༄༅། །ན་མོ་གུ་རུ་བཛྲ་བྷཻ་ར་ཝཱ་ཡ། འདིར་དཔལ་རྡོ་རྗེ་འཇིགས་བྱེད་ལ་བརྟེན་ནས་ཚེ་སྒྲུབ་བྱེད་པར་འདོད་པས། ལྷ་བཅུ་གསུམ་མ་དང་། དཔའ་བོ་གཅིག་པ་གང་རིགས་ཀྱི་བདག་བསྐྱེད་སྒྲུབས་ཐབས་བཞིན་བསྒོམ་ནས། ཞི་ཁྲོ་སྦྲགས་སྒྲུབ་བྱེད་ན་ཞི་བའི་བཟླས་བའི་རྗེས་སུ།
རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་སྐུ་མདོག་སེར་པོ་ཞལ་ཕྱག་ཡོངས་སུ་རྫོགས་པའི་སྐུར་གྱུར་བར་བསམས་ལ།ཟླ་གང་ན་འཁོར་ལོ་དང་བཅས་པ་འོད་དུ་ཞུ་ནས་ཉི་མའི་དཀྱིལ་འཁོར་དུ་གྱུར་པའི་སྟེང་དུ་ཧཱུཾ་ཡིག་གསེར་གྱི་མདོག་ཅན་གྱི་མཐར་སྔགས་ཕྲེང་སེར་པོས་བསྐོར་པ་ལས་འོད་ཟེར་འཕྲོས། བདག་གི་ཚེ་ཡར་བ། འཐོར་བ། ཉམས་ཆགས་སུ་གྱུར་བ། འབྱུང་བོ་མི་མ་ཡིན་གྱིས་འཕྲོག་པ། བརྐུས་པ། ཁྱེར་བ། གཞན་གྱིས་སྔགས་རྫས་ཀྱི་ནུས་པས་སྤས་པ། བཅིངས་པ། མནན་པ་ལ་སོགས་པ་ཐམས་ཅད་བུམ་པ་བདུད་རྩིས་གང་བའི་རྣམ་པ་དང་། འབྱུང་བ་ལྔའི་བཅུད་རྣམས་འོད་དང་བདུད་རྩི་ཁ་ཏོག་སྣ་ཚོགས་པའི་རྣམ་པ་དང་། འཇིག་རྟེན་ཆེ་དགུ་སོགས་སྐྱེ་འགྲོ་ཐམས་ཅད་ཀྱི་ཚེ་བསོད་ལེགས་ཚོགས་གང་མཆིས་རྣམས་བཀྲ་ཤིས་རྫས་རྟགས་ཀྱི་རྣམ་པ་དང་། རྒྱལ་པ་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་སྐུ་གཟུགས། ཡིག་འབྲུ། ཕྱག་མཚན་གྱི་རྣམ་པར་བསྡུས་ནས་སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས། ལུས་ཀྱི་ནང་ཐམས་ཅད་གང་བས། རྒྱལ་པ་སྲས་བཅས་ཀྱི་བྱིན་རླབས་དང་། འཆི་མེད་ཚེའི་དངོས་གྲུབ་མ་ལུས་པ་ཐོབ་པར་གྱུར་པར་བསམས་ལ། རྩ་སྔགས་སྙིང་བོ། ཉེ་སྙིང་རྣམས་ཅི་འགྲུབ་རེ་བཟླ། དེ་ནས། རང་གི་ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས། རང་བཞིན་གྱི་གནས་ནས་དཔལ་རྡོ་རྗེ་འཇིགས་བྱེད་སྐུ་མདོག་སེར་པོ་ཞལ་གཅིག་པ། ཕྱག་ན་བུམ་པ་བདུད་རྩིས་གང་བ་འཛིན་པ་དགུ་སྤྱན་དྲངས། རང་གི་སྤྱི་བོའི་སྟེང་གི་ནམ་མཁའ་ལ་སྣ་ཚོགས་པད་ཉིའི་གདན་ལ་གཙོ་བོའི་ཞལ་རང་ལ་གཟིགས་ཤིང་། འཁོར་རྣམས་གཙོ་བོ་ལ་ཞལ་གཟིགས་ནས་བཞུགས་པར་གྱུར་པར་བསམས་ལ། ཨོཾ་ཡ་མནྟ་ཀ་ས་པ་རི་ཝཱ་ར་ཨᨗ་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ། ནས་ཤབྟ་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱའི་བར་གྱིས་མཆོད། ཨོཾ་ཡ་མནྟ་ཀ་ས་པ་རི་ཝཱ་ར་ཨོཾ་ཨཱཿཧུཾ་གིས་ནང་མཆོད་ཕུལ། གཉིས་མེད་ཐུན་མོང་མ་ཡིན་ཞེས་སོགས་ཀྱིས་བསྟོད། དེ་ནས། དུས་གསུམ་རྒྱལ་བའི་མཁྱེན་རབ་གཅིག་བསྡུས་པ། །
འཇམ་དཔལ་དབྱངས་གང་མ་རུང་འདུལ་ཕྱིར་དུ། །སྙིང་རྗེ་ཆེན་པོས་ཁྲོས་བའི་གར་མཛད་པ། །བླ་མ་གཤིན་རྗེའི་གཤེད་ལ་གསོལ་བ་འདེབས། །ཕྱི་ནང་རྐྱེན་གྱིས་ཚེ་སྲོག་ཡར་དང་འཁྱམས། །ཉམས་དང་ཟད་སོགས་མི་འདོད་རྐྱེན་ངན་དང་།།དུས་མིན་འཆི་བདག་འདུད་སྡེའི་དཔུང་ཚོགས་རྣམས། །དམིགས་མེད་ཆོས་ཀྱི་དབྱིངས་སུ་ཞི་བར་མཛོད། །འབྱུང་བའི་ཚེ་བཅུད་བཀྲག་མདངས་གཟི་བརྗིད་དང་། །བསོད་ནམ་མངའ་ཐང་སྲིད་ཞིའི་ཡོན་ཏན་རྣམས། །བདག་ཡིད་ཁྱེའུ་ཆུང་དགའ་བའི་མཛའ་གྲོགས་སུ། །ཉེར་ཐོབ་རིག་འཛིན་ཚེ་ཡི་དཔལ་སྩོལ་ཅིག །ཅེས་གསོལ་བ་བཏབ་པས། མདུན་གྱི་ལྷ་ཚོགས་རྣམས་ཀྱིས་ཕྱག་གི་བུམ་པ་ཅུང་ཟད་ཡོ་བར་བྱས་ནས་དབང་བསྐུར། །བདུད་རྩི་ཚངས་བུག་ནས་ཞུགས་པས།ནད་གདོན་སྡིག་སྒྲུབ་དབུལ་ཕོངས། །དུས་མ་ཡིན་པའི་འཆི་བ་རྣམས་བ་སྤུའི་བུ་ག་དང་། །འོག་སྒོ་ནས་ཐོན་ཏེ་སངས་ཀྱིས་དག ཚེ་དང་བསོད་ནམས་ཡེ་ཤེས་རྣམས་རྒྱས་པར་གྱུར་པར་བསམས་ལ། །ཡི་གེ་བཅུ་བའི་ན་ནའི་རྫས་སུ། །
པོཥ་ཊ་མ་མ་ཨཱ་ཡུར་ཛྙཱ་ན་བིུཋྚཾ་ཀུ་རུབོ་ཥ་ཊ། ཞེས་མང་དུ་བཟླ། ཡང་སྙིང་བོའི་མཐར་མ་མ་ཨཱ་ཡུར་བུ་ཎྱཻ་ཛྙཱ་ན་བིུཋྚཾ་ཀུ་རུ་སྭཱ་ཧཱ། ཞེས་བཏགས་པ་ཅི་འགྲུབ་བཟླ། མཐར་སྙིང་བོ་ལ་མ་མ་ཀཱ་ཡ་ལྭ་ཀ་ཙི་ཏྟ་བཛྲ་རཀྵ་རཀྵ་སྭཱ་ཧཱ། ཞེས་བཏགས་པ་ཡང་ཅུང་ཟད་བཟླ། དེ་ནས། བླ་མ་