༄༅།།བསྟན་སྲུང་བསྭེ་ཁྲབ་ཅན་ལ་མཆོད་གཏོར་འབུལ་ཚུལ་བསྟན་སྲུང་དགྱེས་པའི་མཆོད་སྤྲིན་འདོད་དགུ་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ།།

༄༅།།ཨོཾ་སྭ་སྟི།། རྣམ་འདྲེན་སྣང་མཐའ་པདྨ་འབྱུང་གནས་དང༌།། བློ་ལྡན་ཤེས་རབ་མཉམ་མེད་ཙོང་ཁ་པ།། བླ་མ་ལྷ་དང་སྲུང་ཚོགས་ཀྱིས།། བཀྲ་ཤིས་དགེ་ལེགས་ཤིས་པ་དེང་འདིར་སྩོལ།། དེ་ལ་འདིར་རྒྱལ་པའི་བསྟན་སྲུང་ཆེན་པོ་བསྭེ་ཁྲབ་ཅན་ལ་མཆོད་གཏོར་འབུལ་པར་འདོད་པས། མཆོད་གཏོར་སྤྱན་གཟིགས། བསང་དང་གསེར་སྐྱེམས་སོགས་ཡོ་བྱད་གང་དགོས་གྱ་ནོམ་པ་བཤམས། ཡིད་དམ་གྱི་རྣལ་འབྱོལ་བརྟན་པོས་མཆོད་གཏོར་རྣམས་བྱིན་གྱིས་རླབས་ལ། ཧྲཱིཿ ལྷུན་གྲུབ་བདེ་ཆེན་དབྱིངས་ལས་མ་གཡོས་ཀྱང༌།། གདུག་པའི་གཤེད་དུ་སྣང་སྟོང་དྲག་པོའི་སྐུར།། ཡོངས་བཞེངས་གནོད་སྦྱིན་ཆེན་པོ་བསྭེ་ཁྲབ་ཅན།། འཁོར་བཅས་འདིར་བྱོན་དགྱེས་བས་གདན་ལ་བཞུགས།། ལྷ་སྔགས་ཏིང་འཛིན་ཡེ་ཤེས་རོལ་བ་ལས།། དམ་ཉམས་ཁྲག་ཞག་དབང་ལྔའི་མེ་ཏོག་ཚོགས།། ཕྱི་ནང་ཉེར་སྤྱོད་འདོད་ཡོན་རྣམ་པ་ལྔ།། རྟ་གཡག་ར་ལུག་བྱ་ཁྱི་ཅེ་སྤྱངས་གསའ།། གོ་མཚོན་མདའ་དར་རིན་ཆེན་སྣ་བདུན་སོགས།། ལྷ་མིའི་དཔལ་འབྱོར་ཀུན་བཟང་མཆོད་པའི་སྤྲིན།། ཏིང་འཛིན་སྔགས་རྒྱས་བྱིན་བརླབས་གཏོར་མ་དང༌།། མང་ཐོས་ཚུལ་བཞིན་སྒྲུབ་པའི་མཆོད་པ་ཡིས།། གནོད་སྦྱིན་བསྭེ་ཡི་ཁྲབ་ཅན་ཐུགས་དམ་བསྐང༌།། སྤྲུལ་འཁོར་རྒྱ་མཚོའི་ཚོགས་ཀྱི་ཐུགས་དམ་བསྐང༌།། ཐུགས་དམ་བསྐང་ངོ་རྐྱེན་བཟློག་བར་ཆད་སེལ།། མཐུན་རྐྱེན་བསམ་དོན་ཡིད་བཞིན་འགྲུབ་པར་མཛོད།། རིན་ཆེན་དར་ཟབ་བསང་རྫས་བརྒྱ་ཕྲག་མེར།། བསྲེགས་པའི་དུད་སྤྲིན་ཟག་མེད་འདོད་དགུའི་གཏེར།། འབུལ་ལོ་དམ་ཚིག་ཉམས་ཆགས་ཉེས་བའི་ཚོགས།། དམིགས་མེད་ཆོས་ཀྱི་དབྱིངས་སུ་དག་གྱུར་ཅིག།།ཡིད་འོང་སྨན་རག་མྱོས་བྱེད་བཏུང་པའི་བཅུད།། བདུད་རྩིར་བྱིན་རླབས་གསེར་སྐྱེམས་རྒྱ་མཚོ་འདི།། འབུལ་ལོ་མཆོད་དོ་ཐུབ་བསྟན་སྲུང་མའི་གཙོ།། རྣལ་འབྱོར་བུ་བཞིན་སྐྱོང་བའི་ཐ་ཚིག་ཅན།། འབྲལ་མེད་ལུས་དང་གྲིབ་མ་ལྟར་འགྲོགས་ཏེ།། ཉིན་གྱི་བྱ་ར་མཚན་གྱི་མེལ་ཚེ་ཡིས།། བསྲུང་སྐྱོབ་གཡེལ་མེད་ཆོས་འབྱོར་བསམ་པའི་དོན།། འབད་མེད་ཡིད་བཞིན་ལྷུན་གྱིས་འགྲུབ་པར་མཛོད།། ཧཱུཾ་རབ་འཇིགས་ཁྲག་མཚོར་རྟ་མཆོག་རག་པའི་སྟེང༌།། ཉི་འོད་འཐུང་པའི་པད་རག་ལྷུན་པོ་བཞིན།། རྔམ་འཇིགས་སྲིན་པོའི་རྣམ་རོལ་དྲེགས་པའི་རྗེ།། བསྟན་སྲུང་ཆེན་པོ་འཁོར་དང་བཅས་ལ་བསྟོད།། རྣལ་འབྱོར་དཔོན་སློབ་དགོན་གནས་སྡེ་དང་བཅས།། མཐུ་ལྡན་སྲུང་མ་ཁྱེད་ལ་གཉེར་གཏད་ན།། སྙིང་ཉེ་སྙན་གསན་མཐུ་རྩལ་མ་ཆུང་བར།། དཀར་མིན་ལས་བསྐྱེད་ནད་རིམས་གདོན་བགེགས་དང༌།། ཕ་རོལ་མནན་གཏད་བྱད་ཕུར་ཐོད་གཏོང་སྲི།། ཁ་སྨྲས་གླེང་གྱོད་བྱུར་དང་ཆོམ་རྐུན་དགྲ།། འབྱུང་བའི་གཡོ་འཁྲུགས་གདོན་གསུམ་འཚེ་བ་སོགས།། ཕྱི་ནང་རྐྱེན་ངན་བར་ཆད་ཞི་པར་མཛོད།། མཐུན་རྐྱེན་ཚེ་བསོད་དཔལ་འབྱོར་རབ་རྒྱས་ཤིང༌།། རབ་སྙན་གྲགས་པའི་བ་དན་སྲིད་རྩེར་བསྙེགས།། མདོ་སྔགས་བཤད་སྒྲུབ་དབྱར་གྱི་ཆུ་གཏེར་ལྟར།། འཕེལ་ཞིང་རྒྱས་བའི་འཕྲིན་ལས་མ་གཡེལ་ཞིག།།ཁྲིམས་ལྡན་མང་ཐོས་སྒྲུབ་པའི་རྒྱལ་མཚན་མཆོག།།འཛིན་མཛད་བགྲང་ཡས་ཕྱོགས་བཅུའི་དགེ་འདུན་སྡེ།། དྲེགས་ལྡན་རླུང་སེམས་སྡེ་བཞིའི་དཔལ་དང་གཡང༌།། སྣོད་བཅུད་ལེགས་ཚོགས་མགྲོན་དུ་འགུགས་པར་མཛོད།། རྣལ་འབྱོར་དཔོན་སློབ་བསྟན་དང་བསྟན་འཛིན་སྡེར།། གནོད་ཅིང་འཚེ་བའི་སྡིག་ཅན་ནག་པོའི་ཕྱོགས།། ཡིད་ལ་བརྣག་པའི་དམ་ཉམས་དགྲ་བགེགས་ཀུན།། རྡུལ་ཕྲན་བཞིན་དུ་བརླག་པའི་འཕྲིན་ལས་མཛོད།། བསྟན་པའི་ཡང་སྙིང་འཇམ་མགོན་བསྟན་པ་དང༌།། དེ་འཛིན་སྡེ་འདིར་སྲུང་སྐྱོབ་མ་གཡེལ་བར།། བཤད་སྒྲུབ་བྱ་བ་ཡར་ཟླའི་དཔལ་བཞིན་དུ།། ལྔ་བརྒྱའི་མཐར་ཡང་མི་ཉམས་རྒྱས་གྱུར་ཅིག།།མདོར་ན་ཇི་ལྟར་བཅོལ་པའི་ལས་རྣམས་ཀུན།། བསམ་པ་ཇི་བཞིན་དབང་གི་རྒྱལ་པོ་ལྟར།། གེགས་མེད་ཡིད་བཞིན་ལྷུན་གྱིས་འགྲུབ་གྱུར་ནས།། དགེ་ལེགས་ཤིས་པས་ས་གསུམ་ཡོངས་ཁྱབ་ཤོག།།ཅེས་རྒྱལ་བསྟན་སྲུང་མའི་གཙོ་བོ་གནོད་སྦྱིན་བཙན་རྒོད་བསྭེ་ཁྲབ་ཅན་ལ་མཆོད་གཏོར་འབུལ་ཚུལ་བསྟན་སྲུང་དགྱེས་པའི་མཆོད་སྤྲིན་འདོད་དགུ་ལྷུན་གྲུབ་ཅེས་བྱ་བ་འདི་ཡང་དགེ་སློང་བློ་བཟང་རྒྱལ་མཚན་གྱིས་རབ་དཀར་ལྷ་རྫས་དང་དངོས་བོ་དུ་མ་བཅས་ནན་ཆེར་བསྐུལ་བ་ལྟར། དབྱངས་ཅན་བཞད་པས་སྦྱར་བ་ཛ་ཡནྟུ།།    ༄། །ཀྱཻ་ལྷ་ཆེན་ཚངས་པ་ཞི་དྲག་འཁོར་བཅས་ལ།། ཡིད་འོང་འཆི་མེད་སྨན་དང་རཀྟའི་མཚོ།། མྱོས་བྱེད་བཏུང་བ་བདུད་རྩི་གསེར་སྐྱེམས་འདི།། འབུལ་ལོ་མཆོད་དོ་ཐུབ་བསྟན་སྲུང་མའི་གཙོ།། རྣལ་འབྱོར་བུ་བཞིན་སྐྱོང་པའི་ཐ་ཚིག་ཅན།། འབྲལ་མེད་ལུས་དང་གྲིབ་མ་ལྟར་འགྲོགས་ཏེ།། ཉིན་གྱི་བྱ་ར་མཚན་གྱི་མེལ་ཚེ་ཡིས།། བསྲུང་སྐྱོབ་གཡེལ་མེད་ཕྱི་ནང་བར་ཆད་སེལ།། ཚེ་དཔལ་རླུང་རྟ་ཡར་ཟླ་ལྟར་འཕེལ་ཞིང༌།། ཡིད་ལ་བརྣག་པའི་ཆོས་འབྱོར་བསམ་བའི་དོན།། འབད་མེད་ཡིད་བཞིན་ལྷུན་གྱིས་འགྲུབ་པར་མཛོད།། འདི་ཡང་དབྱངས་ཅན་བཞད་པས་བྲིས་པ་ལ།། །།      

༄༅།། ན་མོ་གུ་རུ་བཛྲ་དྷ་རཱ་ཡ། འདིར་རྒྱལ་བའི་བསྟན་སྲུང་ཆེན་པོ་བསྭེ་ཁྲབ་ཅན་ལ་མཆོད་གཏོར་འབུལ་ཚུལ་ནི་རང་ཉིད་ཡི་དམ་ལྷའི་ང་རྒྱལ་དང་ལྡན་པའི་སྒོ་ནས་མཆོད་བཏོར་བྱིན་གྱིས་རློབས། ཧྲཱིཿ གདོད་ནས་སྤྲོས་བྲལ་ཆོས་དབྱིངས་ངང་ཉིད་ལས།། འཇིགས་རུང་སྲིན་པོའི་རྣམ་རོལ་བསྟན་དགྲའི་གཤེད།། གནོད་སྦྱིན་བཙན་རྒོད་སྤྲུལ་བ་རྣམ་པ་དྲུག།།འཁོར་ཚོགས་དང་བཅས་འདིར་བྱོན་བརྟན་པར་བཞུགས།། འགྱུར་མེད་བདེ་ཆེན་ཡེ་ཤེས་རོལ་བའི་རྩལ།། མཐུན་པའི་དམ་རྫས་ཕྱི་ནང་གསང་བའི་རྟེན།། ཤ་ཁྲག་གཏོར་མ་རྣམ་ལྔའི་མཆོད་པའི་ཚོགས།། འཛད་མེད་གངྒའི་རྒྱུན་ལྟར་མཆོད་བགྱིད་ན།། རིགས་དང་བརྒྱུད་ལ་འགོ་བའི་དགྲ་ལྷའི་དབང༌།། ལུས་དང་གྲིབ་མ་ཇི་བཞིན་རབ་འགྲོགས་ཏེ།། རྣམ་བཞིའི་འཕྲིན་ལས་སྒྲུབ་ལ་མ་གཡེལ་བར།། མཛད་འཕྲིན་སྣང་པས་ས་གསུམ་ཁྱབ་པར་མཛོད།། ཅེས་པ་འདི་ཡང་རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་རང་གཟུགས་ཡོངས་རྫོགས་བསྟན་པའི་མངའ་བདག། ༧ གོང་ས་སྐྱབས་མགོན་མཆོག་ནས་བསྭེ་ཁྲབ་ཅན་ཀྱི་གཏོར་འབུལ་ཉུང་བསྡུས་ཞིག་གྱིས་ཞེས་བཀའི་མེ་ཏོག་སྤྱི་བོར་བསྩལ་བ་ལྡོག་མ་ནུས་པར་རྨོངས་རྟུལ་སྐྱེས་མིང་འཛིན་པ་དབྱངས་ཅན་བཞད་པས་བྲིས་པ་དགེ་ལེགས་འཕེལ།། །།        

 ༄༅།། ཧྲཱིཿ རང་མདུན་ཁྲག་ཞག་རྦ་ཀློང་འཁྲིགས་པའི་དབུས།། ཆེ་བཙན་དྲེགས་པའི་སྡེ་དཔོན་དབང་གི་ལྷ།། བསྟན་བསྲུང་ཆེན་པོ་བཙན་རྒོད་བསྭེ་ཁྲབ་ཅན།། འཁོར་བཅས་དགྱེས་བཞིན་བརྟན་པར་བཞུགས་སུ་གསོལ།། ཏིང་འཛིན་སྔགས་རྒྱས་བྱིན་བརླབས་གཏོར་མ་དང༌།། ཉེར་སྤྱོད་འདོད་ཡོན་བདུད་རྩིའི་ཞལ་སྐྱེམས་མཆོག།།ཕྱི་ནང་གསང་བའི་བསྐང་རྫས་སྣ་ཚོགས་ཀྱིས།། གནོད་སྦྱིན་བཙན་རྒོད་འཁོར་དང་བཅས་པ་མཆོད།། དགྱེས་བཞིན་བཞེས་ནས་བུ་ལྟར་སྐྱོང་མཛོད་ལ།། གང་བཅོལ་ལས་ཀུན་ཐོགས་མེད་འགྲུབ་པ་དང༌།། ཁྱད་པར་གསོ་རིག་སྨན་མཆོག་བདུད་རྩིའི་བཅུད།། གང་གིས་མྱང་བས་བཞི་བརྒྱ་རྩ་བཞིའི་ནད།། ཉེར་བཅོམ་ཚེ་ཡི་རིག་འཛིན་མྱུར་ཐོབ་ནས།། བདེ་སྐྱིད་རྫོགས་ལྡན་དཔལ་ལ་སྤྱོད་པ་དང༌།། བསྟན་འཛིན་དམ་བའི་ཞབས་བརྟན་མཛད་འཕྲིན་རྒྱས།། དགེ་འདུན་སྡེ་འཕེལ་བཤད་སྒྲུབ་བྱ་བ་རྣམས།། ནམ་ཡང་མི་ཉམས་དབྱར་གྱི་ཆུ་གཏེར་བཞིན།། འཕེལ་ཞིང་རྒྱས་པའི་འཕྲིན་ལས་མ་གཡེལ་ཞིག། ལྷག་བསམ༌++ཤོག། ཅེས་པ་འདི་ནི་ཆོས་མཛད་འཇམ་དབྱངས་མཁྱེན་རབ་ཀྱི་ལྷ་རྫས་བཅས་བསྐུལ་བའི་ངོར། ༧ དབྱངས་ཅན་བཞད་པས་བྲིས་པའོ།།      

༄༅།། བསྟན་སྲུང་ཆེན་པོ་བཙན་རྒོད་བསྭེ་ཁྲབ་ཅན་གྱི་དྲག་བསྐུལ་དགྲ་སྡེའི་སྲོག་གི་སྤུ་གྲི་ཞེས་བྱ་བ་བཞུགས་སོ།།

།། ཧྲཱིཿ རབ་འབྱམས་རྒྱལ་ཀུན་སོར་རྟོགས་ཡེ་ཤེས་ཉིད།། གཏུམ་རྔམ་དྲག་པོའི་སྐུར་བཞེངས་དགྲ་སྡེའི་གཤེད།། གནོད་སྦྱིན་བཙན་རྒོད་ཆེན་པོ་བསྭེ་ཁྲབ་ཅན།། བཀའ་ཉན་འཁོར་བཅས་དགྱེས་བཞིན་བརྟན་པར་བཞུགས།། ཟག་མེད་བདེ་སྟེར་མཆོད་གཏོར་རྒྱ་མཚོའི་ཚོགས།། འཛད་མེད་གངྒའི་རྒྱུན་བཞིན་བརྟེན་བགྱིད་ན།། སྔོན་ཚེ་སློབ་དཔོན་བརྒྱུད་ལྡན་དམ་པ་ཡིས། །དཔལ་ཆེན་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་དུ། །བཅུ་གནས་བསྟན་པ་བསྲུང་བར་མངའ་གསོལ་ཞིང་། །འགྱུར་མེད་རྡོ་རྗེའི་གཡར་དམ་ལྷུར་བཞེས་བཞིན། །ཐུགས་དམ་དུས་བབས་བསྟན་འཛིན་སྐྱེས་བུའི་སྡེ།། བརྩེ་ཆེན་ཐུགས་རྗེས་བུ་ལྟར་སྐྱོངས་མཛོད་ལ།། ཆེར་སྙིགས་ལྔ་བརྒྱའི་དུས་འདིར་ལྷ་ཁྱོད་ཀྱིས།། དཔའ་གཏུམ་མཐུ་རྩལ་ནུས་པའི་སྟོབས་བསྐྱེད་དེ།། ལོག་སྨོན་མཐུ་ཅན་ནག་ཕྱོགས་དགྲ་བགེགས་ཀུན།། ཚར་ཆོད་སྙིང་གི་ཁྲག་དྲོན་ཞལ་དུ་གསོལ།། ཕ་རོལ་མནན་གཏད་བྱད་ཕུར་རྦོད་གཏོང་དགྲ།། དུས་མིན་འཆི་བ་ནད་རིམས་གདོན་དང་བགེགས།། ཕྱི་ནང་རྐྱེན་ངན་བར་ཆད་ཅི་བྱུང་ཡང༌།། ལྷ་ཁྱོད་མཐུ་སྟོབས་རྩལ་གྱིས་རྨེག་མེད་ཆོམས།། དཔོན་སློབ་སྡེར་བཅས་ཚེ་བསོད་དཔལ་འབྱོར་དང༌།།ཆོས་སྲིད་ལེགས་ཚོགས་དབྱར་མཚོ་ལྟར་རྒྱས་ཤིང༌།། བསླབ་གསུམ་རིམ་གཉིས་བཤད་སྒྲུབ་བྱ་བ་རྣམས།། ལྔ་བརྒྱའི་མཐར་ཡང་མི་ཉམས་རྒྱས་གྱུར་ཅིག།།སྡེ་འདིར་ཁྲིམས་ལྡན་སྐྱེ་བོ་སྤྲིན་བཞིན་འདུ།། འཁོར་འབངས་ཆབ་སྲིད་མཁོ་དགུའི་ཡོ་བྱད་དང༌།། སྲིད་ཞིའི་ལེགས་ཚོགས་སྡེ་བཞིའི་དཔལ་དང་གཡང༌།། རབ་དམར་འོད་ཀྱི་ལྕགས་ཀྱུས་དེང་འདིར་ཁུག།།དགེ་ལྡན་རིང་ལུགས་སྤྱི་དང་ཁྱད་པར་དུ།། བདག་ཅག་དཔོན་སློབ་དགོན་གནས་སྡེ་བཅས་ལ།། དཔོན་མིན་དཔོན་དུ་བརྫུ་བའི་མཐུ་ཅན་དང༌།། གཡོག་དང་འབངས་སུ་བརྫུ་བའི་བསམ་ངན་ཅན།། ཁ་འཇམ་སྙིང་རྩུབ་གཡོ་སྒྱུའི་སྤྱོད་པ་ཡིས།། དངོས་དང་བརྒྱུད་ནས་འཚེ་བའི་སྡིག་ཅན་རྣམས།། ཞག་དང་ཟ་མའི་དུས་ལས་མ་འགྱངས་པར།། མངོན་སྤྱོད་དྲག་པོའི་ལས་ཀྱིས་ཚར་ཆོད་ཅིག།།སྡེ་འདིའི་བཅས་ཁྲིམས་མངོན་ལྐོག་ཁྱད་དུ་གསོད།། ཀུན་ལ་མཐོ་བརྩམས་དབུ་འཕང་ཐབས་ཀྱིས་སྨོད།། འདུ་བའི་སྒོ་འཕྲོག་སྡེ་འདི་རྒྱབ་བསྒྱུར་མཁན།། གང་ཡོད་དེ་ཡི་སྙིང་ཕྱུང་ཁྱོད་ཀྱིས་ཟོ།། རྒྱབ་བསྟེན་དཔོན་འབངས་མི་ནོར་མ་ལུས་ཀུན།། ཟས་སུ་གཏད་དོ་མྱུར་དུ་བརླག་པར་གྱིས།། བསྒོས་པའི་ལས་འདི་མྱུར་དུ་མ་བསྒྲུབ་ན།། སྔོན་ཀྱི་ཐ་ཚིག་དམ་ལས་འགལ་འགྱུར་ཞིང༌།། བསྟན་སྲུང་ཞེས་གྲགས་མིང་དུ་མ་ཟད་དམ།། བདག་ཅག་མཆོད་པའི་འབྲས་བུའང་ཅིང་མ་མཆིས།། དེ་ཕྱིར་འཕྲལ་ཡུན་ཀུན་ཏུ་བླ་མ་ལྷ།། རང་རིག་ངོ་བོ་གཅིག་ཏུ་གུས་བསྟེན་ན།། ཉིན་གསུམ་བྱ་ར་མཚན་གསུམ་མེལ་ཚེ་ཡིས།། མི་འདོད་རྐྱེན་ངན་བར་ཆད་ཀུན་ཞི་ཞིང༌།། མཐུན་རྐྱེན་ལེགས་ཚོགས་གང་གང་འདོད་པའི་དོན།། གེགས་མེད་ལྷུན་གྱིས་འགྲུབ་པའི་འཕྲིན་ལས་མཛོད།།ཅེས་བསྟན་སྲུང་ཆེན་པོ་བཙན་རྒོད་བསྭེ་ཁྲབ་ཅན་གྱི་དྲག་བསྐུལ་དགྲ་སྡེའི་སྲོག་གི་སྤུ་གྲི་ཞེས་བྱ་བ་འདི་ནི། ཆོས་སྡེ་ཆེན་པོའི་བསྟན་སྲིད་ཀྱི་ཆེད་དུ། ༧ དབྱངས་ཅན་བཞད་པས་བྲིས་པ་ཛ་ཡནྟུ།། །། པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།། བཀྲ་ཤིས།།

དཔྱད་མཆན་སྤེལ།