༄༅། །ཨོཾ་སྭ་སྟི་སི་དྡྷཾ། རྨད་བྱུང་བྱེ་བ་ཕྲག་བརྒྱའི་ཞིང་ཁམས་སུ། །གསང་གསུམ་སྒྱུ་འཕྲུལ་དྲ་བའི་རོལ་རྩེད་མཁན། །བླ་མ་ཁྱབ་བདག་གཤིན་རྗེའི་གཤིད་པོ་ཡིས། །རྣམ་ཀུན་དགེ་བའི་ཤིས་བ་ཆར་དུ་ཕོབས། དེ་ལ་འདིར་རབ་གནས་ཀྱི་ཆོ་ག་དགེ་ལེགས་རྒྱ་མཚོའི་ཆར་འབེབས་དང༌། འཇམ་མགོན་བསྟན་པའི་སྒྲོན་མེའི་ཟུར་འདེབས་གཉིས་གཞིར་བྱས་ཏེ་ལག་ལེན་གྱི་ཐོ་ཅུང་ཟད་འགོད་པ་ལ། སྡོམས་ལས། བདག་བསྐྱེད་ཁྲུས་སྟེགས་བུམ་པ་དང༌། ཞེས་སོགས་ལྟར། ཁྲུས་སྟེགས་གྲུ་བཞི་བ་མཚན་ཉིད་དང་ལྡན་པའི་དབུས་སུ་རྣམ་རྒྱལ་བུམ་པ། དེའི་གཡོན་དུ་ལས་བུམ། ཤར་ནས་བརྩམས་ཏེ་གཡས་སྐོར་དུ་པད་འདབ་བརྒྱད་ལ་ཁྲུས་བུམ་བརྒྱད་གོ་རིམ་མ་འཆོལ་བར་བཀོད་ནས་དེ་དག་གི་མདུན་ནམ་མཚམས་རྣམས་སུ་འདག་རྫས་རྣམས་རིམ་པ་ལྟར་བཤམས། གཞན་ཡང་ཙ་རུའི་བཟའ་བ་སོ་རྩི། རྟེན་ལ་འབུལ་རྒྱུའི་མཆོད་པ་སོགས་གཙང་ཞིང་གྱ་ནོམ་པ་གཞུང་ལྟར་བཤམས། ཁྲུས་སྟེགས་རྟེན་ནམ་བླ་མའི་མདུན་དུ་བཞག་ཚེ་བླ་མའི་གཡས་སུ་སྟེགས་ཀྱི་ཁར་དཀྱིལ་འཁོར་བཀྲམ་སྟེ། མཐར་ཉེར་སྤྱོད་བཅུ་ལས་མི་ཉུང་བ་དང༌། སྔོན་འགྲོའི་མཆོད་གཏོར། ཡི་དམ་དང་ཆོས་སྐྱོང་ལ་འབུལ་རྒྱུའི་གཏོར་མ་དཀར་གཏོར་སོགས་བཤམས་ཤིང་དགོས་པའི་ཡོ་བྱད་ཐམས་ཅད་མ་ཚང་པ་མེད་པར་ཚོགས་པར་བྱས་ནས་ལས་ཀྱི་སྔོན་དུ་གཞི་བདག་ལ་གཏོར་མ་ཕུལ་ཏེ་ལས་ལ་འཇུག་པར་བྱའོ། །རྟེན་གྱི་མདུན་དུ་ཁྲུས་སྟེགས་འཇོག་པ་སྟབས་མི་བདེ་ན་བླ་མའི་གཡས་དང༌། དཀྱིལ་འཁོར་གཡོན་དུ་བཀྲམ་པ་གང་བདེ་བྱེད། ཉིན་དང་པོ་སྟ་གོན་ལ་སྐྱབས་འགྲོ་དང་ལྟུང་བཤགས་ནས་ཟུར་འདེབས་ལྟར་དང༌། མཆོད་དཔོན་གྱིས་ཡར་ཞུ་དང༌། སྐད་ཅིག་དཀྲོང་བསྐྱེད། རྡོར་དྲིལ་བྱིན་རླབས་སོགས་གཞུང་ལྟར་ལ། ཉིན་སྔ་མ་རྣམས་སུ་ཕྱོགས་སྐྱོང་རྣམས་ཀྱང་བར་ཆད་སྲུང་བའི་ཕྱིར་མི་གཤེགས་པ་སྒྲུབ་མཆོད་ཀྱི་སྐབས་ལྟར་བྱ། མཎྜལ་གྱི་རྗེས་སུ་བླ་མས་བཤགས་པ་དང་བསྡོམས་པ་སོགས་བརྗོད་དེ་མེ་ཏོག་འཐོར་ཞིང་སྐྱབས་འགྲོའི་དབུ་བསྐུལ། རྡོར་སེམས་སྒོམ་བཟླས་བའི་སྐབས་ཡིག་བརྒྱ་ཉེར་གཅིག་བཟླ། སྟ་གོན་ཉིན་བདག་འཇུག་ལེན་རྒྱུ་སྡོམ་སུ་མི་གསལ་ཡང་ཟུར་འདེབས་སྤྲིན་གྱི་སྒྲ་དབྱངས་སུ་བདག་འཇུག་ལེན་རྒྱུ་གསུངས་པས། མཚམས་འདིར་བུམ་ཆོག་དཀྱུས་ལྟར་ལ།བཟླས་བའི་སྐབས་བཛྲ་ཨ་མྲྀཏ་ཨུཏ་ཀ་ནས་འཁོར་གྱི་སྔགས་ལས་གཞན་ཡིག་བརྒྱ་དང་བཅས་བ་བླ་མས་དབུ་བསྐུལ། ཡིག་བརྒྱ་ལན་གསུམ་གྱི་རྗེས་མའི་སྐབས་སུ་མཆོད་དཔོན་གྱིས་བཟུངས་ཐག་བསྡུ། མཆོད་ཡོན་འབུལ་བ་སོགས་བུམ་ཆོག་ལྟར་བྱ། དེ་ནས་ཚོགས་ཞིང་ནས་བཟུང་སྟེ་ཚད་མེད་བཞི་སྒོམ་པའི་བར་དང༌། དེ་ནས་བདག་མདུན་འཇུག་པ་གཅིག་ཏུ་བྱེད་དགོས་པས། རང་ཉིད་དཀྱིལ་