༄༅། །ན་མོ་གུ་རུ་ཙ་ཏ་ཐཱ་ག་ཏ་རཏྣ་ཏེ་ཛཱ་ཡ། །རྨད་བྱུང་ཐུགས་བསྐྱེད་ནམ་མཁའི་ནོར་བུའི་གཟི། །གསང་གསུམ་མཛད་པའི་མན་ཤེལ་དང་འགྲོགས་པས། །དཀོར་སྒྲིབ་བུད་ཤིང་སྨག་མེད་སྲེག་མཛད་པ། །བདེ་གཤེགས་རིན་ཆེན་མེ་ལ་སྙིང་ནས་འདུད། །སྐལ་བཟང་དད་པའི་འདབ་བརྒྱའི་ལྟོ་བ་རུ། །བྱིན་རླབས་འབུམ་ཕྲག་ཚ་ཟེར་ཞུགས་པའི་མོད། །དོན་གཉིས་ལྷུན་གྲུབ་སྦྲང་རྩི་རྒྱས་བྱེད་པའི། །མཆོད་ཆོག་ཉིན་བྱེད་དབང་བོ་དེང་འདིར་ཤར། །འདིར་དེ་བཞིན་གཤེགས་པ་རིན་ཆེན་མེ་ལ་བརྟེན་ནས་སྟོང་མཆོད་བྱ་ཚུལ་ལ་སྦྱོར་དངོས་རྗེས་གསུམ་ལས། །དང་པོ་ནི། །གནས་ཁང་བྱི་དོར་བྱས་ལ་མགོན་པོ་འདིའི་སྐུ་བརྙན་བྲིས་འབུར་ཅི་རིགས་ཀྱིས་གཙོར་བྱས་དཀོན་མཆོག་གི་རྟེན་བཀྲམ། །སྟེང་དུ་གདུགས་དང་རྒྱལ་མཚན་བླ་བྲེ་སོགས་ཀྱིས་བརྒྱན། དེའི་མདུན་དུ་ཆུ་གཉིས་ཉེར་སྤྱོད་སྟོང་སོགས་གང་འབྱོར་དང༌། ལྷག་པར་དཀོར་སྒྲིབ་སྦྱོང་བ་ལ་ཡོན་ཆབ་གལ་ཆེ་བ་ནི། འཇམ་མགོན་གུང་ཐང་བས། མཆོད་ཆུ་ཅི་ཙམ་ཕུལ་ཡང་སེར་སྣ་སོགས་ཀྱི་སྐྱོན་འཇུག་ཉེན་མེད་པ་དང༌། ལས་ཉོན་དཀོར་སྒྲིབ་སོགས་འདག་ཚབ་ཆེ་ཞིང༌། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་རྟོགས་པས་རྒྱུད་བརླན་པ་སོགས་རྟེན་འབྲེལ་གྱི་སྒོ་ཁྱད་པར་ཅན་ཡོད་པས། བཀའ་གདམས་གསར་རྙིང་གི་དམ་པ་གོང་མ་རྣམས་འདི་ལ་གཙོ་བོར་མཛད་དོ། །ཞེས་གསུངས་པ་ལྟར། སྐབས་འདིར་དཀོར་སྒྲིབ་སྦྱོང་བའི་ཐབས་སུ། དྲི་བཟང་གིས་སྦགས་པའི་ཆུ་གཙང་མའི་ཡོན་ཆབ་སྟོང་ཚང་ངེས་བྱ། མཆོད་པ་དེ་དག་ཀྱང༌། དགེ་བཤེས་ཤ་ར་བས། ཐུད་ཀྱི་སྔོ་ས་དང་ལོ་མའི་སེར་ས་ལྟ་བུ་མ་ཡིན་གྱི་གང་བཟང་བ་ནས་བྱ་དགོས་གསུངས་པ་བཞིན། ཁྲལ་ཆོས་སླ་ཆོས་སུ་མ་སོང་བ་གཙང་ཞིང་གྱ་ནོམ་པ་བཤམས། མདུན་དུ་རྡོར་དྲིལ། ཏིང་ཤག།།འཐོར་ནས། མནྜལ། ཁྲུས་གསོལ་སྐབས་ཀྱི་ཡོ་བྱད་རྣམས་འདུ་བྱས། སྒྲུབ་པ་པོ་རྣམས་ཀྱིས་ཁྲུས་དང་གཙང་སྤྲ་བྱས་ལ། སྤྲོ་ན་ཐེག་ཆེན་གསོ་སྦྱོང་ལེན་ཞིང༌། མཐའ་གཅིག་ཏུ་ངེས་པ་མེད་དོ། །གཉིས་པ་ནི། ཀུན་སློང་བཅོས་ཏེ་དགེ་སེམས་ཁྱད་པར་ཅན་གྱི་ངང་ནས་སྐྱབས་འགྲོ་བྱ་བ་ནི། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཁྱད་པར་དུ་བདེ་གཤེགས་རིན་ཆེན་འོད་ཀྱི་རྒྱལ་པོ་མེ་འོད་རབ་ཏུ་གསལ་བ་འཁོར་རྒྱལ་སྲས་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། །ལན་གསུམ། སངས་རྒྱས་ཆོས་དང་ཚོགས་ཀྱི་ནས། འགྲུབ་པར་ཤོག།།ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་ཞེས་སོགས་ཀྱིས་ཚད་མེད་བཞི་བསྒོམ། དེ་ནས་གནས་ཁང་དང་ཡོ་བྱད་བྱིན་གྱིས་བརླབས་པ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་དང༌། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་བདེ་གཤེགས་རིན་ཆེན་འོད་ཀྱི་རྒྱལ་བོ་མེ་འོད་རབ་ཏུ་གསལ་བ་འཁོར་རྒྱལ་སྲས་རྒྱ་མཚོའི་ཚོགས་དང་བཅས་པ་གང་དུ་སྤྱན་འདྲེན་པའི་གནས་འདི་ཉིད་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་བདེ་གཤེགས་ཉིད་ཀྱི་ཐུགས་བསྐྱེད་རླབས་པོ་ཆེའི་མཐུ་ལས་གྲུབ་པའི་ཞིང་ཁམས་ནོར་བུ་སྣང་བ་ཅན་ལྟ་བུ། ས་གཞི་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན། ལག་མཐིལ་ལྟར་མཉམ་པ། ཐ་གྲུ་ཆེ་བ་ཡངས་པ། རེག་ན་འཇམ་ཞིང་བདེ་བ། དྲི་མ་མེད་ཅིང་འོད་གསལ་བ། ཙནྡན་སྤྲུལ་གྱི་སྙིང་བོའི་དྲི་བསུང་དང་ལྡན་པའི་ལྷའི་མེ་ཏོག་སྣ་ཚོགས་གཅལ་དུ་བཀྲམ་པ། མཐའ་རིན་པོ་ཆེའི་ཕ་གུ་བརྩིགས་པ། གསེར་དང༌། དངུལ་དང་མུ་ཏིག་གི་བྱེ་མགྲམ་བུར་བརྡལ་བ། ཨུཏྤལ་དང༌། ཀུ་མུད་ད་དང༌། པདྨ་འགྱེད་ཞིང་ལྡེམ་པས་ཁེབས་པ། ཆུ་བྱ་སྣ་ཚོགས་ལྡིང་བའི་མཚོ་དང༌། རྫིང་བུའི་ཚོགས་ཀྱིས་མཛེས་ཤིང༌རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དཔག་བསམ་གྱི་ལྗོན་པ་ཚར་དུ་དངར་བས་ཡོངས་སུ་བསྐོར་བ་དང༌། དེའི་དབུས་སུ་གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད་པ། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྒྱས་པར་འགེངས་པའི་འོད་ཟེར་ཆེན་པོ་རབ་ཏུ་འབྱུང་བ། གནས་ཐ་དད་པ་ཤིན་ཏུ་རྣམ་པར་ཕྱེ་བ་མཐའ་ཡས་པ་རྣམ་པ་གནས་པ་རྒྱ་ཡོངས་སུ་མ་ཆད་པ། ཁམས་གསུམ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ་འཇིག་རྟེན་ལས་ཡང་དག་པར་འདས་པ་དེའི་བླ་མའི་དགེ་བའི་རྩ་བ་ལས་བྱུང་བ། ཤིན་ཏུ་རྣམ་པར་དག་ཅིང་དབང་བཅུའི་རྣམ་པར་རིག་པའི་མཚན་ཉིད། རྒྱལ་བ་སྲས་དང་བཅས་པ་ཆོས་ཀྱིས་དགའ་བདེས་རོལ་བའི་གནས་ཕུན་སུམ་ཚོགས་པ་འབྱུང་བར་གྱུར་ཅིག།།དེའི་དབུས་སུ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་གདན་དང་བཅས་པ། གཡས་གཡོན་དུ་གདན་ཁྲི་ཕུན་སུམ་ཚོགས་པ་དུ་མ་དང་བཅས་པ། དེའི་མཐའ་སྐོར་དུ་ཕྱོགས་མཚམས་ཀུན་ཏུ་མཆོད་པའི་སྤྲིན་གྱི་ཕུང་པོ་ལྷ་དང་མིའི་ཡོ་བྱད་དམ་པ། ཞལ་ཟས་དང༌། ན་བཟའ་དང༌། རྒྱན་དང༌། རོལ་མོ་ལ་སོགས་པ་ཕུལ་དུ་ཕྱིན་པ་སྣ་ཚོགས་པ་ཕུང་པོ་གསུམ་པའི་མདོ་དང༌། བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བའི་མཆོད་པའི་སྤྲིན་རྒྱ་མཚོ་ཐམས་ཅད་ཀྱིས་རྒྱས་པར་གང་ཞིང་རྒྱན་ཀླུབས་པ་དང་ལྡན་པར་གྱུར་ཅིག།།འཕགས་པ་ཐམས་ཅད་ཀྱང་གདན་འཛོམ་ནས་དེ་བཞིན་དུ་བཞེས་ཏེ་ལོངས་སྤྱོད་པར་གྱུར་ཅིག། །ཅེས་པ་ལན་གསུམ། ཨོཾ་ན་མོ་བྷ་ག་ཝ་ཏེ། བཛྲ་སཱ་རཀྲམརྡ་ནེ། ཏ་ཐ་ག་ཏཱ་ཡ། ཨརྷ་ཏེ་ས་མྱག་སམ་བུདྡྷཱ་ཡ། ཏརྱ་ཐཱ། ཨོཾ་བཛྲེ་བཛྲེ། མཧཱ་བཛྲེ། མཧཱ་ཏེ་ཛ་བཛྲེ། མཧཱ་བི་ཏྱཱ་བཛྲེེ། མཧཱ་པོ་དྷི་ཙིཏ་བཛྲེ། མཧཱ་བོ་དྷི་མཎྜོ་བ་སཾ་ཀྲམཎ་བཛྲེ། སརྦ་ཀ་རྨ་ཨཱ་ལྦ་ར་ཎ་བི་ཤོ་དྷ་ན་བཛྲ་སྭཱ་ཧཱ། ཞེས་ལན་གསུམ་མམ་བདུན་སོགས་བརྗོད། དཀོན་མཆོག་གསུམ་གྱི་བདེན་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་དང༌། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་བཞིན་དུ་གྱུར་ཅིག།།ལན་གསུམ་བརྗོད། དེ་ནས་མགྷ་དྷ་བཟང་མོའི་རྟོགས་བརྗོད་ལྟར་མགྲོན་ཐབས་ཀྱིས་སྤྱན་འདྲེན་པ་ལ། ཐོག་མར་གང་དུ་བཞུགས་པའི་གནས་གསལ་འདེབས་དགོས་པས། མི་མཇེད་འཇིག་རྟེན་ཞིང་འདིའི་བྱང་ཕྱོགས་སུ། །རྒྱལ་བའི་ཞིང་ཁམས་བྱེ་བ་བརྒྱ་སྟོང་ཕྲག།།བརྒལ་བའི་མཚམས་སུ་མ་དག་སྐྱོན་བྲལ་བའི། །རྒྱལ་བའི་ཞིང་མཆོག་ནོར་བུ་སྣང་བ་ཅན། །བདེ་གཤེགས་ཉིད་ཀྱི་ཐུགས་བསྐྱེད་ལས་གྲུབ་པ། །དག་པའི་ཞིང་གི་སྣོད་བཅུད་འབྱོར་བའི་དཔལ། །མ་ཚང་མེད་པས་ཡོངས་སུ་བརྒྱན་པའི་དབུས། །གདོང་ལྔས་བཏགས་པའི་ཡིད་འཕྲོག་ནོར་བུའི་ཁྲིར། །ལྷ་མིའི་རྣམ་འདྲེན་སྟོབས་བཅུའི་དཔལ་མངའ་བ། །བདེ་གཤེགས་རིན་ཆེན་མེ་འོད་རབ་གསལ་བ། །འཁོར་དུ་མཁྱེན་དང་བརྩེ་བའི་གཏེར་འཆད་པའི། །རྒྱལ་སྲས་རྒྱ་མཚོའི་ཚོགས་ཀྱིས་ཡོངས་བསྐོར་ཏེ། །འགགས་མེད་ཚངས་པའི་དབྱངས་ཀྱིས་ཟབ་རྒྱས་ཆོས། །ལྷང་ལྷང་འདོམས་ཤིང་དགྱེས་བཞིན་བཞུགས་པ་རྣམས། །རིང་ནས་གོམས་པའི་ཐུགས་བསྐྱེད་ཉིད་དགོངས་ཏེ། །བདག་སོགས་མགོན་དུ་ཉེ་བར་འབྱོན་པར་རིགས། །ཞེས་སྙན་གསན་དབབ། ཐལ་མོ་སྦྱར་སྤོས་ཐོགས་ཏེ་དད་གུས་ཆེན་པོས་སྤྱན་འདྲེན་པ་ནི། །མ་ལུས་སེམས་ཅན་སོགས་ཤོ་ལོ་ཀ་གསུམ་གྱིས་སྐྱབས་ཡུལ་རྣམས་ཚོགས་ཀྱི་ཞིང་དུ་སྐད་ཅིག་གིས་བྱོན་ཏེ་མདུན་གྱི་ནམ་མཁར་བཞུགས་པར་བསམ། དེ་ནས་ཁྲུས་གསོལ་ནི། གང་འདིར་བཅོམ་ལྡན་འདས་ནས་གསོལ་བར་བགྱིའོ། །ཁྲུས་ཀྱི་ཁང་བ་ཤིན་ཏུ་དྲི་ཞིམ་པ། །ཞེས་སོགས་ཀྱིས་ཁྲུས་ཁང་བསྐྱེད། །དེ་ནས་ཚོགས་ཞིང་རྣམས་ཁྲུས་ཁང་དུ་ཕེབས་བར་བསམ་ལ། ཇི་ལྟར་བལྟམས་པ་སོགས་དང༌། རྒྱལ་བའི་སྐུ་གསུང་ཐུགས་ལ་སོགས་དང༌། དཀོར་སྒྲིབ་ཉེས་ལྟུང་ནས་བདེ་གཤེགས་རིན་ཆེན་མེ་ལ་སྐུ་ཁྲུས་གསོལ། ཞེས་དང༌། འདི་ནི་སྦྱིན་པའི་སོགས་དང༌། དེ་བཞིན་གཤེགས་དང་ཞེས་སོགས་ཚིགས་བཅད་རེ་རེའི་མཐར་སྔགས་སྦྱར་བ་རེ་རེའམ། གཉིས་གསུམ་རེའི་མཚམས་སུ། དེ་དག་སྐུ་ལ་ཞེས་སོགས་ཀྱིས་སྐུ་དབྱི། སྟོང་གསུམ་ཀུན་ཏུ་ཞེས་སོགས་ཀྱིས་གོས་རྒྱན་གང་བུམ་རྣམས་དབུལ། ཁྲུས་ཁང་ནས་ཚུར་བྱོན་ཏེ་གཞས་ཡས་ཁང་གི་དབུས་སུ་སེང་གེའི་ཁྲི་ལ་བཞུགས་པར་མོས་ལ། ངོ་མཚར་གཞལ་མེད་ཁང་བཟང་ཉམས་དགའི་དབུས། །འཇིགས་མེད་སེང་ཁྲིའི་པད་མ་ཟླ་བའི་སྟེང༌། །བདེ་གཤེགས་རིན་ཆེན་མེ་འོད་རབ་གསལ་བ། །སྐུ་མདོག་དམར་གསལ་བྱི་རུའི་ལྷུན་པོ་བཞིན། །ཞལ་གཅིག་ཕྱག་གཉིས་གཡས་པ་ས་གནོན་དང༌། །གཡོན་པའི་ཕྱག་གིས་མཉམ་གཞག་ཕྱག་རྒྱ་མཛད། །ཆོས་གོས་གསུམ་གསོལ་གཙུག་ཏོར་བལྟར་མི་མངོན། །རྣམ་བཀྲ་མཚན་དཔེའི་དཔལ་གྱིས་ལེགས་པར་བརྒྱན། །སྐུ་ལས་སྐྱེས་པའི་འོད་ཕུང་འབར་བའི་དབུས། །ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །མཐའ་སྐོར་གདན་ལ་རྒྱལ་སྲས་དཔའ་བོ་རྣམས། །ནམ་མཁའི་སྐར་ཚོགས་བཞིན་དུ་འཁོད་པར་གྱུར། །ཚོགས་ཞིང་རྣམས་ཀྱིས་རང་གཞན་འགྲོ་རྣམས་ལ། །བརྩེ་ལྡན་མ་ཡིས་བུ་ལ་ཡིད་གཅུག་བཞིན། །སྒྲིབ་མེད་ཡེ་ཤེས་སྤྱན་གྱིས་ལེགས་གཟིགས་ཤིང༌། །བྱིན་གྱིས་རློབས་པའི་དགོངས་པ་ཅན་དུ་གྱུར། །དེ་ནས་བསགས་སྦྱང་གི་གནད་བསྡུས་པ་ཡན་ལག་བདུན་པ་འབུལ་བ་ནི། དཀོར་སྒྲིབ་ཉེས་ལྟུང་ཁུར་གྱིས་ནོན་པ་ཡིས། །སྲིད་མཚོའི་གཏིང་དུ་བྱང་བའི་ཉམ་ཐག་རྣམས། །བྱིན་རླབས་གྲུ་གཟིངས་མཆོག་གིས་སྒྲོལ་བའི་གཉེན། །བདེ་གཤེགས་རིན་ཆེན་མེ་ལ་ཕྱག་འཚལ་ལོ། །ཇི་སྙེད་སུ་དག་ནས་ཕྱག་འཚལ་མཆོད་པར་བགྱི། །རྒྱལ་བ་རྒྱལ་མཚོའི་མཆོད་རྫས་ལས་གྲུབ་པའི། །ཞེས་སོགས་ཀྱིས་ཆུ་གཉིས་ཉེར་སྤྱོད་དང༌། །བསོད་ནམས་ཞིང་དུ་གྱུར་པའི་སངས་རྒྱས་ལ། །ཞེས་སོགས་ཀྱིས་འདོད་ཡོན་ལྔ་དང༌། །ཞིང་འདི་འཁོར་ལོ་རིན་ཆེན་གྱིས། །ཞེས་སོགས་ཀྱིས་རྒྱལ་སྲིད་སྣ་བདུན་འབུལ། །དེ་ལས་གཞན་ཡང་མཆོད་པའི་ཚོགས། །ཞེས་པ་ནས། ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །དེ་ནས་ལྟུང་བཤགས་དང༌། སྤྱི་བཤགས་ཀྱང་འདོན། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ནས་བདག་གིས་སོ་སོར་བཤགས། །ཁྱད་པར་འདོད་ལ་སྲིད་པའི་དབང་གྱུར་ཏེ། །མཆོག་གསུམ་དཀོར་དང་དད་པས་བྱིན་པའི་རྫས། །བག་མེད་སྤྱད་པས་བུ་ལོན་ཆགས་པ་ཀུན། །གདུངས་པས་འགྱོད་པ་དྲག་པོས་མཐིལ་ཞིང་བཤགས། །ལན་གསུམ། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་ནས་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ཡན་ལག་བདུན་པ་དབུལ། ཞིང་ཁམས་འབུལ་བར་ཞུ། ཨོཾ་བཛྲ་ཞེས་པ་ནས། ཞིང་ཁམས་རྣམ་པར་དག་པ་འདི་ཉིད་བདེ་གཤེགས་རིན་ཆེན་མེ་འོད་འཁོར་རྒྱལ་སྲས་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །ནས་ས་གཞི་མ་དང༌། ཏ་ཡཱ་མི། ཞེས་མཎྜལ་དབུལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འོད་ཀྱི་རྒྱལ་པོ་མེ་འོད་རབ་ཏུ་གསལ་བ་ལ་ཕྱག་འཚལ་ལོ།། མཆོད་དོ་སྐྱབས་སུ་མཆིའོ། །ལན་གང་མང་བརྗོད། དེ་ནས། སྟོན་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་བདག་ལ་དགོངས་སུ་གསོལ། བདག་གིས་ཐོག་མེད་ནས་བསགས་པའི་སྡིག་ལྟུང་ཐམས་ཅད་དང༌། ཁྱད་པར་དུ་མཆོད་རྟེན་གྱི་དཀོར་རམ། དགེ་འདུན་གྱི་དཀོར་དང༌། གསོན་གཤིན་གྱི་དད་རྫས་སོགས་ལ་བག་མེད་པར་ལོངས་སྤྱད་པའི་ཉེས་པ་དཔག་ཏུ་མེད་པ་རྣམས། སངས་རྒྱས་བཅོམ་ལྡན་འདས་ཡེ་ཤེས་སུ་གྱུར་བ། སྤྱན་དུ་གྱུར་བ། དབང་དུ་གྱུར་བ། ཚད་མར་གྱུར་བ། མཁྱེན་པ། གཟིགས་པ། ཁྱེད་ཀྱི་སྤྱན་སྔར་མཐོལ་ལོ། །མི་འཆབ་པོ། འཆགས་སོ། སླན་ཆད་ཀྱང་གཅོད་ཅིང་སྡོམ་པར་བགྱིད་ལགས་སོ། ། མགོན་པོ་ཁྱེད་ཀྱི་ཐུགས་རྗེ་བྱིན་རླབས་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་བྱང་ཞིང་དག་པར་བྱིན་གྱིས་རླབ་ཏུ་གསོལ། །ལན་གསུམ་བརྗོད། ཚོགས་ཞིང་རྣམས་ཀྱི་སྐུ་ལས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པར་འཕྲོས། རང་གཞན་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས། ཐོག་མེད་ནས་བསགས་པའི་དཀོར་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག །རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་མ་ལུས་པ་ཐོབ་པར་གྱུར། སྟོང་མཆོད་དངོས་ནི། ན་མཿ ས་མནྟ་བྲབྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ།ཨརྷ་ཏེ་སམྱ་ཀྶི་བུད་དྷཱ་ཡ། ན་མོ་མཉྫུ་ཤྲི་ཡ་ཀུ་མཱ་ར་བྷཱུ་ཏཱ་ཡ། བོ་དྷི་ས་ཏྭཱ་ཡ་མཧཱ་ས་ཏྭཱ་ཡ་མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ནི་རཱ་ལ་མྦྷེ། ནི་རཱ་བྷ་ས། ཛ་ཡ། ཛ་ཡ་ལ་བྡྷེ། མ་ཧཱ་མ་ཏེ། ད་ཀྵེ་ད་ཀྵི་ཎི་མེ་པ་རི་ཤོ་དྷ་ཡེ་སྭཱ་ཧཱ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ནས་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །དཀོར་སྒྲིབ་ཉེས་ལྟུང་ཁུར་གྱིས་ནོན་པ་ཡིས། །ནས་མེ་ལ་ཕྱག་འཚལ་ལོ། །དངོས་བཤམས་ཡིད་སྤྲུལ་མཆོད་པ་ནས་བྱང་ཆུབ་ཆེན་པོར་བསྔོ། །བདག་ཅག་འདོད་ལ་སྲེད་པའི་དབང་གྱུར་ཏེ། །མཆོག་གསུམ་དཀོར་དང་དད་པས་བྱིན་པའི་རྫས། །བག་མེད་སྤྱད་པས་བུ་ལོན་ཆགས་པ་ཀུན། །ལྷག་མེད་བྱང་ཞིང་དག་པར་བྱིན་གྱིས་རློབས། །འདི་རྣམས་བསྐོར་ཕྱག་དང་སྦྲགས་ཏེ་སྟོང་གི་གྲངས་འགྲོ་ངེས་བྱ། ཐུན་འཇོག་ཁར་འོག་ནས་འབྱུང་བའི་སྨོན་ལམ་བཏོན་ཏེ་ཐུན་གྲོལ། དེ་ལྟ་བུའི་རིམ་པས་ཐུན་གསུམ་མམ་བཞིར་བྱེད་དགོས་པས། ཐུན་རྗེས་མ་རྣམས་ལ། སངས་རྒྱས་ཆོས་ཚོགས་མས་སྐྱབས་སེམས་དང༌། །མཆོག་བདེན་རྒྱལ་བ་སྲས་བཅས་བྱིན་རླབས་དང༌། །ཞེས་པ་ནས། མཆོད་སྤྲིན་རྒྱ་མཚོས་གང་ཞིང་སྤྱོད་གྱུར་ཅིག།།མཆོད་པའི་སྤྲིན་གཟུངས་ཚར་གསུམ་བརྗོད། །དེ་ནས། །མི་མཇེད་འཇིག་རྟེན་ཞིང་འདིའི་བྱང་ཕྱོགས་སུ། །ཞེས་པ་ནས། སྨོན་ལམ་འདེབས་པའི་བར་སྔར་བཞིན་བྱ། །གསུམ་པ་མཇུག་གི་བྱ་བ་ལ། །
འདི་མདོ་ཆོག་ཡིན་པས་གཏོར་མ་མ་ཕུལ་ཀྱང་ཆོ་ག་ཆད་པའི་སྐྱོན་མེད་པར་གསུངས་སོ། །དེ་ནས་ཡོན་ཏན་གཞིར་གྱུར་མ་དང་། གཞན་ཡང་། །གང་ཞིག་མཚན་ཙམ་བཟུང་པ་ཙམ་གྱིས་ཀྱང་། །དཀོར་སྒྲིབ་ཉེས་པའི་ཚོགས་ཀུན་འཇོམས་མཛད་པ། །བདེ་གཤེགས་རིན་ཆེན་མེ་འོད་འཁོར་ཚོགས་ཀྱི། །ཐུགས་བསྐྱེད་འགྱུར་བ་མེད་པའི་བདེན་པའི་མཐུས། །འདིའི་མཚོན་དུས་གསུམ་དགེ་བ་ཅི་མཆིས་པ། །མི་མཐུན་རྐྱེན་གྱིས་ནམ་ཡང་མི་བརྫི་ཞིང༌། །དུས་གསུམ་རྒྱལ་བ་ཀུན་གྱིས་བསྔགས་པ་ཡི། །འབྲས་བཟང་མཐའ་དག་འགྲུབ་པའི་རྒྱུར་གྱུར་ཅིག།།ཐོག་མེད་དུས་ནས་དུག་གསུམ་དབང་གྱུར་ཏེ། །བླ་མ་མཆོག་གསུམ་དྲིན་ཅན་ཕ་མ་དང༌། །ཉམ་ཐག་འགྲོ་ལ་གནོད་འཚེ་བགྱིས་པ་སོགས། །མི་ཟད་སྡིག་པའི་ཚོགས་རྣམས་བྱང་གྱུར་ཅིག།།སྡོམ་གསུམ་བཅས་པའི་མཚམས་ལས་འདས་ཤིང་འགལ། །དད་རྫས་གཤིན་རྫས་བག་མེད་སྤྱད་པ་སོགས། །ཉེས་ལྟུང་དྲི་མ་མ་ལུས་བྱང་གྱུར་ཏེ། །མཐོ་རིས་ཐར་པའི་ཐེམ་སྐས་བགྲོད་གྱུར་ཅིག།།འདི་སྣང་འགག་ཚེ་རྒྱལ་བའི་སྲས་རྣམས་ཀྱིས། །དབུགས་དབྱུང་ནོར་བུའི་སྣང་བ་ཅན་ཞིང་དུ། །ཁྲིད་ནས་བདེ་གཤེགས་མཆོག་གི་ཞལ་མཐོང་སྟེ། །གསུང་གི་བདུད་རྩིའི་དགའ་སྟོན་མྱོང་པར་ཤོག།།སྐྱེ་ཞིང་སྐྱེ་བར་བཤེས་གཉེན་དམ་པ་ཡིས། །འབྲལ་མེད་རྗེས་བཟུང་བཀའ་བཞིན་སྒྲུབ་པ་དང༌། །ཕྱི་ནང་ཉེར་འཚེའི་རྐྱེན་གྱིས་མི་གཡོ་བར། །ས་ལམ་བགྲོད་པ་མྱུར་དུ་མཐར་ཕྱིན་ཤོག།།ཅེས་པས་བསྔོ་སྨོན་བྱ། དེ་ནས། གང་ཡང་བདག་བློ་ཞེས་སོགས་ཤོ་ལོ་ཀ་གསུམ་གྱིས་ནོངས་པ་བཟོད་པར་གསོལ། དེ་ནས། ནམ་མཁའི་དབྱིངས་སུ་སྤྲིན་ཕུང་ཞུ་བ་བཞིན། །ཚོགས་ཞིང་མཐའ་དག་རིན་ཆེན་མེ་འོད་ལ། །
བསྡུས་ཏེ་དེ་ཡང་རང་གི་སྨིན་མཚམས་ནས། །ཐིམ་པས་བྱིན་རླབས་མ་ལུས་ཐོབ་པར་གྱུར། །ཅེས་པས་ཚོགས་ཞིང་རྣམས་རང་ལ་བསྡུས་ནས་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། །སྨྲས་པ། །གང་ཞིག་དཀོར་སྒྲིབ་སྦྱོང་ལ་ཆེར་བསྔགས་པ། །དོན་ཆེའི་གདམས་ངག་འདི་འདྲ་རྙེད་པའི་དུས། །འབྲས་མེད་འདུ་འཛིའི་གཡེང་བ་རྒྱང་བསྲིངས་ཏེ། །བཏུན་པ་བསྐྱེད་ནས་ཉམས་ལེན་མཛད་པར་རིགས། །འདིས་མཚོན་ལེགས་བྱས་ནོར་བུ་ཀེ་ཏ་ཀས། །རྣམ་མང་འགྲོ་བའི་སེམས་རྒྱུད་ཉལ་འགྲོ་མ། །སྡིག་ལྟུང་རྡུལ་གྱིས་རྙོགས་པ་བགྲུང་བྱས་ཏེ། །བྱང་ཆེན་རྒྱ་མཚོའི་ཀླུང་དུ་འཇུག་གྱུར་ཅིག།།ཅེས་བདེ་གཤེགས་རིན་ཆེན་མེ་འོད་ལ་བརྟེན་ནས་སྟོང་མཆོད་བྱ་ཚུལ་སྒྲིབ་མུན་སེལ་བའི་ཉིན་བྱེད་དབང་པོ་ཞེས་བྱ་བ་འདི་ནི། །གསོ་བ་རིག་པའི་གནས་ལ་བློ་གྲོས་ཀྱི་འཇུག་པ་ཡངས་པ་ཚུལ་ཁྲིམས་གྲགས་པས་བསྐུལ་བའི་ངོ་མ་ཟློག་པར། །དབྱངས་ཅན་བཞད་པས་སྦྱར་བའི་ཡི་གེ་བ་ནི་གྲགས་པ་ཀླུ་སྒྲུབ་ཀྱིས་བགྱིས་པ་ཛ་ཡནྟུ།། །།པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།།