་བྲལ་ཡོན་ཤཱཀ་རྣམ་གཉིས་སོགས། །གསལ་མཛད་བཤེས་གཉེན་རིམ་བྱོན་ཕྱག་གི་ཡུལ། །ཕན་བདེའི་འབྱུང་གནས་ཚུལ་ཁྲིམས་གཙང་མའི་གཞིར། །ཚངས་ལ་མ་ནོར་ཡབ་རྗེའི་བསྟན་པའི་གནད། །མདོ་སྔགས་ཕྱོགས་རེར་མ་གྱུར་ཟུང་འབྲེལ་ལམ། །ཉམས་ལེན་བྱང་ཆུབ་བསྒྲུབ་པའི་ཐབས་རྨད་བྱུང། །དེ་ཕྱིར་རང་རྒྱུད་ཉེས་ལྟུང་རྙོག་པའི་མཚོར། །བག་ཡང་རྒྱུ་པ་ཡིད་ཀྱི་གླང་པོ་ཆེ། །དྲན་ཤེས་ལྕགས་ཀྱུས་འདུལ་བའི་ཐབས་ཚུལ་རྨད། །བླང་དོར་བསླབ་བྱའི་ངོས་འཛིན་འདི་ན་འགོད། །ཡོན་ཏན་རྩ་བ་སྡོམ་པའི་ཚུལ་ཁྲིམས་ཉིད། །འཆད་བྱེད་འདུལ་བའི་གཞུང་གི་གནད་ཀྱི་དོན། །སྡོམ་པ་ཐོབ་བྱེད་ཐོབ་པ་བསྲུང་བའི་ཚུལ། །ཉམས་ན་ཕྱིར་བཅོས་བྱེད་ཚུལ་གསུམ་ལས་འདིར། །མི་ཉམས་བསྲུང་ཐབ་ལྔར་ཡོད་དགེ་བའི་བཤེས། །ཚུལ་བཞིན་བསྟེན་འདི་ལེགས་ཚོགས་རྩ་བར་གསུངས། །དེ་ཡང་ལྟུང་བའི་སྒོ་བཞིར་ངེས་ཕྱིར་ན། །མཁས་ལས་གདམས་ངག་ཉན་དང་གོམས་པ་ལས། །མཆོག་གསུམ་དད་དང་ལས་འབྲས་ཡིད་ཆེས་ཤིང་། །འཁོར་བར་སྐྱོ་ཤེས་དྲག་པོས་རྒྱུད་བསྐུལ་ནས། །དྲན་ཤེས་བག་ཡོད་ངོ་ཚ་ཤེས་པ་དང་། །ཁྲེལ་ཡོད་ལྡན་པའི་སྒོ་ནས་བསྲུང་པ་གཅེས། །དེ་རྗེས་འགལ་རྐྱེན་སྡོམ་པའི་མི་མཐུན་ཕྱོགས། །ཤེས་ནས་བསྲུང་དགོས་དེ་ཡང་འདུལ་བ་ལས། །རྩ་བཞི་ཆང་དང་གར་ཕྲེང་མལ་ཆེ་མཐོ། །དུས་མིན་ཁ་ཟས་གསེར་དངུལ་ལེན་པ་སྟེ། །དངོས་བསྟན་བཞི་བཅུར་བསྡུས་ནས་འཆད་ཚུལ་དང་། །དེ་སྟེང་ཉམས་པ་རྣམ་གསུམ་བསྣན་པ་ཡིས། །བཅུ་གསུམ་ཉིད་དོ་མཛོད་ལྟར་ཚུལ་ཁྲིམས་དང་། །བག་ཡོད་བརྟུལ་ཞུགས་ཡན་ལག་གསུམ་སོགས་ཀྱིས། །དབྱེ་བསྡུ་མང་ཡང་མི་འགལ་ལུང་གི་དོན། །བསྡུ་ལུགས་ཙམ་མོ་མདོ་རྩའི་སྤྱི་བསྟན་དུ། །མ་ལུས་བསླབ་བྱ་སྐབས་འདིར་བླངས་འདས་དང་། །ཕྱོགས་མཐུན་ལྟུང་མེད་གསུམ་དུ་བསྡུས་ནས་གསུངས། །འོན་ཀྱང་དགེ་ཚུལ་སྡོམ་པ་གཞོན་ནུའི་སྐབས། །ནོད་ཚེ་བསླབ་ཁྲིམས་མང་ཐོས་འཇིགས་པའི་རྒྱུར། །འགྱུར་སྲིད་སྔོན་ཚེ་བྲི་ཛའི་བུ་ཇི་བཞིན། །དེ་ཕྱིར་སྡེ་ལྔའི་བཅས་པ་འདིར་མ་མཛད། །དེས་ན་ཡོན་ཏན་འོད་ཀྱི་དགོངས་པ་ལྟར། །བརྗོད་དོ་སྲོག་གཅོད་ལ་བཞི་ཕམ་འདྲའི་གཞི། །གཉིས་ལས་རྟེན་གང་དགེ་ཚུལ་སྡོམ་ལྡན་ལ། །ཤེས་པ་རང་བཞིན་གནས་པ་ཡུལ་མི་འམ། །མིར་ཆགས་བསམ་པ་ལ་གཉིས་འདུ་ཤེས་ནི། །ཡིན་ལ་ཡིན་དང་ཐེ་ཙོམ་ཟ་བའི་བློ། །ཀུན་སློང་གསོད་འདོད་སྦྱོར་བ་དུག་མཚོན་གྱིས། །རང་སྔོན་སྲོང་དབང་འགག་ཚེ་མཐར་ཐུག་གྲུབ། །ཀུན་སློང་གནོད་སེམས་མི་དགོས་སྐྱོང་མ་བཞིན། །འོན་ཀྱང་དུས་མཉམ་རྗེས་སུ་ཤི་བས་མིན། །འདེབས་སྤྱོད་རིམ་བཞིན་སྲོག་ཆགས་ཕྲ་མོ་ལ། །གནོད་པར་མཐོང་ཡང་རང་ཆེད་མིན་པར་འདེབས། །རང་དོན་འབའ་ཞིག་ཆེད་དུ་སྤྱོད་པ་སྟེ། །གང་གནོད་སྲོག་ཆགས་གྲངས་སྙེད་བཤགས་བྱ་ཡིན། །དེའི་ཕྱིར་ཆུ་ཚགས་འཆང་བ་འདི་འགོག་ཆེད། །དུད་འགྲོ་གསོད་པ་བསམ་བཞིན་གསོད་གསོད་བཅུག །མ་བྱིན་ལེན་ཡུལ་རང་དང་ནོར་ཐ་དད། །མི་ཡིས་བདག་བཟུང་རིན་ཐང་ཚང་བའི་ཚད། །རིན་ཐང་འགྱུར་ཕྱིར་འཆད་ཚུལ་མང་ན་ཡང་། །རང་ལུགས་གསེར་ཞོའི་བརྒྱུད་ཆ་ཚད་དུ་གསུངས། །འདུ་ཤེས་མ་འཁྲུལ་རང་ཆེད་བརྐུ་པའམ། །འཕྲོག་སྟེ་ཐོབ་བློ་སྐྱེས་པའི་ཚེ་ན་གཏོང་། །མི་ཚངས་སྤྱོད་ཡུལ་ལམ་གསུམ་གང་རུང་ལ། །ཤི་བའི་ལུས་སམ་བུད་མེད་དུད་འགྲོའི་ལུས། །འདྲ་བར་གླིང་གཞི་རྗེས་བཅས་སོགས་ཀྱིས་ཤེས། །རྩོལ་པའི་རྟེན་ཡང་ལས་རུང་རྒྱུད་དང་འབྲེལ། །སྤྱིར་བཏང་ཕལ་ཆེར་འདུ་ཤེས་གཙོ་ཆེ་ཡང་། །འདི་ལ་ངོ་བོ་གཙོ་ཕྱིར་མ་འཁྲུལ་མིན། །ཀུན་སློང་རེག་པ་བདག་གིར་བྱེད་འདོད་དེ། །སྦྱོར་བ་དེ་ལྟར་རྩོལ་པའོ་མཐར་ཐུག་ནི། །རེག་པའི་བདེ་བ་རྫོགས་པར་ལུས་ཤེས་ཀྱིས། །མྱོང་སྟེ་ཡིད་ཀྱིས་བདག་གིར་བྱས་ནའོ། །འདོད་ཆགས་འདི་ཉིད་འཁོར་བར་འཆིང་བྱེད་ཀྱི། །རྩ་བར་གསུངས་ཕྱིར་གཉེན་པོར་དྲན་ཤེས་དང་། །ལུས་འདི་རྣག་ཁྲག་མི་གཙང་རྫས་སོགས་ཀྱིས། །གང་སྙམ་མི་སྡུག་འདུ་ཤེས་བསྒོམ་པའང་མཆོག །གསོད་རྐུ་མི་ཚངས་སྤྱོད་ལ་དངོས་གཞིའི་རྟེན། །གཟུགས་གཞན་བསྒྱུར་ཡང་འདུ་ཤེས་ཡོད་ན་དེར། །མཐར་ཐུག་འགྲུབ་གསུངས་སྦྱོར་དངོས་ཉེས་བྱས་རྣམས། །འབྱུང་ཚུལ་གཞུང་དང་དམ་པའི་ངག་ལ་བསྟེན། །རྫུན་སྨྲའི་ཡུལ་ཡང་ཐ་སྙད་ལྔ་ལྡན་ལ། །ངོ་བོ་གོང་མའི་ཡོན་ཏན་མ་འཁྲུལ་བར། །ཐོབ་ཞེས་སྨྲ་འདོད་སྦྱོར་བ་ཡན་ལག་ལྔས། །མི་ཆོས་བླ་མ་ཐོབ་པར་སྨྲ་བའམ། །གཞན་ཀྱི་སྨྲས་པ་དང་བླང་དེས་གོ་ནའོ། །གཞི་མེད་དགེ་སློང་རྣམ་དག་དེར་ཤེས་བཞིན། །འདི་དང་བུད་མེད་འདི་གཉིས་མི་ཚངས་པར། །སྤྱད་ཅེས་བྱེད་པ་པོ་དང་བྱ་བ་གཉིས། །སྦྱར་ཅེས་བྱེད་པ་པོ་དང་བྱ་བ་གཉིས། །སྦྱར་ནས་རྫུན་གྱིས་སྐུར་འདེབས་སྨྲ་པའོ། །བག་ཙམ་བྱེད་པ་པོ་དང་བྱ་བ་གཉིས། །གསལ་བར་མ་སྦྱར་རྩ་ལྟུང་སྐུར་འདེབས་སོ། །དགེ་འདུན་དབྱེན་ནི་འདུས་སྡེར་ངན་སེམས་ཀྱིས། །སྟོན་དང་ལམ་གཞན་དེ་ལ་ཤེས་བཞིན་དུ། །བསླུས་ནས་འདུ་ཤེས་བསྒྱུར་ཏེ་དབྱེན་བྱས་འབྱེད། །དེ་རྗེས་ཕྱོགས་ནི་དགེ་འདུན་དབྱེན་གྲོགས་བྱེད། །ཁྱིམ་སུན་འབྱིན་པ་གྲོང་དུ་ཆང་འཐུང་སོགས། །ཁྱིམ་པའི་ལས་བྱེད་གྲོགས་ཀྱི་ཉེས་པ་གླེང་། །སྐྱོན་དེས་རང་ཉིད་བསྐྲང་ཚེ་དགེ་འདུན་དེར། །རིགས་མིན་ཚིག་བརྗོད་སྐུར་བ་འདེབས་པའོ། །རྫུན་ནི་མི་ཆོས་སོགས་གཞན་དཔེར་བརྗོད་ན། །མཐོང་ལ་མ་མཐོང་ཞེས་བརྗོད་བཤེས་ངོར་ནི། །དགེ་འདུན་ཡོ་བྱད་རིགས་པར་བསྔོས་པ་ལ། །ཤེས་བཞིན་དེ་ཉིད་ལས་གཞན་བཟློག་དེ་སྨྲ། །འཕྱ་བ་ཞལ་ཏ་བ་ཡིས་གནས་མལ་སོགས། །རང་ལ་འཚམ་ཞིང་འོས་པ་བསྟབས་པའི་ཚེ། །རིགས་མིན་ཚིག་གི་དངོས་དང་ཟོལ་གྱིས་འཕྱ། །ཟས་ཆུང་ཚུལ་བཞིན་ཆོས་སྟོན་ཟང་ཟིང་ཆེད། །ཡིན་ཞེས་ཕྲག་དོག་ཚིག་གིས་སྐུར་འདེབས་སོ། །ལྷག་མའི་སྐུར་འདེབས་དགེ་སློང་རྣམ་དག་ལ། །མཐོང་ཐོས་དོགས་པའི་གཞི་མེད་དེར་ཤེས་བཞིན། །དེ་ལ་ལྷག་མ་མན་གྱི་སྐུར་བ་འདེབས། །བསླབ་པ་སྤོང་བ་གཞན་གྱི་ཁྲིམས་འདི་ལ། །ཚུལ་བཞིན་སློབ་ཅེས་བསྒོ་བར་ཡིད་ཆེས་བཞིན། །ད་དུང་མཁས་ལ་དྲི་སྟེ་བསླབ་ཅེས་སྤོང་། །འབྲས་ཆན་འགབས་པ་ལྷག་པོ་ལེན་ཕྱིར་དུ། །སྔར་ཐོབ་སྤེད་སོགས་བཅུ་གཉིས་རྫུན་ལས་དབྱེ། །ཆང་ནི་འབྲུ་དང་བཅོས་པའི་ཆང་ལ་སོགས། །མྱོས་འགྱུར་འཐུང་བའོ་རྒོད་བག་ཆགས་སེམས་ཀྱིས། །གླུ་དབྱངས་ལེན་དང་བྲོ་གར་བྱེད་པ་དང་། །དགོས་མེད་རོལ་མོའི་སྒྲ་འབྱེན་རྣ་རྒྱན་སོགས། །རྒྱན་འདོགས་ལི་ཁྲི་སོགས་ཀྱིས་བྱད་བཞིན་བསྒྱུར། །ཙན་དན་ཛ་ཏིའི་སྤོས་ཆུ་ལུས་ལ་བྱུག །མེ་ཏོག་ཕྲེང་སོགས་མཛེས་བྱེད་འཆིང་པའོ། །ཁྲི་སྟན་གསེར་དངུལ་ལས་བྱས་ཆེན་པོ་དང་། །ཁྲུ་གང་ལས་ལྷག་མཐོ་བར་འདུག་གམ་མཉམ། །ཕྱི་དྲོའི་ཁ་ཟས་ཉི་མ་ཕྱེད་ཡོལ་ནས། །སྐྱ་རེངས་དང་པོའི་བར་གྱི་དུས་མིན་པར། །དེར་འདུ་ཤེས་སམ་ཐེ་ཚོམ་ཟ་བའི་བློས། །དུས་རུང་བཟའ་བཅའ་ཁམ་རེས་ཉེས་བྱས་རེ། །བསྐྱེད་མོད་མུ་དྲུག་སྐྱེ་ཚུལ་འདུལ་སྡོམ་ལས། །དུས་མིན་དེར་ཤེས་ཐེ་ཚོམ་དངོས་གཞི་གཉིས། །དུས་ལ་དུས་མིན་ཐེ་ཚོམ་ན་སྨད་གཉིས། །དུས་དང་དུས་མིན་དུས་ཤེས་ཉེས་མེད་གསུངས། །གསེར་དངུལ་ལེན་པ་ནོར་གྱི་འདུ་ཤེས་ཀྱིས། །བླངས་ཞིང་སྲིད་པས་བདག་གིར་བྱས་པའོ། །གོས་དཀར་ཕུ་ཐུང་ཅན་སོགས་ཁྱིམ་པའི་རྟགས། །དགོས་མེད་བགོ་བ་ཁྱིམ་པའི་རྟགས་སྤོང་ཉམས། །བླ་གོས་ལྷུང་བཟེད་སོགས་དོར་གཅེར་བུ་སོགས། །མི་སྟགས་ཐུན་མོང་མིན་པའི་རྟགས་འཆང་བ། །རབ་བྱུང་རྟགས་རྣམས་བླང་བ་ཉམས་པར་བཤད། །མཁན་པོར་མ་གུས་ཁྱད་གསོད་བཀའ་མི་བསྒྲུབ། །བསྙེན་བཀུར་སྤོང་བ་མཁན་པོར་གསོལ་བཏབ་ལས། །ཉམས་པ་འདི་རྣམས་བླངས་ལས་འདས་པ་ཡིན། །ལྟུང་མེད་ཕྱོགས་མཐུན་གཉིས་ནི་བཤད་མཚོ་ལས། །འཆང་བ་དང་ནི་འབྲལ་བ་དང་། །དེ་བཞིན་ས་ནི་བརྐོ་བ་དང་། །རིན་ཆེན་རེག་དང་མེ་ལ་རེག །སྤངས་ནས་ཟ་བར་བྱེད་པ་དང་། །ལྗོན་ཤིང་འཛེག་དང་ཤིང་གཅོད་དང་། །བྱིན་ལེན་མ་བྱས་ཟ་བ་དང་། །རྩྭ་སྔོན་མི་གཙང་འདོར་བ་དང་། །དེ་བཞིན་གསོག་འཇོག་ཟ་བ་དང་། །ས་བོན་འཇོམས་དང་བསླབ་པའི་གཞི། །བཅུ་བོ་དག་ནི་མ་གཏོགས་པ། །བླངས་པའི་ཕྱོགས་མཐུན་ཤེས་པར་བྱ། །ཞེས་གསུངས་འཆང་སྤངས་དེ་ལ་གོས་ལྷུང་གི །ཞག་བཅུའི་འཆང་སྤངས་གཉིས་སྟེ་བཅུ་གསུམ་སྟེང་། །ཟླ་འཇོག་དགོན་པའི་འབྲལ་བ་གསོག་འཇོག་བྱེད། །དགེ་ཚུལ་ཕན་ཚུལ་ནུབ་ལྷག་ཉལ་བ་དང་། །ལས་ཀྱི་གནས་ནས་མི་སྨྲ་འགྲོ་བ་སྟེ། །ལྟུང་མེད་ཕྱེད་དང་བཅོ་བརྒྱད་དེ་ལས་གཞན། །ལུང་ལས་འབྱུང་རྣམས་ཕྱོགས་མཐུན་བསྡམས་བྱ་ཡིན། །གཞན་ཡང་བསླབ་པ་ཡོངས་སུ་སྦྱོངས་པའི་ཐབས། །གཞི་གསུམ་ཉིད་དེ་དབེན་པར་བསླབ་གསུམ་གྱིས། །རང་རྒྱུད་བཏུལ་བ་ཞི་གནས་གསོ་སྦྱོང་དང་། །བླངས་འདས་ཆད་གཏོགས་ཕྱོགས་མཐུན་ཉེས་བྱས་རྣམས། །བཤགས་བསྡམས་བྱེད་ཚུལ་མཐུན་པའི་གསོ་སྦྱོང་ངོ་། །བསྲུང་ཐབས་བདེར་གནས་རྐྱེན་བསྟེན་དེ་ལའང་། །འཚོ་བའི་ཡོ་བྱད་ཚུལ་བཞིན་བཅང་བ་དང་། །ལུས་སྲོག་ཕྱིར་དུ་ཕྱེ་སོགས་དུས་རུང་སྨན། །ཇ་སོགས་ཐུན་ཚོད་རུང་བ་འབྲུ་མར་དང་། །བུ་རམ་སྦྲང་རྩི་བསྐོལ་བ་ཞག་བདུན་སྨན། །འབྲས་གསུམ་ལ་སོགས་འཚོ་བཅང་སྨན་རྣམས་དང་། །གནས་མལ་མཐའ་གཉིས་མ་ལྟུང་ཚུལ་བཞིན་དུ། །འདོད་ཆེན་ཆོག་མི་ཤེས་པ་སྤངས་ཏེ་བསྟེན། །གཞན་གྱི་དད་རྫས་ལོངས་སུ་སྤྱོང་ཚུལ་ཡང་། །དགྲ་བཅོམ་རྒྱུད་ཞུགས་ཁྲིམས་ལྡན་ལེ་ལོ་ཅན། །ཁྲིམས་འཆལ་རིམ་བཞིན་བདག་པོའི་ཚུལ་དང་ནི། །བྱིན་པ་ལེན་དང་རྗེས་སུ་གནང་པའི་ཚུལ། །བུ་ལོན་ལྕགས་བསྲེགས་ཚུལ་དུ་ལོངས་སྤྱོད་གསུངས། །དེ་ལྟར་བསྟན་པའི་རྩ་བ་བསླབ་པའི་ཁྲིམས། །བསྲུང་བའི་ཕན་ཡོན་བསམ་ཏེ་སྤྲོ་ཤུགས་དང་། །ཚུལ་འཆལ་ཉེས་པའི་རྣམ་སྨིན་ལ་འཇིགས་ནས། །མིག་འབྲས་བཞིན་ཏུ་ཚུལ་ཁྲིམས་བསྲུང་ལ་འབད། །ཉེས་བྱས་ཡིན་ཡང་ཕམ་འདྲའི་ཉེས་བྱས་ཀྱིས། །ཐར་བའི་ལམ་སྲོག་འཕྲོག་ཕྱིར་ཕམ་པ་དང་། །བྱེད་ལས་འདྲ་ཕྱིར་འཆབ་བཅས་གསོ་མི་རུང་། །འཆབ་མེད་ཆད་ལས་བསླབ་ལ་བརྩོན་བྱས་ན། །བསླབ་བྱིན་དགེ་ཚུལ་ཉིད་ཙམ་དེ་ལས་གཞན། །བླངས་འདས་ཆར་གཏོགས་དགེ་སློང་རྣམ་དག་དྲུང་། །མཐོལ་བཤགས་བྱེད་ཅིང་ཕྱོགས་མཐུན་མ་ལུས་ཀུན། །འགྱོད་སེམས་བསྡམས་པས་འདག་གསུངས་ཉེས་བྱས་ཡང་། །མ་བཤགས་ཞག་འདས་མ་མཐོལ་མ་བཤགས་པའི། །ཉེས་པ་གྲངས་མེད་འཕེལ་ཕྱིར་བཤགས་སྡོམ་གཟབ། །འདིས་མཚོན་ལགས་བྱས་ཟླ་བ་ལྟར་དཀར་དེས། །སྐྱེ་ཀུན་ལམ་མཆོག་སྒྲུབ་པའི་རྟེན་རྙེད་ཅིང་། །མཚན་ལྡན་དགེ་བའི་བཤེས་གྱིས་རྗེས་བཟུང་སྟེ། །ཟབ་རྒྱས་བདུད་རྩིས་རྟག་ཏུ་འཚོ་པར་ཤོག །ཚུལ་ཁྲིམས་དག་པའི་རྩ་བ་རབ་བརྟན་ཅིང་། །མང་ཐོས་སྒྲུབ་པའི་ལོ་འདབ་འཁོར་ཡུག་ཁྱབ། །དགེ་ལེགས་འབྲས་བཟང་ཁུར་གྱིས་ཉེར་དུད་པའི། །བསྟན་འཛིན་དཔག་བསམ་ལྗོན་པས་ས་ཁྱབ་ཤོག །ཡུལ་ཕྱོགས་ཀུན་ཏུ་ནད་མུག་འཁྲུག་རྩོད་སོགས། །མི་མཐུན་རྒུད་པའི་སྐྱོན་ཚོགས་ཉེར་ཞི་ནས། །ཚེ་བསོད་དཔལ་འབྱོར་ལེགས་ཚོགས་འདབ་སྟོང་ཚལ། །རབ་བཞད་དགེ་མཚན་ཤིས་པས་སྐྱོང་གྱུར་ཅིག །ཅེས་དགེ་ཚུལ་གྱི་བསླབ་བྱ་བླངས་འདས་སོ་དྲུག་གི་སྤངས་བླང་རགས་པ་ཙམ་གྱི་ངོས་འཛིན་འདི་ལྟ་བུ་དགོས་ཞེས་རང་གི་ཚ་བུ་སྤྲུལ་པའི་སྐུས་ཡང་ཡང་བསྐུལ་བ་ལྟར།༸འདུ་གསུམ་པ་འཇམས་དབྱངས་མཁྱེན་རབ་རྒྱ་མཚོ་འམ།དབྱངས་ཅན་བཞད་པའི་རྡོ་རྗེས་སྦྱར་བ་འདིས་ཀྱང་ཐུབ་བསྟན་རིན་པོ་ཆེ་དར་རྒྱས་ཡུན་རིང་དུ་གནས་པར་གྱུར་ཅིག །    །།པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།།

དཔྱད་མཆན་སྤེལ།