འཁོར་གྱི་དབུས་སུ་འདུག་པར་མོས་ལ། ཁཌྒ་དྷྲིཀ་བརྗོད་དེ་སྔར་བསྒྲུབས་པའི་ལས་བུམ་གྱི་ཆུས་བསངས་ཏེ། སྔགས་གཉིས་བརྗོད་པ་མན་ཆད་གཞུང་དང་ཟུར་འདེབས་ལྟར་བྱེད། བདག་འཇུག་མི་ལེན་ན་བུམ་པ་བཟླས་པའི་མཇུག་གམ་གཏོར་འབུལ་ཀྱི་མཇུག་གང་རུང་དུ་སྒྲུབ། དེ་ནས་གཞི་བདག་གཏོར་མ་བསྔོ། འདི་སྐབས་མཆོད་དཔོན་གྱིས་ཉེ་རེག་གི་ཆུ་བཞག་སྟེ་སློབ་དཔོན་གྱི་ཉེ་རེག་བྱ། དཀྱིལ་འཁོར་ཤུགས་འཇུག་བྱས་ཏེ་བདག་འཇུག་ལེན། དེ་ནས་ཁྲུས་བུམ་རྣམས་དང་འདག་རྫས་སོགས་ཁཌྒ་དྷྲིཀ་གིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་སོགས་གཞུང་ལྟར་ལ་བཟླས་པའི་སྐབས་གཟུངས་རྡོར་བུམ་པ་རང་རང་གི་ཁར་སྤོ། ཐུན་མོང་གི་སྔགས་བཟླ་ཚེ་གཟུངས་རྡོར་ཤར་བུམ་གྱི་ཁར་སྤོ། གཟུངས་ཐག་ལྷོད་ནས་བུམ་པ་རང་རང་གི་མགུལ་དུ་འབབ་པ་བྱེད། མཇུག་ཏུ་ཡིག་བརྒྱ་བརྗོད། དེ་ནས་གཟུངས་རྡོར་མེ་ལོང་སྟེང་དུ་བཞག་སྟེ། བསངས་ནས་མེ་ཏོག་གཞུང་ལྟར་བསྒྲུབ་ནས་ཡི་གེ་བཀྲུས་པ། མེ་ཏོག་ཐམས་ཅད་ལ་ཁྱབ་པར་བྱས་ཏེ་མཇུག་ཏུ་ཡིག་བརྒྱ་བརྗོད། གཟུངས་རྡོར་གུལ་ཡུངས་སྟེང་དུ་བཞག་ནས། རང་གི་ཐུགས་ཀའི་ཞེས་པ་ནས། ཡུངས་དཀར་ལ་ཐིམ་བར་གྱུར། ཅེས་བརྗོད་དེ། ཧྲཱིཿ ཥྚཱིཿ བརྒྱ་རྩས་ཡུངས་དཀར་དང༌། སུམྦྷ་ནི་ཉེར་གཅིག་གིས་གུ་གུལ་སྒྲུབ། ཡིག་བརྒྱ་གཟུངས་ཐག་བསྡུ། འདི་དག་གི་སྐབས་སུ་སྔགས་རྣམས་བླ་མས་དབུ་བསྐུལ་ནས་གྲངས་ཀྱང་འཛིན། དེ་ནས་ཚོགས་པ་ཐམས་ཅད་ལ་མེ་ཏོག་འགྱེད། དེ་ནས་གསོལ་བཏབ་ལ་ཐམས་ཅད་བཞེངས་ཏེ་དབུ་ཞྭ་བཞེས་ནས། གང་འདིར་མའི་གསོལ་འདེབས་བཞི་བོ་རེ་རེའི་མཇུག་ཏུ། ཨོཾ་ན་མོ་བྷ་ག་ཝ་ཏེ་སོགས་དང༌། ཡ་མནྟ་ཀ་དང་བཛྲ་ས་ཏྭ་སོགས་བརྗོད་ནས་མེ་ཏོག་འཐོར། དྲིལ་བུ་བསིལ།མཆོད་དཔོན་གྱིས་ཙནྡན་ཨ་ཀ་རུ་སྤོས་དཀར་སོགས་ཀྱིས་བདུག་པ་བྱ། སེམས་བསྐྱེད་ལ་ཐམས་ཅད་ས་ལ་བཞུགས་ནས་དབུ་ཞྭ་མི་དགོས། མེ་ཏོག་དང་བཅས་ཐལ་མོ་སྦྱར་ནས་ངོ་མཚར་ཆེན་པོ་སོགས་བརྗོད་དེ་མེ་ཏོག་འཐོར་ལ་དྲིལ་བུ་བསིལ་མི་དགོས། དེ་ནས་ཁཌྒ་དྷྲིཀ་གིས་རྟེན་རྣམས་བསངས་ནས། རྡོ་རྗེ་འཇིགས་བྱེད་སེམས་དཔའ་སུམ་བརྩེགས་ཡུམ་བཅས་སུ་བསྐྱེད། རྟེན་གར་ཡོད་ཐམས་ཅད་ལ་མེ་ལོང་བསྟན་ནས་ཁྱེར་འོངས་པ་མགོ་མཇུག་མ་ལོག་པར་བྱས་ཏེ་ཁྲུས་དཀྱིལ་གྱི་མདུན་དུ་འཇོག །དེ་ནས་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་མཎྜལ་ཕུལ། རོ་ལངས་མ་དང་ཞེས་སོགས་ཀྱིས་གསོལ་འདེབས་བྱ། རབ་ཏུ་གནས་བྱའི་ལྷ་རྣམས་གཏི་མུག་གཤིན་རྗེའི་གཤེད་དུ་བསྐྱེད་ནས་མེ་ཏོག་མིག་དར་བསངས་པ་སོགས་ཀྱི་རྗེས་སུ་སྒོ་སོ་སོ་ནས་རིགས་སོ་སོའི་རྣམ་པར་བསྒྱུར་ནས་བདག་སྒྲ་གང་ཡོད་བསྒྱུར་བ་མ་གཏོགས་ཟུར་རྒྱན་ལྟར་ཚིག་གི་འདོར་ལེན་ཤེས་པར་བྱས་ཏེ། ཡང་དག་པ་ཡི་སོགས་ཀྱིས་བདེན་སྟོབས་བརྗོད་ནས་མེ་ཏོག་འདོར་བ་སོགས་ཟུར་འདེབས་ལྟར་བྱས་ཏེ་དཀྱིལ་འཁོར་དུ་འཇུག་པའི་སྐོར་རྣམས་རྫོགས་པ་དང་མེ་ལོང་ཁྲུས་དཀྱིལ་གྱི་སྟེང་དུ་བཞག་ནས། ཆུ་བཞི་སློབ་དཔོན་གྱི་གཡོན་ཕྱོགས་སུ་བཤམས་པ་སྔགས་གསུམ་ལན་བདུན་རེ་བརྗོད་ནས་བྱིན་གྱིས་བརླབས་ཏེ་འབུལ་མཁན་གྱིས་ཕྱག་རྒྱ་དང་བཅས་ཏེ་སྣོད་སོ་སོར་ཕྱག་ལེན་ལྟར་འབུལ། ཁྲོ་བོའི་མཆོད་པ་བྱིན་རླབས་དང་ཁྲོ་བོ་སྤྱན་འདྲེན་ནས་དྲག་པོའི་སྦྱངས་པའི་བར་གཞུང་ལྟར་བྱས་ལ་སྔགས་ཀྱི་ཚེ་རོལ་མོ་དང་གུ་གུལ་གྱི་དུད་པ་བྱེད་ཅིང་ཡུངས་དཀར་གྱིས་བྲབ་སྟེ་བགེགས་གཏོར་ཕྱི་རོལ་དུ་དོར། མཆོད་དཔོན་ཀྱིས་སྦྱངས་ཆས་རྣམས་བླ་མའི་མདུན་དུ་སོ་སོར་འཇོག་པ་ཡོད་ཀྱང་གཙོ་ཆེར་ཁམ་ཕོར་སོགས་གཉིས་བརྩེགས་སུ་འཇོག་པ་ཕྱག་ལེན་དུ་སྣང༌། ལས་སྔགས་དང་ཧཱུཾ་བདུན་གྱིས་བྱིན་གྱིས་བརླབས་ལ། ལག་པ་གཉིས་ཀྱིས་རྡོ་རྗེ་ཁུ་ཚུར་གྱིས་ཕྱག་རྒྱས་ཡུངས་དཀར་བཟུང་ནས་སྔགས་ཀྱི་ཚེ་གཡོན་དུ་ལན་གཉིས་བསྐོར་ཞིང་བྱབས་ནས་མེར་དོར། ཡང་གཡས་སུ་དེ་ལྟར་བསྐོར་ནས་འདོར་བ་སོགས་འདྲ་ལ། ཁམ་ཕོར་མན་ཆད་སྣོད་དུ་དོར། དེ་ནས་རྟེན་ནམ་མེ་ལོང་ལ་ཉེ་རེག་བྱ། མཆོད་བཞི་འབུལ་བ་མཆོད་དཔོན་ནམ་སློབ་དཔོན་གྱིས་བཏེགས་ནས་འབུལ། སྤོས་དཀར་གྱི་བདུག་བ་བྱ་བ་སོགས་སྦྱངས་པའི་རིམ་པའོ། །དེ་ནས་ཕལ་ཁྲུས་ལ་ཐམས་ཅད་བཞེངས་ནས་དབུ་ཞྭ་མནབས། མཆོད་དཔོན་གྱིས་བུམ་པ་འཛིན་མཁན་སོ་སོའི་ཕྱག་དུ་བུམ་པ་ཕུལ།འདག་རྫས་རྣམས་གོ་རིམ་བཞིན་དུ་བླ་མའི་མདུན་དུ་བསྒྲིགས། གང་འདི་སོགས་དང་རི་བོ་ལྟར་ནི་མའི་ཚིགས་བཞི་རེའི་མཚམས་སུ་དྲིལ་བསིལ་དང་བུམ་པ་རྣམས་ཡོ་བ་རེ་བྱས་ནས་སྙན་གསན་ཕབས་ཏེ་འདག་རྫས་དང་པོ་བདུད་རྩི་ལྔའི་འདག་ཆལ་བླ་མས་བིར་གྱི་རྩེས་བླངས་ཏེ། གཙང་ཞིང་དྲི་མ་མི་མངའ་ཡང༌། སོགས་དབྱངས་བཅས་དལ་བུས་བརྗོད། ཀཱ་ཡ་བི་ཤྭ་སོགས་ཀྱི་སྐབས་སུ་བྱུགས་ཤིང་མཉེད་པའི་ཚུལ་བྱ། དེ་ནས་གཡས་གྲྭལ་གྱི་གོང་མའི་ཕྱག་གི་ཁྲུས་བུམ་དང་པོ་བླ་མའི་ཕྱག་ཏུ་ཕུལ་ནས། རྒྱལ་བ་རྣམས་གཙང་མའི་མཇུག་ཏུ་ཁྲུས་བྱས་ཏེ་གཡོན་གྲྭལ་ཀྱི་མགོ་མར་གཏད། ཁྲུས་བུམ་གཉིས་པ་ཡང་དེ་ལྟར་བྱས་ནས་མི་ཕྱེད་མིའི་མཇུག་ཏུ་འབྲུ་མར་དང་རྩི་མར་གྱི་བྱུགས། རང་བཞིན་དག་པ་མའི་མཇུག་ཏུ་ཤིང་ཤུན་གྱི་ཕྱེ་མ་དྲིལ་ཕྱིས་བྱ། དེ་ནས་ཁྲུས་ཚན་གཉིས་པ་ལ། བ་བྱུང་ལྔའི་འདག་ཆལ། འབྲས་འབྲུ་དྲིའི་བུམ་པ་གསུམ་གྱིས་ཁྲུས་དང༌། སྤོས་མར་གྱིས་སྐུ་མཉེ། སྐྱུ་རུ་ར་དང་སྲན་དཀར་གྱི་ཕྱེ་མས་དྲིལ་ཕྱིས་བྱ། དེ་ནས་ཁྲུས་ཚན་གསུམ་པ་དྲི་བཟང་ལྔའི་འདག་ཆལ། འབྲས་ཡོས་སྨན་རིན་པོ་ཆེའི་བུམ་པ་གསུམ་གྱིས་ཁྲུས་དང༌། འབྲུ་མར་ཀྱི་བྱུགས་པ། ཡུངས་བའི་ཕྱེ་མས་དྲིལ་ཕྱིས་བྱ། དེ་ནས་མཆོད་དཔོན་གྱིས་འདག་རྫས་དང་བུམ་པ་རྣམས་གོ་རིམ་མ་འཆོལ་བར་རང་གནས་སུ་སྔར་བཞིན་བཞག་གོ །ཁྲུས་དང་དྲིལ་ཕྱིས་སོགས་མཆོད་དཔོན་གྱིས་བྱེད་པའི་ཕྱག་ལེན་ཡང་སྣང༌། དེ་ནས་མཆོག་ཁྲུས་ལ་ཐམས་ཅད་བཞུགས་ནས། དབང་ལྷའི་མཆོད་པ་བྱིན་རླབས་བྱས་ཏེ། རང་གི་ཐུགས་ཀའི་ཧཱུཾ་ལས་ཞེས་སོགས་ཀྱིས་དབང་ལྷ་སྤྱན་འདྲེན་དཀྱུས་ལྟར་ལ་ཤིས་བརྗོད་ཀྱི་སྐབས་སུ་མཆོད་དཔོན་གྱིས་བུམ་པ་བཏེགས། ཚིགས་བཞི་རེ་རེའི་མཚམས་སུ་མང་མས་དྲིལ་བུ་བསིལ་ཞིང་མེ་ཏོག་འཐོར། ཁྲུས་ཁང་བསྐྱེད་ལ་མཆོད་གཡོག་པས་མེ་ལོང་བླངས་ནས་བླ་མའི་གཡོན་ངོས་ནས་བཟུང་སྟེ། སྟོང་གསུམ་ཀུན་ཏུ་སོགས་ཀྱི་སྐབས་སུ་དྲི་བཟང་གི་འདག་ཆལ་བྱུགས། ཇི་ལྟར་བལྟམས་པ་སོགས་ཀྱིས་རྣམ་བུམ་གྱི་ཆུས་ཁྲུས་བྱ། མི་ཕྱེད་རྡོ་རྗེ་སོགས་ཀྱིས་དྲི་ཞིམ་བོས་འབྲུ་མར་བྱུགས། རང་བཞིན་དག་པ་སོགས་ཀྱིས་དྲི་བཟང་གི་ཕྱེ་མ་འདེབས། དེ་དག་སྐུ་ལ་སོགས་ཀྱིས་སྐུ་དབྱི། ཡང་རྒྱས་བར་བྱེད་ན་ཕྱིན་དྲུག་རེ་རེའི་མཚམས་སུ་འདག་རྫས་བྱུགས་པ་དྲིལ་ཕྱིས་སྐུ་དབྱི་སོགས་བྱ་ལ་ལན་རྗེས་མའི་མཇུག་ཏུ་ཁྲུས་དང་སྐུ་ཕྱིས་པ་ལས་བྱུང་པའི་དགེ་བ་བསྔོ། བསྡུ་ན་ཕྱིན་དྲུག་གི་ཚིགས་བཅད་རེ་རེའི་མཚམས་སུ་སྔགས་གཉིས་བཅུག་སྟེ་ཁྲུས་རྫོགས་ནས་བྱུགས་པ་དང་དྲིལ་ཕྱིས་སོགས་སྔར་བཞིན་བྱ། དེ་ནས་མཆོད་དཔོན་གྱིས་དྲི་བཟང་གི་ཆུ་བཏེགས་ནས། སྟོང་གསུམ་ཀུན་ཏུ་སོགས་ཀྱི་སྐབས་སུ་བླ་མས་ཕྱག་གིས་རྟེན་རྣམས་ལ་བྱུགས་པའི་སྟངས་ཀ་བྱ་བའམ་མེ་ལོང་ཕྱག་ཏུ་ཕུལ་ནས་བྱུགས་པ་གང་བདེ་བྱ། རྟེན་ཁེབས་བསྣམས་ནས་སྣ་ཚོགས་དབང་པོ་སོགས་ཀྱིས་གོས་དང༌། རྒྱན་གྱི་ཙ་ཀ་ལི་བསྣམས་ནས་སྐུ་མཆོག་སོགས་ཀྱིས་རྒྱན་འབུལ། དེ་དག་ནི་ཁྲུས་ཀྱི་རིམ་པའོ། །
དེ་ནས་རང་རྡོ་རྗེ་འཇིགས་བྱེད་དུ་གསལ་བའི་ཐུགས་ཀའི་ཧཱུཾ་ལས་ཞེས་སོགས་ཀྱིས་ཡེ་ཤེས་པ་སྤྱན་དྲངས་ཏེ་མཆོད་པ་བྱིན་གྱིས་བརླབས་ལ། དྲི་མེད་ཡིད་དུ་འོང་བ་ཡི། སོགས་ལ་ཨོཾ་ཨཱཿ ཧྲིཿ སོགས་བཏགས་པས་ཆུ་གསུམ་དང༌། ལྷ་ཡི་མེ་ཏོག་སོགས་དང༌། སརྦ་ཏ་ཐཱ་ག་ཏ་བུཥྤེ་སོགས་ཀྱིས་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། བདག་ཉིད་ཀྱི་ལྕེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེར་གྱུར། ཅེས་བརྗོད་ལ། དེ་ནས་དབུ་ཞྭ་བཞེས། སྤོས་ཐོགས་ཏེ། ཐུགས་རྗེ་ཡིས་ནི་སོགས་ལན་གསུམ་བརྗོད་ཅིང་ཤོ་ལོ་ཀ་རེ་རེའི་མཚམས་སུ་དྲིལ་བུ་བསིལ། ལྷ་རྣམས་ཀྱིས་དགྱེས་བཞིན་དུ་གནང་བ་བྱིན་པར་གྱུར། དེ་ནས་སྔར་བཞིན་མཆོད་པ་བྱིན་གྱིས་བརླབས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱདྱཾ་སོགས་ཆུ་གསུམ་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད་ཅིང་ཕྱག་བྱ། གཉིས་མེད་མས་བསྟོད་དེ་གཤེགས་གསོལ་བྱ། དེ་ནས་རྟེན་ཀྱི་ཐུགས་ཀ་དབུ་མགུལ་ཕྱག་གཉིས་སྤྱི་གཙུག་རྣམས་སུ་དྲི་བཟང་བྱུགས་པའི་སྟངས་ཀ་བྱ་བའམ། ཡང་ན་མེ་ལོང་ལ་བྱུགས་པ་གང་བདེ་བྱེད། ཡང་མཆོད་པ་བྱིན་རླབས་སྔར་བཞིན་བྱས་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། སོགས་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱདྱཾ་སོགས་ཀྱིས་ཆུ་གསུམ་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད་ལ། ཧྲཱིཿ ཥྚཱིཿ དང་འཁྱིལ་བའི་སྔགས་ལན་གསུམ་མམ་བདུན་སོགས་བཟླ་བཞིན་དུ་རྡོ་རྗེ་དང་བཅས་པས་རྟེན་སོ་སོའི་གནས་གསུམ་དུ་རེག །དེ་ནས་སྟེགས་དམའ་བ་ཞིག་ཏུ་ཕྱོགས་སྐྱོང་གི་མཆོད་གཏོར་བཤམས་ནས་བྱིན་གྱིས་བརླབས། རང་གི་ཐུགས་ཀ་ནས་ཁྲོ་བོ་ཞེས་བ་ནས་བཀུག་ནས་རབ་ཏུ་གནས་བྱའི་ལྷ་རྣམས་ཀྱི་སྟེང་འོག་ཕྱོགས་མཚམས་རྣམས་སུ་འཁོད་པ་ནི། ཤར་དུ་དབང་པོ་ནས་འདུད་ཅིང་མཆིས། ཕྱོགས་སྐྱོང་འཁོར་དང་བཅས་པ་རྣམས་ཀྱིས་ཇི་སྲིད་རབ་ཏུ་གནས་བའི་བྱ་བ་མ་རྫོགས་པ་དེ་སྲིད་དུ་རབ་ཏུ་གནས་བྱའི་ལྷ་རྣམས་ཀྱི་སྟེང་འོག་ཕྱོགས་མཚམས་རྣམས་སུ་འཁོད་ནས་བགེགས་རྣམ་པར་བཟློག་པའི་འཕྲིན་ལས་མཛོད་ཅིག །ཅེས་ཕྱོགས་གཏོར་ཕུལ་ནས་རྟེན་དང་མེ་ལོང་ལ་ན་བཟའ་སེར་པོ་བཀབ་ནས་བཞག་གོ། །དེ་ནས་གཏང་རག་གི་མཆོད་བསྟོད་སོགས་དཀྱུས་ལྟར་བྱ་སྟེ་འདི་དག་ནི་སྟ་གོན་གྱི་རིམ་པའོ།། །།གཉིས་པ་དངོས་གཞི་ལ། གུལ་ཡུངས་བསྒྲུབ་པ་ཡན་ཆད་སྟ་གོན་གྱི་སྐབས་ལྟར་བྱ། གསོལ་བཏབ་དང་སེམས་བསྐྱེད་གཉིས་བཞག །རྟེན་བསྐྱེད་སྔར་ཉིན་བཞིན་དང༌། དཀྱིལ་འཁོར་དུ་འཇུག་པའི་སྒོར་དོར། ཆུ་བཞི་ནས་བཟུང་སྟེ་གོས་རྒྱན་འབུལ་བའི་བར་ཉིན་སྔ་མ་ཇི་ལྟ་བ་བཞིན་བྱས་ནས། མཚམས་འདིར་གསོལ་གདབ་དང་སེམས་བསྐྱེད་སྔར་བཞིན་བྱ། དེ་ནས་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་རླབས་རྒྱས་བསྡུས་གང་རིགས་བྱས་རྗེས་སྔར་ཨར་ཆོག་བྱས་པའི་མེ་ལོང་ཡོད་ན་ལས་རྡོར་གྱིས་བཀུར་སྟི་དང་བཅས་སྤྱན་དྲངས་ནས་སློབ་དཔོན་གྱི་མདུན་དུ་བཞག །མཆོད་པ་བཤམས་ཤིང་བྱིན་ཀྱིས་བརླབས་ཏེ་འབུལ་ལ། ཛཿ ཧཱུཾ་བཾ་ཧོཿ རྟེན་རྙིང་བའི་ཡེ་ཤེས་པ་རྣམས་རྟེན་གསར་བ་དང་གཉིས་སུ་མེད་པར་གྱུར་པར་བསམས་ལ། སྤོས་བཀྲམ་སྟེ། མ་ལུས་སེམས་ཅན་ནས་མཆོག་རྣམས་ལེགས་པར་སྩལ་ཏུ་གསོལ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ཞེས་པ་ནས། མདུན་གྱི་ནམ་མཁའ་བཞུགས་པར་གྱུར། བཅོམ་ལྡན་ཐུགས་རྗེས་བྱོན་པ་ལེགས། །ནས། བདག་ཀྱང་བློ་དང་ལྡན་པར་མཛོད། །ཅེས་པའི་བར་གཞུང་ལྟར་དང༌། དེ་ནས་མཆོད་པ་བྱིན་གྱིས་བརླབས་ཏེ་འབུལ། གསོལ་འདེབས་ལ། སང་ནི་ཞེས་པ་ལ་ད་ལྟ་ཞེས་བསྒྱུར་བ་ལས་གཞན་སྔར་ཉིན་དང་འདྲ། ཡེ་ཤེས་པ་བསྟིམ་ནས་དབང་བཞི་སློབ་མ་ལྷར་བསྐུར་བ་ལ། མཎྜལ། གསོལ་གདབ་ནས་རིག་པའི་དབང་ལྔ་རྡོ་རྗེ་སློབ་དཔོན་གྱི་དབང༌། དབང་གོང་མ་གསུམ་དང་བཅས་པའི་དག་པ་དང༌། མཐའ་རྟེན་རྗེས་གནང་སོགས་དོར་ནས་བདག་སྒྲ་གང་ཡོད་རབ་ཏུ་གནས་བྱ་ཞེས་བསྒྱུར་བ་ལས་གཞན་དབང་ཆོག་དང་ཕལ་ཆེར་འདྲ་ལ། དེ་ལྟར་དབང་བསྐུར་རྒྱས་པའམ་བསྡུས་འབྲིང་གི་ལག་ལེན་སྡོམས་དང་ཆོ་གའི་གཞུང་དུ་གསལ་བ་ལྟར་རྒྱས་བསྡུས་གང་རུང་གྲུབ་ནས་མཆོད་བ་བྱིན་རླབས་བྱས་ཏེ། དག་ཅིང་དྲི་མེད་སོགས་ཀྱིས་ཆུ་བཞི་དང༌། ལྷ་ཡི་མེ་ཏོག་སོགས་ཀྱིས་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། བསྟོད་པ་གསེར་མདོག་མའམ། གཉིས་མེད་མ་དང༌། སངས་རྒྱས་ཀུན་གྱི་ངོ་བོ་ཁྱོད། །སོགས་ཅི་རིགས་ཀྱིས་བསྟོད། དེ་ནས་བླ་མས་རྟེན་ཁེབས་བཏེགས་ཏེ། སྲབ་འཇམ་ཡང་བ་སོགས་དང༌། རྒྱན་གྱི་ཙ་ཀ་ལི་བཏེགས་ཏེ། རྒྱལ་བ་མཚན་དཔེའི་སོགས་དང༌། མེ་ལོང་བསྣམས་ནས། ཨཱ་ལས་སྐྱེས་པའི་མེ་ལོང་སོགས་བརྗོད་ནས་ཕུལ། དེ་ནས་རྒྱས་པའི་སྦྱིན་སྲེག་དཀྱུས་ལྟར་ལ་མི་འདྲ་བའི་ཁྱད་པར་ཅུང་ཟད་རེ་ཡོང་བ་རྣམས་ལྕང་སྐྱ་གོང་མའི་གསུངས་དང་ཟུར་རྒྱན་ལས་ཤེས་པར་བྱའོ། །སྦྱིན་སྲེག་གྲུབ་ནས་ནང་དུ་ཕེབས་ནས་ཇི་ལྟར་མིག་མཁན་སོགས་ཀྱི་ཚེ་རིན་པོ་ཆེའི་སྣོད་དུ་དྲི་བཟང་མར་དང་སྤྲང་རྩི་སྦྱར་བའི་མིག་སྨན་བླ་མས་མིག་ཐུར་གྱི་རྩེ་ལ་བླངས་ཏེ་སྔགས་ཀྱི་ཚེ་འབྱེད་པའི་སྟངས་ཀ་བྱས་ནས་སྤྱན་དབྱེ། དེ་བཞིན་དུ་སྙན་དང་ཤངས་དང་ཞལ་དབྱེ་པའི་ཐུར་མ་དངོས་སམ། ཙ་ཀ་ལི་བཏེགས་ནས་ཚིག་རྣམས་དལ་བུས་བརྗོད། དེ་ནས་ཙ་རུའི་ཞལ་ཟས་ནང་མཆོད་ལྟར་བྱིན་གྱིས་བརླབས་ནས་མཆོད་དཔོན་གྱིས་བཏེགས་ཏེ། གཟུགས་སྒྲ་དྲི་རོ་སོགས་ཀྱིས་གཞུང་ལྟར་འབུལ། དེ་ནས་ཨོཾ་ཨཱཿ ཧྲཱིཿ སོགས་ཀྱིས་ཞལ་བསིལ་དང༌། མཆོད་ཡོན་དབུལ། སོ་རྩེ་བཏེགས་ཏེ། ཨོཾ་བཛྲ་ཏམྦུ་ལ་ཡེ་སྭཱ་ཧཱ། ཞེས་པས་ཕུལ།འདི་ལ་ཚིགས་བཅད་སྔགས་དང་བཅས་པ་བརྗོད་པ་ཡང་ཡོད། དེ་ནས་རྟེན་གྱི་ཐུགས་ཀ་ལ་སོགས་པར་བླ་མས་རྡོ་རྗེ་དང་བཅས་པའི་ཕྱག་གིས་རེག་ལ། ཨོཾ་ཧཱུཾ་ཏྲཾ་ཧྲཱིཿ ཨཱཿ རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། ། སོགས་དང༌། ཧྲཱིཿ ཥྚཱིཿ དང་ཡ་མཱནྟ་ཀ་དང་ཨོཾ་ཨཱཿ ཧཱུཾ། ཅི་མང་བཟླས་ཏེ། སྔར་གྱི་ཁྲུས་དཀྱིལ་གྱི་མེ་ལོང་རྟེན་ལ་ཕྱིར་བསྟན་ཏེ། རབ་ཏུ་གནས་བྱའི་རྟེན་རྣམས་རྡོ་རྗེ་འཇིགས་བྱེད་ཡབ་ཡུམ་དུ་གསལ་བ་འོད་དུ་ཞུ་ནས་བྲིས་འབུར་གྱི་སྐུ་གཟུགས་དང༌། གསུང་རབ་ཀྱི་ཡིག་འབྲུ་སོ་སོ་དང༌། མཆོད་རྟེན་དང༌། གཙུག་ལག་ཁང་སོགས་ཀྱི་རྣམ་པར་གྱུར་པར་མོས་ནས་གཟུགས་བསྒྱུར་བྱ། མངའ་དབུལ་ལ་སྤྱི་དང་བྱེ་བྲག་གི་མངའ་དབུལ་གཉིས་ལས། དང་པོ་ནི། ཆུ་བཞི་ཉེར་སྤྱོད་རོལ་མོ་འདོད་ཡོན་ལྔ་རྣམས་བྱིན་གྱིས་བརླབས་ནས། དག་ཅིང་དྲི་མེད་མ། བསོད་ནམས་ཞིང་དུ་མ། ཁ་དོག་དབྱིབས་ལེགས་མ་སོགས་ལ་སྔགས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨᨗ་སོགས་སྦྱར་ནས་ཕུལ། ནང་མཆོད་ཀྱང་ཕུལ། མི་བསྐྱོད་རྡོ་རྗེ་མས་བསྟོད། མཎྜལ་ཕུལ། རྟགས་བརྒྱད་ཀྱི་ཙ་ཀ་ལི་རྣམས་བཏེགས་ཏེ། ཇི་ལྟར་སྔོན་གྱི་སོགས་བརྗོད་ནས་རྟགས་བརྒྱད་ཕུལ། དེ་བཞིན་གཤེགས་དང་སོགས་ཀྱི་སྐབས་ལས་བུམ་དུ་ཁྲུས་བུམ་བརྒྱད་ཀྱི་ཆུ་བསྡུས་ནས་ཁྲུས་གསོལ་བ་དང༌། ལས་བུམ་ཀྱི་ཆུ་རྐྱང་བས་ཁྲུས་གསོལ་བའི་ལུགས་ཡོད་ཀྱང་ཟུར་རྒྱན་དུ་རྣམ་བུམ་ཀྱིས་ཁྲུས་གསོལ་བ་ཡང་གསུངས། ན་བཟའ།རྒྱན་འདོད་ཡོན་ལྔ༌། རྒྱལ་སྲིད་སྣ་བདུན་སོགས་དང༌། བུམ་རྫས་ཉེར་ལྔས་བཀང་པའི་བུམ་པ་ཟུར་བའམ། རྣམ་བུམ་ཐོགས་ནས་རྒྱལ་བ་མགོན་པོ་སོགས་ཀྱིས་བཅུད་ཕུལ། གདུགས་དང་འབྲུ་དང་རིན་ཆེན་བདུན། སླན་རྣམས་རིམ་པར་བཏེགས་ཤིང་གཞུང་ལྟར་ཕུལ་ནས་ཤིས་བརྗོད་བྱའོ། །གཉིས་བ་བྱེ་བྲག་གི་མངའ་དབུལ་ལ། རབ་ཏུ་གནས་བྱའི་རྟེན་གྱི་གཙོ་བོ་རབ་བྱུང་གི་ཆ་བྱད་ཅན་ཡིན་ན། སྤུ་གྲི་འདྲེག་སྤྱད་སོ་མང་དང༌། །ཞེས་གསུངས་པ་ལྟར་བྱེད་ལ། ལོངས་སྐུའི་ཆ་བྱད་ཅན་ལ། རྒྱལ་པའི་དབུ་སྐྲ་སོགས་དང༌། གསུང་རབ་ལ། ཁྲི་གོས་གླེགས་ཤིང་གླེགས་ཐག་གོ། ཞེས་དང༌། མཆོད་རྟེན་ལ། སྲོག་ཤིང་འཁོར་ལོ་ཅོད་པཎ་འཕན། །རྒྱལ་མཚན་གདུགས་དང་སྲེང་བ་གདན། ། ཞེས་གསུངས་པ་ལྟར། མངའ་དབུལ་གང་དགོས་རྟེན་ལ་བསྟུན་ཏེ་བྱེད། བསྡུ་ན་སྤྱིའི་མངའ་དབུལ་ཙམ་གྱིས་ཆོག །དེ་ནས་སྔར་བསྒྲུབས་པའི་མེ་ཏོག་གི་ལྷག་མ་ཚོགས་སུ་བཀྲམ། གཟུངས་ཐག་བླ་མའི་ཕྱག་ཏུ་ཕུལ། གཟུངས་རྡོར་རྟེན་གྱི་ཐུགས་ཀར་འཇོག་པའམ། རྟེན་མང་པོ་ཡོད་ཚེ་མཆོད་དཔོན་གྱིས་རྟེན་སོ་སོའི་ཐུགས་ཀར་བཞག་པའི་ཚུལ་བྱས་ནས་ཡེདྷརྨཱ་ཅི་འགྲུབ་བཟླས། དཀྱིལ་འཁོར་གང་ལ་འབྲེལ་བའི་ཤིས་བརྗོད་བྱ། རྟེན་སོ་སོའི་དྲུང་དུ་དཔོན་སློབ་རྣམས་བྱོན་ནས་སུ་བྲ་ཏིཥྛ་བརྗོད་ལ་མེ་ཏོག་འཐོར། གྲྭལ་ལ་འཁོད་ནས་མེ་ཏོག་དང་བཅས་ཐལ་མོ་སྦྱར་ཏེ། ཇི་ལྟར་སངས་རྒྱས་ཐམས་ཅད་ནི། །སོགས་བརྗོད་ལ། ཕྱོགས་བཅུ་ན་བཞུགས་པའི་ཞེས་པ་ནས་བརྟན་པར་བཞུགས་སུ་གསོལ། ཞེས་ལན་གསུམ་བརྗོད་ནས། བདེ་གཤེགས་ཀུན་བཟང་སོགས་གཞུང་ལྟར་དང༌། ཡིག་བརྒྱ་ལན་བདུན་བཟླས་ནས། མགོན་པོ་སྐལ་བ་སོགས་ཀྱིས་གསོལ་བ་གདབ། ཧྲཱིཿ ཥྚཱིཿ བརྗོད་ལ་རྟེན་གྱི་སྐུའི་སྟོད་སྨད་ཀྱི་ཆ་རྣམས་ལ་ལག་པ་གཡས་པའི་རྡོ་རྗེ་དང་བཅས་པས་ལན་གསུམ་བསྐོར་ནས་བརྟན་པར་བྱའོ། །མི་བསྐྱོད་རྡོ་རྗེ་མས་བསྟོད་ནས་གཏང་རག་གི་མཆོད་བསྟོད་བྱའོ།། །།གསུམ་པ་མཇུག་གི་ཆོ་ག་ལ། མཆོད་དཔོན་གྱིས་ཡར་ཞུ་དང༌། རྡོར་སེམས་བསྒོམ་བཟླས་བུམ་ཆོག་བཞག་ལ། བདག་མདུན་འཇུག་པ་གཅིག་པའི་སྒྲུབ་ཚུལ་སྔར་ཉིན་ལྟར་བྱས་རྗེས། བྲཛཱ་རཀྵི་ཏས། དེ་ལྟར་མངའ་དབུལ་བྱས་ནས་ཀྱང༌། །སྦྱིན་སྲེག་ལས་ཀྱི་རྫོགས་པར་བྱ།། ཞེས་གསུངས་པ་ལྟར།ལྷག་ཆད་ཁ་བསྐང་ཕྱིར་ཞི་བའི་སྦྱིན་སྲེག་བྱ་བར་གསུངས་པས། དཀྱིལ་འཁོར་སྒྲུབ་མཆོད་ཀྱི་སྐབས་བཞིན་སྦྱིན་སྲེག་རྒྱས་པར་བྱས་ལ་ཆོས་སྐྱོང་བསྒོ་བའི་གཏོར་མ་དང་མཆོད་པ་རྒྱས་པ་ཁྲུས་སྟེགས་སུ་བཤམས་ཏེ། སྤྱི་སྒོས་ཀྱི་བསྐང་གསོ་རྒྱས་པ་བྱ་ཞིང༌། མཇུག་ཏུ་མེ་དང་ས་ཆུ་རླུང་རྣམས་ལ། སོགས་འཕྲིན་བཅོལ་བྱ། ཉིན་འདིར་བདག་བསྐྱེད་རྐྱང་བ་གཏོར་འབུལ་བཅས་གྲུབ་ནས་བསྐང་གསོ་གཏོང་བ་ཡང་ཡོད། དེ་ནས་ཡོན་བདག་བསྒོ་བ་ལ། སྦྱིན་བདག་རྣམས་ཀྱིས་གོས་གསར་འགྱོན། འབྲུ་དཀར་གྱི་གཡུང་དྲུང་བྲིས་པའི་གདན་ལ་འཁོད་ནས། མཆོད་པ་བཤམས། དེ་ནས་བླ་མས་དབུ་ཞྭ་བཞེས་ཏེ། རབ་གནས་ཀྱི་བཤད་པ་གནང༌། དེ་ནས་ཐམས་ཅད་ཀྱིས་དབུ་ཞྭ་མནབས་ནས། ཁྱེད་ཀྱིས་ངེད་ལ་གང་གསོལ་བའི། །ཞེས་སོགས་བརྗོད་ཅིང་སྦྱིན་བདག་ཚེ་དཔག་མེད་ཏུ་བསྐྱེད་ནས་མཆོད་པ་འབུལ་བ་དང༌། དེ་ནས་བཀྲ་ཤིས་ཀྱི་རྫས་རྣམས་བྱིན་གྱིས་བརླབས་ནས། སྦྱིན་བདག་རྣམས་དང་ཚོགས་པ་ཐམས་ཅད་ལ་གཡས་སྐོར་དུ་བརྒྱུད་དེ་ཁྲུས་སྟེགས་ལ་འགོད་པ་སོགས་ཕྱག་ལེན་ལྟར་བྱས་ནས་གཏང་རག་གི་མཆོད་བསྟོད་རྒྱས་པ་སྨོན་ལམ་ཉེར་བསྡུ་བྱ། རབ་ཡངས་མ་གསུངས་ནས་ཤེས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ།། །དེ་ལྟར་སྦྱོར་དངོས་རྗེས་གསུམ་གྱི་ཕྱག་ལེན་གང་ལ་ཡང་སླ་ཆོས་སུ་མ་སོང་བར་རྒྱུད་སྡེའི་དགོངས་པ་དང་མཐུན་པར་རབ་ཏུ་གནས་པའི་ཆོས་ཞིབ་རྒྱས་སུ་བྱ་བ་ནི་རང་གཞན་གྱི་གནས་སྐབས་དང་མཐར་ཐུག་གི་འདོད་དོན་མ་ལུས་པའི་འབྱུང་གནས་སུ་ལགས་པས། འཕྲལ་ཡུན་གྱི་བདེ་ལེགས་འདོད་པའི་གཟུར་གནས་རྣམས་ཀྱིས་རྩེ་གཅིག་ཏུ་འབད་བར་བྱའོ། །དམ་པའི་ཕྱག་བཞེས་རང་བཟོས་མ་བསླད་པར། །མདོ་ཙམ་ལེགས་པར་བཀོད་འདིས་རྟེན་གསུམ་ལ། །རྨད་བྱུང་བྱིན་རླབས་གཟི་འོད་སྟོང་འབར་བས། །སྐྱེ་དགུའི་ལེགས་ཚོགས་པད་ཚལ་རྒྱས་གྱུར་ཅིག །ཅེས་རབ་གནས་དགེ་ལེགས་རྒྱ་མཚོའི་ཆར་འབེབས་ཀྱི་ལག་ལེན་གྱི་རིམ་པ་མདོ་ཙམ་བཀོད་པ་འདི་ཡང་ ྋདབྱངས་ཅན་བཞད་པས་རང་གི་དྲན་ཐོར་བྲིས་པའོ།། །།པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།། །།