༄༅། །ན་མོ་གུ་རུ་སྭ་ར་སྭསྟྱི། །མ་ལུས་རྒྱལ་བའི་མཁྱེན་རབ་ཡེ་ཤེས་ཉིད། །སྨིན་ལེགས་མཚན་དཔེའི་དབྱིང་དུ་ཡོངས་སྨིན་བ། །ཟླ་སྲིད་དཔལ་མོ་ལོངས་སྤྱོད་འཁོར་ལོའི་མཚོར། །ཉེར་བཞུགས་སྨྲ་བའི་དངོས་གྲུབ་དེང་འདིར་སྩོལ། །གང་གང་འགྲོ་བློའི་རྨོངས་མུན་དྲུངས་ཕྱུང་སྟེ། །རྣམ་འབྱེད་ཤེས་རབ་སྣང་པའི་དཔལ་སྦྱིན་མཁན། །ཚངས་སྲས་ལྷ་མོའི་སྒྲུབ་ཐབས་མ་ལི་ཀ །བློ་གསལ་གར་མཁན་ཡོངས་ཀྱི་རྒྱན་དུ་སྤེལ།དེ་ལ་འདིར་དཔའ་པོ་གཅིག་སྒྲུབ་དང་།གཤིན་རྗེ་གཤེད་དམར་ནག་གི་རྒྱུད་ལས་གསུངས་པའི་ཝང་ལྷ་མོ་དབྱངས་ཅན་མ་དཀར་མོའི་སྒྲུབ་ཐབས་ཉམས་སུ་ལེན་བར་འདོད་པས། ཤ་ཆང་སྒོག་རིགས་སྤངས་ཏེ་ཁྲུས་སོགས་གཙང་སྒྲ་དང་ལྡན་པས་སྟན་བདེ་བ་ལ་འདུག་སྟེ། སྐྱབས་འགྲོ་སྤྱི་ལྟར་བྱ། སེམས་ཅན་ཐམས་ཅད་ཀྱི། དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་ལྷ་མོ་དབྱངས་ཅན་མའི་སྒྲུབ་ཐབས་ཉམས་སུ་བླང་པར་བྱའོ། སྙམ་དུ་སེམས་བསྐྱེད། རང་ཉིད་ལྷ་མོ་དབྱངས་ཅན་མར་གསལ་བའི་ཐུགས་ཀའི་ཧྲཱིཾཿ ཡིག་གི་འོད་ཟེར་གྱིས་དབྱངས་ཅན་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཨོཾ་སྭ་ར་སྭ་སྟེ་ཨᨗ་ནས་ཤབྟ་པྲ་ཏཱིཙྩ་ཧཱུཾ་སྭཱ་ཧཱས་མཆོད།དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ལན་གསུམ་གྱིས་སྡོམ་པ་བཟུང་ལ་ཚད་མེད་བཞི་ཡང་བསྒོམ། དངོས་གཞི་ནི། ཨོཾ་ཤཱུ་ནྱ་ཏས་སྟོང་པར་སྦྱངས། སྟོང་པའི་ངང་ལས་བཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཡི་གེ་ཧྲཱིཾཿ ཡིག་དཀར་པོ། དེ་ལས་འོད་འཕྲོས། འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་ཚུལ་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་ལྷ་མོ་དབྱངས་ཅན་མ་དཀར་མོ་ཞལ་གཅིག་ཕྱག་གཉིས་ཀྱི་གཡོན་པས་བྷཻ་ཊཱུརྱ་སྔོན་པོ་ལས་གྲུབ་པའི་བི་ཝང་རྒྱུད་སྟོང་དང་ལྡན་པ་བསྣམས་པ། ཕྱག་གཡས་པའི་སོར་མོས་པི་ཝང་གི་རྒྱུད་བརྡུང་བ་ལ་བརྩོན་པ། ཞབས་གཉིས་ཙོག་བུའི་ཚུལ་དུ་བཞུགས་པ། དར་སྣ་ཚོགས་ཀྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ལ་མེ་ཏོག་དཀར་པོའི་ཕྲེང་བ་བཅིངས་ཤིང་། ལྷག་མ་སིལ་བུར་འཕྱང་བས་སྐུ་སྟོད་ཁེབས་པ། སྤྱི་བོར་ཟླ་བའི་དཀྱིལ་འཁོར་གྱིས་མཛེས་པ། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་དཀར་ཧཱུཾ་སྔོན་པོ། རང་གི་སྙིང་ཁའི་ནང་དུ་སྲོག་གི་ངོ་བོ་ཨཾ་དཀར་བོའི་ནཱ་ད་ལས་འཕྲོས་པའི་འོད་ཟེར་གྱིས། རྒྱ་མཚོའི་འགྲམ་ན་བཞུགས་པའི་ལྷ་མོའི་ཐུགས་རྒྱུད་བསྐུལ་པས་ལྷ་མོ་ཤེས་རབ་ཀྱི་འཁོར་ལོ་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་པྲི་ཏི་དེ་ཝཱི་ཧྲཱིཾཿ ཨᨗ་ནས་ཤཔྟའི་བར་གྱིས་མཆོད། ཛཿ ཧཱུཾ་བཾ་ཧོཿ ལྷ་མོ་རང་ལ་ཐིམ། ཡེ་ཤེས་འཁོར་ལོ་འོད་ཀྱི་རྣམ་པར་རླུང་དང་འགྲོགས་ཏེ་སྣ་བུག་གཡོན་ནས་ཞུགས། ཐུགས་ཀའི་ཨཾ་ལ་ཐིམ་པ་ལས། རང་གི་སྙིང་ཀར་དབྱངས་ཅན་མའི་ཤེས་རབ་ཀྱི་འཁོར་ལོ་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་གདན་ལ་ཧྲཱིཿ དཀར་བོ་ནཱ་ད་དང་བཅས་པ། འདབ་མ་བརྒྱད་ལ་དབྱངས་གྱི་ཡི་གེ་གཉིས་གཉིས་གཡས་སྐོར་དུ་འཁོར་བ། མར་མེའི་ཕྲེང་བ་ལྟར་དཀར་ཞིང་གསལ་བའི་འོད་གྱིས་ལུས་ཀྱི་ནང་ཐམས་ཅད་གང་། མི་ཤེས་པའི་མུན་བ་སངས། འཆད་རྩོད་རྩོམ་པ་ལ་ཐོགས་པ་མེད་པའི་བློ་གྲོས་གྱི་སྣང་བ་རྒྱས། ལུས་ངག་ཡིད་གསུམ་བདེ་པས་ཁྱབ་པར་བསྒོམ། སྐྱོན་བཟླས་པ་བྱ་བ་ནི། ཧྲཱིཾཿ ཞེས་བརྗོད་པས། ཐུགས་ཀའི་ཧྲཱིཾཿ གི་ནཱ་ད་ལས་མར་མེ་གཅིག་ལས་གཉིས་ཆད་ལྟར། ཧྲཱིཾཿ ཡིག་གི་ཕྲེང་བ་རང་གི་ཞལ་ནས་ཐོན། ལྟེ་བར་ཞུགས། སྙིང་ཁའི་ཧྲཱིཾཿ ལ་ཐིམ་པས་མགལ་མེའི་འཁོར་ལོ་ལྟར་འཁོར་པའི་འོད་ཟེར་གྱིས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དང་། ཁྱད་པར་རྨོངས་མུན་བསལ་ནས། བློ་གྲོས་ཀྱི་སྣང་བ་རྒྱས་པར་བསམ་ལ། ཧྲཱིཾཿ རེ་བརྗོད་པ་དང་འཁོར་ལོ་འཁོར་པ་དུས་མཉམ་བྱ། ཡང་འཁོར་ལོ་ཧྲཱིཾཿ ཡིག་དང་བཅས་པ་ལས་འོད་ཟེར་དཔག་མེད་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས། ཉན་རང་པཎྚི་ཏ་སོགས་ཀྱི་འཆད་རྩོད་རྩོམ་གསུམ་ཀྱི་ཤེས་རབ་ཚངས་དབང་རྣམས་ཀྱི་ཤེས་རབ་དང་ཚེ་བསོད་སོགས། མདོར་ན་སྣོད་བཅུད་ཀྱི་ཡོན་ཏན་ཐམས་ཅད་འོད་གྱི་རྣམ་པར་བསྡུས་ནས་ཧྲཱིཾཿ ལ་ཐིམ་པས་ལུས་ཐམས་ཅད་འོད་ཀྱིས་གང་། ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་རྒྱས་པར་བསམ་ལ།ཡིད་གཞན་དུ་མ་གཡེངས་པར་མྱུར་བུལ་སོགས་སྐྱོན་བརྒྱད་དང་བྲལ་བར་གྲངས་བསྙེན་འབུམ་ཕྲག་བཟླ་གསུངས་ཀྱང་།རྩོད་དུས་འདིར་བཞི་འགྱུར་ཏེ།འབུམ་ཕྲག་ལྔའམ།རྟགས་མ་བྱུང་གི་བར་གཞན་ཕན་ཀྱི་བསམ་བས་ཟིན་པས་བཟླས་བརྗོད་ལ་བརྩོན་པར་བྱའོ། །རྟགས་ནི།དངོས་དང་ཉམས་སྣང་ངམ།མ་མཐའ་རྨི་ལམ་དུ་བུ་མོ་དཀར་མོ་རྒྱན་དང་ལྡན་པས་ཟས་དཀར་གསུམ་དང་།ཐོད་ལེ་ཀོར་དང་།མེ་ཏོག་གི་ཕྲེང་བ་སོགས་སྟེར་པ།ཉི་ཟླ་འཆར་བ་ལ་སོགས་པའི་རྟགས་ཡང་ཡང་འབྱུང་བར་གསུངས་སོ། །གལ་ཏེ་རྟགས་མ་བྱུང་ན། དབྱངས་རྣམས་ཀྱི་མགོ་ནང་དུ་བསྟན། ཧྲཱིཾཿ ཡིག་མགོ་ཟུར་དུ་བསྟན་པ་ལྟེ་བ་ནས་ཐོན། ཁར་ཞུགས་ཧྲཱིཾཿ ལ་ཐིམ་ཞིང་འཁོར་བའམ། ཡིག་འབྲུ་རྣམས་འཁྲབ་བར་བསྒོམ་བསྔོན་ཆོག་གི་དམིགས་པ་ཡིན་ནོ།།
ཐུན་འཇོག་ཁར། སྙིང་གི་པདྨ་ཁ་ཟུམ་པའི་རྩེ་མོར་གསེར་གྱི་རྡོ་རྗེ་རྒྱ་གྲམ་ལྕི་བས་མནན། མཐའ་སྐོར་དུ་རྟ་མགྲིན་ནམ། ཁྲོ་པོ་གཤིན་རྗེའི་གཤིད་སོགས་ཁྲོ་བོ་གང་རུང་གི་སྔགས་ཀྱི་ཕྲེང་བས་དཀྲི་པར་མོས་བ་སྙིང་རླུང་གནོན་པ་སོགས་གེགས་སེལ་ཟབ་མོར་གསུངས་སོ། དེ་ནསཡི་གེ་བརྒྱ་པ་བརྗོད་དེ་ལྷག་ཆད་ཀྱི་ཉེས་པ་དག་པར་བྱ། གཏོར་མ་བྱ་རྒྱུད་ལྟར་བྱིན་གྱིས་བརླབས།
རང་གི་སྙིང་ཁའི་ས་བོན་གྱི་འོད་ཟེར་ཀྱིས་ལྷོ་ཕྱོགས་རིག་འཛིན་དགའ་བའི་ཚལ་ནས་ལྷ་མོ་དབྱང་ཅན་མ་མདུན་གྱི་ནམ་མཁར་སྤྱན་དྲངས།ལྗགས་འོད་ཟེར་གྱི་སྤུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བ་འགྱུར། ཨོཾ་སྭ་ར་སྭ་སྟི་ཧྲཱིཾཿ ཨ་ཀ་རོ་བཏགས་པ་ལན་གསུམ་མམ་བདུན་གྱིས་གཏོར་མ་འབུལ། སྔར་ལྟར་མཆོད། མ་ལུས་རྒྱལ་བའི་ཡེ་ཤེས་སྒྱུ་འཕྲུལ་གར།།ཕྱག་ན་པདྨོའི་ཚེམས་དཀར་ཟེ་འབྲུ་ལས། །ཡིད་འཕྲོག་འཇོ་སྒོག་ལྷ་མོའི་སྐུར་བསྟན་པ། །ངག་དབང་ལྷ་མོའི་ཞབས་ལ་ཕྱག་འཚལ་ལོ། །ཀཻ་ལ་ཤ་ཡི་ཕུང་བོ་ལྟར་མཛེས་སྐུ། །སྟོན་ཀའི་ཟླ་བ་ལན་བརྒྱར་ཕྱིས་བས་ཞལ། །ཨུཏྤལ་ནགས་ཚལ་ཉེ་བར་འཕོ་བའི་སྤྱན། །བཅུ་དྲུག་ལོང་ཚོའི་དཔལ་མངའ་ཁྱོད་ལ་འདུད། །ཞལ་ནས་དབྱངས་གསལ་པྲེང་བའི་ཀླུ་དབྱངས་དང་། །ཕྱག་གཉིས་དྲི་ཟའི་འཕང་འགྲོའི་སྒྲ་སྙན་གྱིས། །ཀུན་གྱི་རྣ་བའི་བཅུད་ལེན་རྒྱས་མཛད་མ། །ཞབས་གཉིས་ཙོག་བུས་ཚུལ་གྱིས་འགྱིང་ལ་འདུད། །ཧྲཱིཾཿཡིག་དབྱངས་གསལ་ཕྲེང་བའི་འོད་རིས་ཅན། །ཤེས་རབ་འཁོར་ལོ་སྲིད་ལ་དྲན་པས་ཀྱང་། །འཆད་རྩོད་རྩོམ་ལ་ཐོགས་པ་མེད་པའི་བློ། །སྟེར་མཛད་ངག་དབང་ལྷ་མོ་ཁྱོད་ལ་འདུད། །བཤད་པས་བློ་གསལ་ཚོགས་རྣམས་དགའ་བྱེད་ཅིང་། །རྩོད་པས་ཕས་རྒོལ་མ་ལུས་ཟིལ་གྱིས་གནོན། །སྡེབ་ལེགས་རྩོམ་པས་མཁས་རྣམས་མགུ་བྱེད་པའི། །འཆད་རྩོད་རྩོམ་པའི་ཤེས་རབ་བདག་ལ་སྩོལ། །ཅེས་པས་བསྟོད་དེ་འདོད་དོན་གསོལ་བས་ཞལ་གྱིས་བཞེས་པ་མོས་ཏེ་ལྷ་མོ་རང་ལ་བསྡུ། དེ་རྗེས་དབུལ་བ་བསེལ་ཆེད་ནོར་རྒྱུན་མ་ལ་གཏོར་མ་འབུལ་བར་གསུངས་པའི་མགྲོན་སྤྱན་དྲངས་ལ། ཨོཾ་བསུ་དྷཱ་རི་ནི་ཨི་ཏཾ་བཱ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི།ལན་གསུམ་གྱིས་གཏོར་མ་ཕུལ།ནོར་གྱི་དངོས་གྲུབ་བསྩོལ་ཕྱིར་འདོད་དོན་ལ་གསོལ་བ་བཏབ་པ་སོགས་སྤྱི་འགྲོ་ལྟར་རོ། །གཞན་ཡང་བསྙེན་སྒྲུབ་གྱི་ཐུན་འཚམས་སུ་རྟ་མགྲིན་སོགས་ཁྲོ་བོ་གང་ཡང་རུང་བའི་བསྒོམ་བཟླས་བྱ་བ་དང་།གེགས་སེལ་བོགས་འདོན་གྱི་ཚུལ་དང་།ལས་སྦྱོར་གྱི་མན་ངག །སྦྱིན་སྲེག་ཇི་ལྟར་བྱ་པའི་ཚུལ་སོགས་གཞན་ལས་ཤེས་པར་བྱའོ། །སྨྲས་པ། མཚོ་ལྡན་ལྷ་མོ་བསྙེན་ཅིང་སྒྲུབ་བའི་ཐབས། །འཕགས་བོད་གཞུང་བཞིན་བསྐྲུན་པའི་དགེ་ཚོགས་ཀྱིས། །ལུས་ཅན་སྟིང་གི་མུན་པ་རབ་བཅོམ་ཏེ། །རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་གྱུར་ཅིག །ཅེས་སྒྲ་དབྱངས་ལྷ་མོའི་སྒྲུབ་ཐབས་དངོས་གྲུབ་མྱུར་སོལ་ཅེས་བྱ་བ་འདི་ཡང་། བློ་གསལ་འཇམ་དབྱངས་བསྟན་འཛིན་དང་། འཚོ་མཛད་ཡེ་ཤེས་བཟང་པོ་གཉིས་ཀྱིས་ལྷ་རྫས་ཆེ་ལགས་བཅས་ཡང་ཡང་བསྐུལ་བའི་ངོར། ༸ཨ་མཆོག་སྐྱེས་སྤྲུལ་མིང་འཛིན་དབྱངས་ཅན་བཞད་པས་བྲིས་བ་ཛ་ཡནྟུ།། །།