ལྷའི་ཐུགས་ཀ་ནས་རྡོ་རྗེ་ཕྲ་མོ་དཔག་ཏུ་མེད་པ་བྱུང་སྟེ་རང་གི་སྤྱི་གཙུག་ནས། རྐང་མཐིལ་གྱི་བར་བ་སྤུའི་བུ་ག་ཐམས་ཅད་རྡོ་རྗེའི་རྡུལ་ཕྲ་རབ་ཀྱི་རང་བཞིན་གྱིས་པར་མཚམས་མེད་པར་གཏམས་པས་ཕྱི་ནང་གི་གནོད་པ་གང་གི་ཀྱང་མི་ཚུགས་པའི་རྡོ་རྗེའི་གོ་ཆ་བགོས་པར་གྱུར་པར་བསམ་མོ། །དུས་མིན་འཆི་བའི་མཚན་མ་མཐོང་བ་ན། །དེ་ཡི་མོད་ལ་རྡོ་རྗེ་འཇིགས་བྱེད་སྐུ། །གསལ་བར་མཐོང་ནས་྾྾྾ཐོབ་པར་ཤོག །རྨད་བྱུང་སྲས་བཅས་སོགས་ཀྱིས་བདེན་སྟོབས་བརྗོད།དེ་ནས།མདུན་གྱི་ནམ་མཁར་བཞུགས་པའི་དཔལ་རྡོ་རྗེ་འཇིགས་བྱེད་གཙོ་འཁོར་རྣམས་དགྱེས་བཞིན་དུ་རང་ལ་ཐིམ་པས་རྒྱུད་ཕྱིན་གྱིས་བརླབས་པར་གྱུར་པར་བསམས་ལ། །ཡིག་བརྒྱ། མཆོད་བསྟོད། གཏོར་འབུལ་སོགས་དཀྱུས་ལྟར་ཉམས་སུ་བླངས་པར་བྱའོ། །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་ཚེ་སྒྲུབ་བྱ་ཚུལ་འདི་ཡང་།དགེ་སློང་གྲགས་པ་ཀླུ་སྒྲུབ་ཀྱིས་ལན་མང་དུ་བསྐུལ་བའི་ངོར།དབྱངས་ཅན་བཞད་པས་སྔོན་གྱི་དམ་པ་རྣམས་ཀྱི་གསུངས་བཞིན་འདོན་བདེ་བར་བཀོད་པ་ཛ་ཡནྟུ།། །།
ན་མོ་གུ་རུ་དེ་ཝ་ཨ་བར་མི་ཏ་ཨཱ་ཡུར་སིདྡྷི་བྷྱཿ རྣམ་འདྲེན་རྒྱལ་ཀུན་སོར་རྟོག་ཡེ་ཤེས་ཉིད། །ངོ་མཚར་མཚན་དཔེའི་རི་མོར་ཡོངས་སྨིན་པ། །དྲན་པ་ཙམ་གྱིས་འཆི་མེད་ཚེ་ཡི་དཔལ། །སྟེར་མཛད་ཚེ་མཐའ་ཡས་པས་དགེ་ལེགས་སྩོལ། །སྒྲ་མི་སྙན་གྱི་ཚེ་སྒྲུབ་ཀྱི་ཆོ་ག་རྒྱས་པ་མ་ལྕོགས་ཚེ། དམིགས་མེད་ཀྱི་ངང་ནས་སྔགས་བཟླས་ཆོ་ག་པར་གསུངས་ཀྱང་།འདིར་ཆོ་ག་ཤིན་ཏུ་བསྡུས་པ་རྡོ་རྗེ་རྩེ་དགུ་བ་ལ་བརྟེན་ནས་ཚེ་བསྲིང་བའི་མན་ངག་ཉམས་སུ་བླངས་པའི་ཚུལ་ནི། སྐྱབས་སེམས་སྔོན་དུ་བཏང་། སྭ་བྷཱ་ལྭས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པད་དཀར་འདབ་བརྒྱད་སྟེང་། །ཧཱུཾ་ལས་རང་ལུས་རྡོ་རྗེའི་ལྟེ་བའི་ནང་། །རང་སེམས་ཧཱུཾ་སྔོན་སྔགས་ཕྲེང་དཀར་པོའི་ཚོགས། །རབ་དཀར་བདུད་རྩིའི་ཟིལ་བ་ཆགས་པ་ལས། །འོད་འཕྲོས་སྲས་བཅས་རྒྱལ་པའི་བྱིན་རླབས་དང་། །ཚེ་བསོད་སྣོད་བཅུད་ཡོན་ཏན་མ་ལུས་ཀུན། །བདུད་རྩི་འོད་དང་འོད་ཟེར་རྣམ་པ་རུ། །བཀུག་ནས་ས་བོན་སྔགས་ཕྲེང་རྣམས་ལ་ཐིམ། །དེ་ནས། ན་མོ་བུད་དྷ་ཡ། ན་མོ་དྷ་རྨ་ཡ། ན་མོ་སཾ་གྷ་ཡ། ཏདྱ་ཐཱ། ཨོཾ་ཨ་རྟེ། བརྟེ། ཀུ་ན་ནནྟེ། ཏ་ཀེ་ཐ་ཀེ། ཏ་ར་ཀྐེ། ཧི་ལི་མི་ལི། སཾ་བྷོ་ཀྵཿ བི་བྷུ་ཀྟུ། བི་སནྟུ། ན་མོ་བྷུ་ཏ་ཡེ་སྭཱ་ཧཱ། ཞེས་པའི་སྔགས་བཟླས་མཐར་དམིགས་མེད་ཀྱི་ངང་དུ་མཉམ་པར་བཞག་གོ །ཚེ་དཔག་མེད་ཀྱི་སྐུའི་ངོ་བོ་རྡོ་རྗེ་རྩེ་དགུ་བ་གསུངས་པ་ཡོངས་གྲགས་ཀྱི་རྡོ་རྗེ་རྩེ་ལྔ་བའི་རཱ་དབུས་མ་གཉིས་གཅིག་ཏུ་བགྲང་པ་ལ་བྱེད་གསུངས། ཁ་ཏོག་ཡང་སྔོན་པོར་གསུངས་པ་དང་། གསེར་གྱི་རྡོ་རྗེར་གསུངས་པ་གཉིས་སྣང་། ཡང་གསུང་གི་ངོ་བོ་སྲོག་འཛིན་གྱི་ཁ་དོག་དང་མཐུན་པའི་སྔགས་ཕྲེང་གཡོན་སྐོར་བགོད་པར་གསུངས་པའང་ཡོད། ཐུགས་ཀྱི་ངོ་བོ་ཧཱུཾ་ཡིག་སྔོན་པོར་བྱེད་བ་མི་བསྐྱོད་པའི་རང་མདོག་ཡིན་ནོ། །སྔགས་འདི་ལ་མི་མཐུན་པ་མང་ཡང་མཁས་གྲུབ་སོ་སོའི་མན་ངག་གི་རྒྱུན་གྱི་བཞེད་ཚུལ་ཡིན་གསུངས། དེ་ལྟར་སྣོད་མིན་ལ་གསང་སྟེ། ཐུན་བཞིར་ཉམས་སུ་ལེན་པའམ། རྒྱུན་གྱི་དུས་སུ་ཐོ་རངས་བྱ་རོག་གི་སྐད་མ་གྲགས་གོང་དང་། མ་མཐའ་མི་དང་ངག་མ་འདྲེས་པའི་སྔོན་དུ་གཟུངས་ཉེར་གཅིག་རེ་ཆགས་མེད་གནང་ན། རྨི་ལམ་ངན་པ་དང་། བྱད་ཕུར་སོགས་ཀྱིས་མི་ཚུགས་པ་དང་། ཚེ་མཆོག་ཏུ་རིང་པ་མ་མཐའ་ལོ་དགུ་བཅུར་འཚོ་བར་གསུངས་སོ། །ཆེས་ཟབ་སྙན་བརྒྱུད་གསང་པའི་མན་ངག་མཆོག །ཁྱོད་ཐུགས་དཔལ་གྱི་བེ་འུར་བཅིངས་པ་ལས། །འཆི་མེད་རྡོ་རྗེའི་ཚེ་ལ་དབང་འབྱོར་ཏེ། །རླབས་ཆེན་མཛད་འཕྲིན་ཡངས་པའི་ས་ཁྱབ་ཤོག །ཅེས་པའང་རྨོངས་རྟུལ་དབྱངས་ཅན་བཞད་པས་གུས་པས་ཕུལ་བ་ཛ་ཡནྟུ།། །།པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།།