༄༅།།འོད་དཔག་མེད་ལ་བརྟེན་པའི་འཕོ་བ་དང་། སྲད་རྒྱུད་ལུགས་ཀྱི་དགའ་ལྡན་འཕོ་བ་གཉིས་བཞུགས་སོ།།

༄༅།།ན་མོ་གུ་རུ་བྷྱཿ དུས་གསུམ་རྒྱལ་ཀུན་གསུང་གི་རྡོ་རྗེ་ཉིད། །དམར་གསལ་མཚན་དཔེའི་དཔྱིད་དུ་ཉེར་སྨིན་པ། །བདེ་ལྡན་ཞིང་མགོན་རྣམ་འདྲེན་འོད་མཐའ་ཡིས། །དགེ་ལེགས་ཤིས་པ་རྒྱ་མཚོས་སྐྱོངས་གྱུར་ཅིག །བླ་མེད་རྒྱུད་སྔའི་མན་ངག་སྙིང་པོའི་བཅུད། །བཙན་ཐབས་འཚང་རྒྱའི་གདམས་ངག་ཟབ་མོ་ཞེས། །གྲགས་སྙན་སྲིད་པའི་ཁྱོན་ལས་རབ་བརྒལ་པ། །ཚུལ་བཞིན་ཉམས་སུ་ལེན་རྣམས་སྐལ་བ་བཟང་། །འདིར་བདེ་ལྡན་ཞིང་གི་མགོན་པོ་འོད་དཔག་མེད་ལ་བརྟེན་པས་འཕོ་བ་ཉམས་སུ་ལེན་འདོད་པས། །སྐྱབས་འགྲོ་སེམས་སྐྱེད་ཚད་མེད་བཞི་བསྐོམ་པ་སྔོན་དུ་བཏང་ནས།རྨད་བྱུང་བདེ་ལྡན་དག་པའི་ཞིང་ཁམས་ནས། །བསླུ་མེད་སྐྱབས་གནས་བླ་མ་འོད་དཔག་མེད། །རྒྱལ་སྲས་སེམས་དཔའི་ཚོགས་བཅས་དགྱེས་བཞིན་དུ། །འདིར་གཤེགས་མདུན་གྱི་ནམ་མཁར་བཞུགས་སུ་གསོལ། །སྒོ་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ཞིང་། །དངོས་བཤམས་ཡིད་སྤྲུལ་ཀུན་བཟང་མཆོད་པ་འབུལ། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རང་། །བསྟན་འགྲོའི་མགོན་དུ་བསྐལ་བརྒྱར་རྟག་བཞུགས་ནས། །ཟབ་དང་རྒྱ་ཆེའི་ཆོས་འཁོར་བསྐོར་དུ་གསོལ། །དུས་གསུམ་དགེ་ཚོགས་བྱང་ཆུབ་ཐོབ་ཕྱིར་བསྔོ། །རབ་མཛེས་མེ་ཏོག་ལེགས་བཀྲམ་ས་གཞིའི་སྟེང་། །གཞལ་མེད་ལྷུན་པོ་གླིང་བཞི་གླིང་ཕྲན་དང་། །འཁོར་ཡུག་ལྕགས་རི་ཉི་ཟླ་རིན་ཆེན་བདུན། །ལྷ་མིའི་དཔལ་འབྱོར་ཀུན་བཟང་མཆོད་སྤྲིན་འབུལ། །རང་ལུས་དབུས་སུ་དབུ་མ་མདའ་སྙུག་ཙམ། །སྨད་ཕྲ་སྟོད་སྤོམ་ཡར་སྣ་སྤྱི་བོ་དང་། །མར་སྣ་ལྟེ་འོག་སོར་བཞིའི་ཐད་དུ་གནས། །སྙིང་གའི་དབུ་མའི་ནང་དུ་རང་གི་སེམས། །འོད་ཀྱི་ཐིག་ལེ་འཕར་ཞིང་འཕུར་ལ་ཁད། །གཉེན་དང་འཁོར་ནོར་གནས་ལུས་ལ་སོགས་ལ། །ནམ་ཡང་མ་ཆགས་བདེ་ལྡན་ཞིང་མཆོག་ཏུ། །འཕོ་འདུན་དྲག་པོས་གསོལ་བ་འདི་ལྟར་འདེབས། །རབ་འབྱམས་ཞིང་གི་རྒྱལ་བ་མ་ལུས་པའི། །མཁྱེན་བརྩེ་ནུས་པའི་ཡོན་ཏན་གཅིག་བསྡུས་པ། །བསླུ་མེད་བླ་མ་འོད་དཔག་མེད་མགོན་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དེ་ལྟར་གསོལ་བ་བཏབ་པས་བླ་མ་ལྷ། །དགྱེས་བཞིན་བྱོན་ནས་སྤྱི་བོར་བཞུགས་པར་གྱུར། །བླ་མ་སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པའི་ཞབས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བསླུ་མེད་དཀོན་མཆོག་གསུམ་གྱི་ངོ་བོ་ཉིད། །ངན་སོང་འཇིགས་ལས་སྒྲོལ་བའི་དཔའ་བོ་ཆེ། །དག་པའི་ཞིང་དུ་འཁྲིད་པའི་དེད་དཔོན་མཆོག །མགོན་པོ་འོད་དཔག་མེད་ལ་གསོལ་བ་འདེབས། །གནད་གཅོད་གཤིན་རྗེའི་འཇིགས་ལས་བསྐྱབ་ཏུ་གསོལ། །འཇིགས་རུང་བར་དོའི་འཕྲང་ལས་བསྒྲལ་དུ་གསོལ། །བཟོད་དཀའི་ངན་འགྲོའི་གཡང་ལས་དྲངས་སུ་གསོལ། །ཚེ་འདི་བློ་ཡིས་ཐོབས་པར་བྱིན་གྱིས་རློབས། །བྱང་ཆུབ་སེམས་མཆོག་འབྱོར་པར་བྱིན་གྱིས་རློབས། །ཟབ་ལམ་འཕོ་བ་ཐེབས་པར་བྱིན་གྱིས་རློབས། །དག་པའི་ཞིང་དུ་བསྒྲོད་པར་བྱིན་གྱིས་རློབས། །རེ་ས་གཞན་ན་མེད་དོ་ཐུགས་རྗེས་དྲོངས། །ཞེས་གདུང་ཤུགས་དྲག་པོས་གསོལ་བ་བཏབ་ནས། ཧིག་ཅེས་བརྗོད་དེ་འདུ་ཤེས་གསུམ་དང་ལྡན་པས་རང་སེམས་ཐིག་ལེར་གསལ་བ་དབུ་མའི་ལམ་ནས་གྱེན་དུ་དྲངས། ཀ་ཞེས་པས་རང་གནས་སུ་ཕབ་སྟེ་ཡང་ཡང་སྦྱངས།ཐུན་མཐར་འོད་དཔག་མེད་དུ་ཞུ་ནས་ཚངས་བུག་བཀག་བར་མོས་པ་དང་བསྔོ་བ་བྱ། ལས་སྦྱོར་སྐབས་ཐིག་ལེ་འོད་དཔག་མེད་ཀྱི་ཐུགས་ཀར་བསྟིམ། ཕཊ་ཅེས་འོད་དཔག་མེད་སྐར་མདའ་འཕང་བ་ལྟར་བདེ་བ་ཅན་དུ་གཤེགས།རྣམ་ཤེས་ཐུགས་ཀ་ནས་ཕྱུང་སྟེ་རྫུས་ཏེ་སྐྱེས་ནས་གསུང་གི་བདུད་རྩི་ལ་ལོངས་སྦྱོད་པའི་སྐལ་ལྡན་དུ་གྱུར་པར་བསམ་མོ། །སྨྲས་པ། འདིར་འབད་དགེ་བས་རང་གཞན་འགྲོ་བ་ཀུན། །མི་བཟད་སྲིད་པའི་འཇིགས་ཚོགས་ལས་གྲོལ་ཏེ། །བདེ་ལྡན་དག་པའི་ཞིང་མཆོག་དེར་སྐྱེས་ནས། །ཟབ་རྒྱས་གསུང་གི་འདུད་རྩིས་འཚོ་བར་ཤོག །ཅེས་པ་འདི་ནི་དད་བརྩོན་ཡོན་ཏན་ཅན་དགེ་སློང་འཇམ་དབྱངས་བསྟན་འཛིན་གྱི་མོས་ངོར། ༸དབྱངས་ཅན་བཞད་པས་བྲིས་པ་དགེ་ལེགས་འཕེལ།།   །།
ན་མོ་གུ་རུ། འདིར་སྲིད་རྒྱུད་ལུགས་ཀྱི་དགའ་ལྡན་འཕོ་བ་ཉམས་སུ་ལེན་ཚུལ་ནི། སྐྱབས་སེམས་སྤྱི་ལྟར་བྱ། དེ་ནས། རང་གི་སྤྱི་བོར་པད་ཟླའི་གདན་ལ་རང་གི་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་དང་དབྱེར་མེད་པའི་རྗེ་བཙུན་བྱམས་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ་བཟང་པོའི་བཞུགས་སྟངས་ཅན།་་་་་་་་་་་་་ཕྱག་གཉིས་ཆོས་འཁོར་གྱི་ཕྱག་རྒྱས་ཀླུ་ཤིང་གི་མེ་ཏོག་སྡོང་བུ་དང་བཅས་པ་འཁོར་ལོ་དང་རིལ་བ་སྤྱི་བླུག་གིས་མཚན་པ་འཛིན་པ། མཆོག་གི་སྤྲུལ་སྐུའི་ཆ་བྱད་ཅན་མཚན་དང་དཔེ་བྱད་ཀྱིས་བརྒྱན་བ། དེའི་ཐུགས་ཀར་རྒྱལ་པ་ཀུན་གྱི་མཁྱེན་བརྩེ་ནུས་པའི་རང་གཟུགས་རྗེ་ཡབ་སྲས་རྣམས་ཡེ་ཤེས་སེམས་དཔའི་ཚུལ་དུ་བཞུགས་པ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པ། ཧཱུཾ་ལས་འོད་ཟེར་འཕྲོས། དགའ་ལྡན་གྱི་གནས་ནས་རང་འདྲའི་ཡེ་ཤེས་པ་སྤྱན་དྲངས། གཉིས་སུ་མེད་པར་གྱུར་པར་མོས་བའམ། ཡང་ན་དམ་ཚིག་པ་མི་བསྐྱོད་པར་ཡེ་ཤེས་པ་སྤྱན་དྲངས་ནས་དམིགས་པ་སྐྱོངས་ཚེ། སྐྱོན་བྲལ་དག་བའི་ཞིང་མཆོག་དགའ་ལྡན་ནས། །བླ་མ་མཆོག་དང་དབྱེར་མེད་མི་ཕམ་མགོན། །རིགས་གསུམ་ཀུན་འདུས་ཡབ་རྗེ་སྲས་དང་བཅས། །འདིར་གཤེགས་དགྱེས་བཞིན་གཙུག་ཏུ་ལྷམ་མེར་བཞུགས། །སྒོ་གསུམ་གུས་པས་ཡིད་ཀྱིས་ཕྱག་འཚལ་ཞིང་། །དངོས་བཤམས་ཡིད་སྤྲུལ་ཀུན་བཟང་མཆོད་པ་འབུལ། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རང་། །བསྟན་འགྲོའི་མགོན་དུ་བསྐལ་བརྒྱར་རྟག་བཞུགས་ནས། །ཟབ་དང་རྒྱ་ཆེའི་ཆོས་འཁོར་བསྐོར་དུ་གསོལ། །དུས་གསུམ་དགེ་ཚོགས་བྱང་ཆུབ་ཐོབ་ཕྱིར་བསྔོ། །རབ་མཛེས་མེ་ཏོག་སོགས་བཀྲམས་ས་གཞིའི་སྟེང་། །གཞལ་མེད་ལྷུན་པོ་གླིང་བཞི་གླིང་ཕྲན་དང་། །འཁོར་ཡུག་ལྕགས་རི་ཉི་ཟླ་རིན་ཆེན་བདུན། །ལྷ་མིའི་དཔལ་འབྱོར་ཀུན་བཟང་མཆོད་སྤྲིན་འབུལ། །རང་ལུས་དབུས་སུ་དབུ་མ་མདའ་སྙུག་ཙམ། །སྨད་ཕྲ་སྟོད་སྦོམ་ཡར་སྣ་སྤྱི་བོ་དང་། །མར་སྣ་ལྟེ་འོག་སོར་བཞིའི་ཐད་དུ་གནས། །སྙིང་གའི་དབུ་མའི་ནང་དུ་རང་གི་སེམས། །འོད་ཀྱི་ཐིག་ལེ་འཕར་ཞིང་འཕུར་ལ་ཁད། །གཉེན་དང་འཁོར་ནོར་གནས་ལུས་ལོངས་སྤྱོད་ལ། །ནམ་ཡང་མ་ཆགས་དགའ་ལྡན་ཞིང་མཆོག་ཏུ། །འཕོ་འདུན་དྲག་པོས་གསོལ་འདེབས་ཡང་ཡང་བྱ། །མཚན་བརྗོད་བར་སྤྲོ་ན། བླ་མ་སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་བྱམས་པ་མགོན་པོ་འཁོར་རྒྱལ་སྲས་རྒྱ་མཚོའི་ཚོགས་རྣམས་དང་། ཁྱད་པར་དུ་སྐྱབས་གསུམ་ཀུན་འདུས་ཀྱི་ངོ་བོ་ཁམས་གསུམ་འགྲོ་བའི་བླ་མ་ཙོང་ཁ་པ་ཡབ་སྲས་རྣམས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་གསུམ། དེ་ནས། རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་ངོ་བོ་ཉིད། །སྲིས་ཞིའི་འཇིགས་སྐྱོབ་ཐར་པའི་ས་མཁན་མཆོག །སྙིང་རྗེའི་གཏེར་ཆེན་བླ་མ་ལྷ་ཚོགས་ལ། །གདུང་ཤུགས་དྲག་པོས་སྙིང་ནས་གསོལ་བ་འདེབས། །གནད་གཅོད་གཤིན་རྗེའི་འཇིགས་ལས་བསྐྱབ་ཏུ་གསོལ། །འཇིགས་རུང་བར་དོའི་འཕྲང་ལས་བསྒྲལ་དུ་གསོལ། །བཟོད་དཀའ་ངན་འགྲོའི་གཡང་ལས་དྲངས་སུ་གསོལ། །དག་པའི་ཞིང་དུ་བསྒྲོད་པར་བྱིན་གྱིས་རློབས། །རེ་ས་གཞན་ན་མེད་དོ་ཐུགས་རྗེས་དྲོངས། །ཞེས་གསོལ་བ་བཏབ་ནས། འདུ་ཤེས་གསུམ་ལྡན་གྱིས་ཧིག་གཅིག་གམ་གསུམ་གྱིས་རང་སེམས་ཐིག་ལེར་གསལ་བ་གྱེན་དུ་དྲངས།ཀ་ཞེས་རང་གནས་སུ་ཕབ་སྟེ་སྦྱངས་པ་སོགས་འཕོ་ཁྲིད་སྤྱི་ལྟར་རོ། མཇུག་ཏུ་བྱམས་མགོན་དང་རྗེ་ཡབ་སྲས་རྣམས་འོད་དུ་ཞུ་ནས་ཆ་གཅིག་སྙིང་གའི་རྗེ་བླ་མ་ལ་ཐིམ་ཞིང་། ཆ་གཅིག་གིས་ཚངས་བུག་བཀག་པར་མོས་ལ་བསྔོན་སྨོན་བྱའོ། །ཞེས་ཕྲད་རྒྱུད་ལུགས་ཀྱི་དགའ་ལྡན་འཕོ་བ་ཉམས་སུ་ལེན་ཚུལ་འདི་ནི་དད་བརྩོན་ཡོན་ཏན་གྱིས་མཐོ་བ་དགེ་སློང་དཀོན་མཆོག་ཚུལ་ཁྲིམས་ནས་དགེ་ལྡན་བཀྲ་ཤིས་ཆོས་གླིང་གི་ཁྲིད་འཁོད་སྐབས་ནན་གྱིས་བསྐུལ་བ་ལྟར།༸དབྱངས་ཅན་བཞད་པས་སྦྱར་བ་དགེ་ལེགས་འཕེལ།།  །།པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།།

དཔྱད་མཆན་སྤེལ།