༄༅། །ན་མོ་གུ་རུ་ཤཱཀྱ་མུ་ནེ་ཡ། འདིར་མཁར་འགྲོའི་གཙོ་མོ་དཔལ་རྡོ་རྗེ་སྡེར་མོའི་གཟུངས་ཀློག་པར་འདོད་པས། ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་སྔོན་དུ་བཏང་། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་བའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིར་འཁོར་གྱི་སྟེང་དུ་རང་གི་སེམས་ཀྱི་ངོ་བོ་ཧཱུཾ་ལས་འོད་འཕྲོས། དོན་གཉིས་བྱས། འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མའི་མདངས་ཅན། གཡས་ས་གནོན་དང་། གཡོན་མཉམ་གཞག་གི་ཕྱག་རྒྱ་ཅན། སྐུ་ལ་ཆོས་གོས་ངུར་སྨིག་གསོལ་པ། མཚན་དཔེས་སྤྲས་ཤིང་། ཞབས་རྡོ་རྗོའི་སྐྱིལ་ཀྲུང་གི་བཞུགས་པའི་ར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས། རིང་བཞིན་གྱི་གནས་ནས་བླ་མ་དང་གཉིས་སྤྱི་བོར་མདུན་གྱི་ནམ་མཁར་བཞུགས་པར་གྱུར། གདོད་ནས་རྣམ་དག་སྤྲོས་བྲལ་ཆོས་ཀྱི་དབྱིངས། །སྨིན་ལེགས་མཚན་དཔེའི་རི་མོར་ཡོངས་སྨིན་པ། །དྲན་པས་བགེགས་དཔུང་ཀུན་འཇོམས་མཁའ་འགྲོའི་གཙོ། །རྒྱལ་བའི་ཡུམ་གཅིག་ཁྱོད་ལ་གུས་ཕྱག་འཚལ། །དམིགས་མེད་བདེ་ཆེན་སྒྱུ་འཕྲུལ་རོལ་བ་ལས། །མཆོག་ཐུན་དངོས་གྲུབ་ཆར་འབེབས་ཡི་དམ་ལྷ། །གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་དང་། །ཆོས་སྲུང་དམ་ཅན་རྒྱ་མཚོར་ཕྱག་འཚལ་ལོ། །རབ་འབྱམས་ཞིང་གི་དཔལ་འབྱོར་ཡོན་ཏན་དང་། །ཉེར་སྤྱོད་འདོད་ཡོན་རིན་ཆེན་བདུན་ལ་སོགས། །དངོས་བཤམས་ཡིད་སྤྲུལ་ཀུན་བཟང་མཆོད་སྤྲིན་ཚོགས། །དད་པའི་སེམས་ཀྱིས་ལྷ་ཚོགས་མཉེས་ཕྱིར་འབུལ། །ཐོག་མེད་ནས་བསགས་ཉེས་ཀུན་སྙིང་ནས་བཤགས། །རང་གཞན་སྐྱེ་འཕགས་དགེ་ལ་རྗེས་ཡི་རང་། །གཟུགས་སྐུ་བསྐལ་བརྒྱར་མི་གཡོ་རྟག་བརྟན་ཅིང་། །ཟབ་དང་རྒྱ་ཆེའི་ཆོས་འཁོར་བསྐོར་བར་བསྐུལ། །དུས་གསུམ་དགེ་ཚོགས་བྱང་ཆུབ་ཐོབ་ཕྱིར་བསྔོ། །ཡིད་འོང་མེ་ཏོག་གཅལ་བཀྲམ་ས་གཞིའི་དབུས། །གཞལ་མེད་རིན་ཆེན་ལས་གྲུབ་ལྷུན་པོ་དང་། །གླིང་བཞི་གླིང་ཕྲན་ལྕགས་རི་ཉི་ཟླ་བཅས། །ཞིང་ཁམས་རྒྱ་མཚོའི་མཆོད་སྤྲིན་འབུལ་བར་བགྱི། །བསླུ་མེད་སྐྱབས་གནས་ལྷ་ཚོགས་ཐུགས་རྗེ་དང་། །ཆེས་ཟབ་རིག་སྔགས་སྤུ་གྲིའི་མཚོན་རྣོན་གྱིས། །དུག་གསུམ་ཉོན་མོངས་སྡིག་ལྟུང་མི་དགེའི་ལས། །དེས་བསྐྱེད་ནད་རིམས་གདོན་བགེགས་བྱད་དུར་སྲི། །ལྟར་སྣང་བར་ཆད་ཉེར་འཚེ་ཀུན་བཅོམ་ནས། །མཐུན་རྐྱེན་ཚེ་བསོད་ཡོན་ཏན་རབ་རྒྱས་ཤིང་། །ཡང་དག་ལམ་གྱིས་བགྲོད་པ་མཐར་ཕྱིན་ནས། །རིང་མིན་ཟུང་འཇུག་ཐོབ་པར་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་བས་སྐྱབས་ཡུལ་རྣམས་ཀྱི་ཐུགས་ཀ་ནས་གཟུངས་ཀྱི་ཡི་གེ་བྱུང་བ། རང་གི་སྙིང་གའི་ཧཱུཾ་གི་མཐར་འཁོད། དེ་ལས་འོད་ཟེར་འཕྲོས་པས་ནད་གདོན་བར་ཆར་ཐམས་ཅད་ཚར་བཅད། རང་གཞན་ཀྱི་སྒོ་གསུམ་སྡིག་སྒྲིབ་དག་ནས་ཐར་པའི་ས་བོན་ཁྱད་པར་ཅན་རྒྱུད་ལ་བཞག་པར་གྱུར་པར་མོས་ཏེ་དལ་བུས་སློབ། །དེ་ནས་སྐྱབས་ཡུལ་རྣམས་རང་ལ་ཐིམ་པར་མོས་ལ་བསྔོ་སྨོན་གྱི་རྒྱས་གདབ་བར་བྱའོ། །དཔལ་རྡོ་རྗེ་སྡེར་མོའི་གཟུངས་ཀྱི་འདོན་ཐབས་འདི་ནི་དད་ལྡན་དགེ་སློང་ངག་དབང་བརྩོན་འགྲུས་ཀྱིས་ཡང་ཡང་བསྐུལ་བ་ལྟར། ༸དབྱངས་ཅན་བཞད་པས་བྲིས་བ་དགེ་ལེགས་འཕེལ།། །།པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།།
༄༅། །རྡོ་རྗེ་སྡེར་མོའི་གཟུངས་མདོ་ཀློག་ཐབས་བཞུགས་སོ།།
- Post author:GasharSockpa
- Post published:2023-05-30
- Post category:སྐུ་ཕྲེང་གསུམ་པའི་གསུང་རྩོམ།
- Post comments:0 Comments