༄༅། །ཁྱབ་བདག་སྟག་ཕུ་གར་གྱི་དབང་པོའི་གཟིགས་སྣང་སྒྲོལ་མའི་སྒོ་ནས་བསྙེན་ཆེན་བྱ་ཚུལ་གྱི་བསྙེན་ཡིག་དངོས་གྲུབ་རླབས་ཕྲེང་གཡོ་བའི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ། །

༄༅། །ང༷ག་གི་དབ༷ང་ཕྱུག་འཇམ་མགོན་ཙོང་ཁ་བའི། །རིང་ལུགས་མདོ་སྔགས་ཆོས་ཚུལ་པདྨོའི་ཚལ། །མཛད་བཟང་འོད་བརྒྱས་འཕེལ༷་ཞིང་རྒྱས་མཛད་པ། །བཀའ་དྲིན་མཚུངས་མེད་བཤེས་གཉེན་མཆོག་གིས་སྐྱོངས། །རྒྱལ་ཀུན་བྱ་གྲུབ་ཡེ་ཤེས་ཆུ་གཏེར་ལས། །ལེགས་འཁྲུངས་མཚན་དཔེའི་ཆ་ཤས་ཡོངས་སུ་རྫོགས། །གཞན་ཕན་འཕྲིན་ལས་འོད་དཀར་འབུམ་སྤྲོ་བ། །རྒྱལ་ཡུམ་སྒྲོལ་མའི་ཞབས་ལ་གུས་ཕྱག་འཚལ། །གང་གི་བསྙེན་སྒྲུབ་རྔུལ་གྱི་ཁ་ལོ་བས། །འཕགས་མའི་ཐུགས་རྗེའི་སྤྲིན་སྔོན་ཉེར་བསྐུལ་ཏེ། །བྱིན་རླབས་ཟད་མི་ཤེས་པའི་གྲུ་ཆར་གྱིས། །དངོས་གྲུབ་པད་ཚལ་རྒྱས་པའི་ཐབས་མཆོག་བྲི། །དེ་ཡང་ཐམས་ཅད་མཁྱེན་པ་རྒྱལ་དབང་དགེ་འདུན་གྲུབ་ཀྱིས། ཐུགས་རྗེ་ཆེན་པོའི་ཐུགས་རྗེའི་རྣམ་འཕྲུལ་གྱིས། །དུས་གསུམ་རྒྱལ་བའི་མཁྱེན་བརྩེ་ནུས་པ་རྣམས། །རབ་མཛེས་ཡིད་འོང་ལྷ་མོའི་སྐུར་བསྟན་ནས། །ཕོངས་པ་ཀུན་སྐྱོབས་སྒྲོལ་མའི་ཞབས་ལ་འདུད། །ཅེས་གསུངས་པ་ལྟར། རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཕྱག་ན་པདྨོའི་སྤྱན་ཆབ་གྱི་བདུད་རྩི་ལས་འཁྲུངས་ཤིང༌། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པའི་ཡོན་ཏན་མཐའ་དག་རབ་ཏུ་མཛེས་པའི་ཡིད་འཕྲོག་ལྷག་པའི་ལྷ་མོའི་སྐུར་བསྟན་ནས་འགྲོ་བ་རྣམས་ཕོངས་པ་མཐའ་དག་ལས་སྐྱོབས་པའི་འཕྲིན་ལས་ཐོགས་པ་མེད་པ་མངའ་བ་ནི་རྗེ་བཙུན་འཕགས་མ་སྒྲོལ་མ་ཉིད་ཡིན་ལ། དེ་ཡང་མཉམ་མེད་ཇོ་བོ་ཆེན་པོ་རྡོ་རྗེ་གདན་དུ་ཞབས་བསྐོར་ལ་ཕེབས་དུས་ཞིག་དུ། འཕགས་མས་ཞལ་བསྟན་ནས། ཁྱོད་ཀྱི་རྗེས་འབྲང་ཁོ་མོས་སྐྱོངས། །ཞེས་གསུངས་པས། ཇོ་བོ་ཆེན་པོ་སོགས་བཀའ་གདམས་གོང་མ་རྣམས་བྱ་བ་ཅི་བྱུང་ཡང་འདི་ཉིད་ལ་གསོལ་བ་བཏབ་སྟེ་མཛད་པ་འཕྲིན་ལས་ལྷུན་གྱིས་གྲུབ་པའི་རྣམ་ཐར་ལྟར། རང་ཅག་རྗེས་འཇུག་རྣམས་ཀྱང་ལྷག་པའི་ལྷ་འདི་ཉིད་ལ་ངེས་པར་བརྟེན་དགོས་ལ། དེས་ན་རྗེ་བཙུན་སྒྲོལ་མ་ལ་བརྟེན་ནས་བསྙེན་སྒྲུབ་ཀྱི་རིམ་པ་རྒྱས་པར་བྱ་བའི་ཚུལ་ཐོག་མཐའ་བར་གསུམ་གྱི་ལག་ལེན་མདོར་བསྡུས་བཤད་པ་ལ། དེ་ཡང་ལྷག་པའི་ལྷ་མོ་འདི་ཉིད་ཀྱིས་སྔོན་ཚེ་བུ་མོ་ཟླ་བར་འཁྲུངས་པའི་ཚེ་ཐུགས་བསྐྱེད་ཅིང༌། དེ་ནས་བཟུང་བརྩོན་པ་དྲག་པོས་རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོ་ལྟ་བུའི་མཐར་སོན་ཏེ། གང་གི་མཚན་ཙམ་བཟུང་བ་དང༌། སྔགས་བཟླས་པ་ཙམ་གྱིས་ཕྱི་ནང་གི་འཇིགས་པ་ཆེན་པོ་བརྒྱད་སོགས་ལས་བསྐྱབས་ཤིང༌། ཐུགས་རྗེས་རྗེས་སུ་བཟུང་བའི་ཚུལ་གྲུབ་དབང་ཏཱ་ར་ནཱ་ཐས་མཛད་པའི་སྒྲོལ་མའི་རྒྱུད་ཀྱི་འབྱུང་ཁུངས་གསལ་བར་བྱེད་པའི་ལོ་རྒྱུས་གསེར་གྱི་ཕྲེང་བ་སོགས་ལས་གསུངས་པ་ལྟར། ལྷ་དང་སྔགས་ཀྱི་ཆེ་བ་ཤེས་པར་བྱས་ནས། དངོས་གྲུབ་ཀྱི་གཏེར་དུ་གྱུར་ཅིང༌། འགྲུབ་ཐག་ཉེ་བའི་ལྷ་འདི་ལྟ་བུ་སྒྲུབ་རྒྱུའི་སྐལ་བ་བྱུང་བ་ནི། དབུལ་པོས་གཏེར་རྙེད་པ་ལྟ་བུའི་དགའ་སྤྲོའི་གདེང་དང་ལྡན་པས་སྒོ་གསུམ་གྱིས་འབད་པ་དྲག་པོས་སྒོམ་བཟླས་ལ་བརྩོན་པར་བྱའོ། །དེ་ཡང་བསྙེན་པ་ཞེས་པ་ནི་ལྷག་པའི་ལྷའི་སྐུ་གསུང་ཐུགས་རང་གི་ལུས་ངག་ཡིད་གསུམ་དང་ཁད་ཉེ་བར་བྱེད་པ་ལ་བྱའོ། །འདུས་པའི་རྒྱུད་ཕྱི་མ་ལས། ཐུན་མོང་མཆོག་གི་དབྱེ་བ་ཡིས། །བསྙེན་པ་རྣམ་པ་གཉིས་སུ་འདོད། ། ཅེས་བླ་མེད་ལྟར་ན་རིམ་གཉིས་ཀྱི་རྣལ་འབྱོར་དང༌། རྒྱུད་སྡེ་འོག་མ་ལྟར་ན་མཚན་བཅས་མཚན་མེད་ཀྱི་རྣལ་འབྱོར་སྒོམ་པར་བྱེད་པ་ནི་བསྙེན་པ་བྱེད་པ་ཡིན་ནོ། །སྤྱིར་བསྙེན་པ་ལ། གྲངས་ཀྱི་བསྙེན་པ། དུས་ཀྱི་བསྙེན་པ། མཚན་མའི་བསྙེན་པ་གསུམ་གསུངས་ལ། གྲངས་ཀྱི་བསྙེན་པ་ལ། ལས་རུང་གི་བསྙེན་པ་དང༌། དངོས་གྲུབ་སྒྲུབ་པའི་བསྙེན་པ་གཉིས་ཡོད་པས། འདིར་ནི་ཕྱི་མའི་དབང་དུ་བྱས་ལ། དེ་ཡང་གདོང་དྲུག་གི་རྒྱུད་ལས། བྱེ་བ་ཚང་བར་བཟླས་པ་ཡིས། །རབ་འབྱམས་ལས་ལ་མི་འགྲུབ་པ། །མེད་དེ་དེ་ཡིས་ཐམས་ཅད་འགྲུབ། །ཅེས་དང༌། དུས་འཁོར་འགྲེལ་ཆེན་ལས། འདི་ལ་བཟླས་པ་བྱེ་བ་དང། །སྦྱིན་སྲེག་འབུམ་ཕྲག་བཅུའི་སྔོན་དུ་བསྙེན་པ་བྱའོ།། ཞེས་གསུངས་པ་དེ་དག་གིས་དངོས་གྲུབ་འགྲུབ་པའི་སྔ་རོལ་གྱི་བཞི་བསྙེན་འབུམ་ཕྲག་བརྒྱའི་གྲངས་ཡོངས་བ་བཅུ་ཆའི་སྦྱིན་སྲེག་དང་བཅས་པ་བསྟན་པ་ཡིན་ནོ། །དེ་དག་གིས་ཁུངས་མདོ་ཙམ་སྨོས་སོ། །ད་ནི་བསྙེན་བསྒྲུབ་ཀྱི་ལག་ལེན་དངོས་བཤད་པ་ལ་སྔོན་འགྲོ་དང༌། དངོས་གཞིའི་རིམ་པ་གཉིས། དང་པོ་ནི། སྒྲུབ་པ་བོ་ལ་མཐུན་མོང་བས་རྒྱུད་སྦྱངས་ཤིང༌། རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པའི་དྲུང་ནས་ལུགས་འདིའི་ཐུན་མོང་བ་གཏོར་མ་བརྟེན་ནས་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་དང༌། ཐུན་མོང་མ་ཡིན་པ་བླ་མའི་ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་རྣམས་ལེགས་པར་ཐོབ་པ་གལ་ཆེ་སྟེ། དབང་མ་ཐོབ་པར་ལྷའི་བསྒོམ་བཟླས་སོགས་བྱས་ཀྱང་དངོས་གྲུབ་ཁྱད་པར་ཅན་མི་ཐོབ་པར་སངས་རྒྱས་ཐོབ་པའི་རྒྱུད་དང༌། ཕྱག་ཆེན་ཐིག་ལེ་དང༌། རྒྱུད་རྡོ་རྗེ་ཕྲེང་བ་སོགས་ལས་གསུངས་སོ། །དབང་ཐོབ་པ་ཙམ་གྱིས་མི་ཆོག་སྟེ། དབང་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་རྣམས་ཚུལ་བཞིན་དུ་བསྲུང་སྟེ་དངོས་གྲུབ་ཀྱི་གཞི་རྩ་ཚུགས་བ་ཞིག་བྱེད་དགོས་བར་བདེ་མཆོག་རྩ་རྒྱུད་དང་སྡོམ་འབྱུང་སོགས་ལས་གསུངས་སོ། །དེ་ལྟར་སྣོད་རུང་གི་ཆོས་རྣམས་སྔོན་དུ་བཏང་ནས། སྒྲུབ་རྒྱུད་བསྟན་པའི་སྒྲོན་མེ་རྗེ་གསེར་ཁང་རྡོ་རྗེ་འཆང་གི་ཕྱག་བཞེས་ལྟར། སྔོན་འགྲོའི་རིམ་པ་ཆེད་གཉེར་གྱིས་གྲངས་བསགས་མཛད་རྒྱུན་ཡོད་པ་ལྟར། བསྙེན་བསྒྲུབ་ཀྱི་སྐབས་སུ་བར་ཆད་ཞི་ཞིང༌། བསྙེན་བསྒྲུབ་གནད་དུ་འགྲོ་བའི་ཆེད་དུ་སངས་རྒྱས་ཆོས་ཚོགས་མས་སྐྱབས་སེམས། དགའ་ལྡན་ལྷ་བརྒྱ་མ་དང་འགྲེལ་བའི་དམིགས་བརྩེ་མ། ཕྱག མཆོད་པ། མཎྜལ། ཡིག་བརྒྱ། དམ་ཚིག་རྡོ་རྗེའི་བཟླས་པ། ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་སོགས་ཐམས་ཅད་དམ་ཅི་རིགས་པར་འབུམ་ཕྲག་རེ་བསགས། དེ་དག་གི་སྐབས་སུ་སོ་སོའི་ཁྲིད་ཡིག་ལས་འབྱུང་བ་བཞིན་དམིགས་རྣམ་ཡིད་ལ་བྱས་ཏེ། ཁྲལ་ཆོས་སླ་ཆོས་སུ་མ་སོང་བར་ཚོགས་རླབས་པོ་ཆེ་བསགས་ཏེ། བླ་མ་ལྷའི་བྱིན་རླབས་འཇུག་པའི་སྣོད་རུང་དུ་འགྱུར་ངེས་ཞིག་བྱ། གཞན་དཀོན་མཆོག་ལ་མཆོད་པ། དགེ་འདུན་ལ་བསྙེན་བཀུར། ངན་སློང་ལ་སྦྱིན་གཏོང༌། སྲོག་བླུ། མདོ་སྡེ་ཀློགས་པ། ཆོས་སྐྱོང་ལ་འཕྲིན་བཅོལ། ཡུལ་ལྷ་ལ་བསང་མཆོད། དར་ཅོག་ལ་སོགས་པ་འབྱོར་མཁོས་དང་བསྟུན་ནས་བྱའོ། །གཉིས་པ་དངོས་གཞི་ལ། དང་པོ་གཞི་བསྙེན། བར་དུ་དངོས་གྲུབ་བསྒྲུབ་ཚུལ། མཐར་བཅུ་ཆའི་སྦྱིན་སྲེག་བྱ་ཚུལ་དང་གསུམ། དང་པོ་ནི། སྔོན་འགྲོའི་རིམ་པ་རྣམས་གྲུབ་ནས། ཡིད་མཐུན་གྱི་གནས་སུ་གཟའ་སྐར་དགེ་བའི་ཉིན། གནས་ཁང་བྱི་དོར་ལེགས་པར་བྱས། རྗེ་བཙུན་མའི་སྐུ་བྲིས་འབུར་ཅི་རིགས་སོགས་སྐུ་གསུང་ཐུགས་རྟེན་རྣམས་བཀྲམ་པའི་མདུན་དུ། མཆོད་གཏོར་ཕྱག་ལེན་བཞིན་དུ་བཤམས། རང་གི་མལ་འོག་ཏུ་གཡུང་དྲུང་བྲིས་ལ་ཀུ་ཤ་བཀྲམ་བའི་སྟེང་དུ་འབོལ་བའི་གདན་བཏིང༌། མདུན་དུ་རྡོར་དྲིལ་ནང་མཆོད་བགྲང་འཕྲེང་རྣམས་བཤམས། དེ་ནས་ཕྱི་དྲོའི་ཆར་ནང་སྒོའི་རྩར་འཁོད་ནས། སྐྱབས་སེམས། སྐད་ཅིག་དཀྲོང་བསྐྱེད། གཞི་བདག་གཏོར་མ་དང་བགེགས་གཏོར་བསྔོས་ལ་བསྲུང་འཁོར་བསྒོམ། མཚམས་ཐོ་བཞི་ཡོད་ན་རྒྱལ་ཆེན་བཞི་དང༌། གཅིག་ལས་མེད་ན་འཕགས་སྐྱེས་བོར་བསྐྱེད་དེ་མཆོད་གཏོར་ཕུལ་ནས་འཕྲིན་ལས་བཅོལ། ནང་དུ་བྱིན་ནས་གནས་གསུམ་བྱིན་རླབས་དང་གདན་བྱིན་རླབས་བྱ། དེ་ནས་ཀུན་སློང་ལེགས་པར་བརྟགས་ཏེ། འཕྲལ་གྱི་རྐྱེན་ངན་བར་ཆད་སེལ་བ་ཙམ་དང༌། ཚེ་འདིའི་རྙེད་བཀུར་སྙན་གྲགས་སོགས་དོན་གཉེར་གྱི་ཀུན་སློང་ངན་པའི་དབང་དུ་མི་གཏོང་བར་ངེས་འབྱུང་གི་བསམ་པ་བཅོས་མ་ཚུན་ཆད་ཀྱིས་མ་ཟིན་ན་ཐར་བའི་རྒྱུར་མི་འགྱུར་བའི་ཚུལ་དང༌། བྱང་ཆུབ་སེམས་ཀྱིས་མ་ཟིན་ན་ཐམས་ཅད་མཁྱེན་པའི་རྒྱུར་མི་འགྱུར་བའི་ཚུལ་བསམ་སྟེ་སྔགས་བླ་མེད་ཀྱི་ཐུན་མོང་མ་ཡིན་པའི་སེམས་བསྐྱེད་ཀྱི་རྩིས་ཟིན་པའི་སྒོ་ནས། ཐོག་མར་སྐྱབས་འགྲོ། བླ་མ་མཆོད་པ། དེ་ནས་བླ་བརྒྱུད་གསོལ་འདེབས། བླ་མའི་རྣལ་འབྱོར་ནས་བཟུང་སྟེ་སྒྲུབས་ཐབས་རྫོགས་པར་བསྒོམས་ནས་བཟླས་བ་གང་འགྲུབ། གཏོར་འབུལ། སྨོན་ལམ། ཉེར་བསྡུ། ཤིས་བརྗོད་རྣམས་བྱའོ། །ཕྱི་ཉིན་སྔ་བར་ལངས་ཏེ་ཁྲུས་བྱས། ངག་བྱིན་རླབས། འགྱུར་སྔགས། འཕྲེང་བ་བྱིན་རླབས་རྣམས་བྱ། དེ་ནས་བླ་བརྒྱུད་ནས་བཟུང་སྟེ་ཆོ་ག་དལ་བུས་འདོན་ཞིང༌། དམིགས་རྣམ་སྔ་མ་སྔ་མ་རྣམས་མ་ཤར་བར་ཕྱི་མ་ཕྱི་མ་གསལ་མི་གདབ་པར་སྐབས་གང་ཡིན་གྱི་དམིགས་རྣམ་འཆར་ངེས་དང༌། ལྷའི་ང་རྒྱལ་དང་གསལ་སྣང་ལ་བློ་ཚོད་དང་བསྟུན་ཏེ་མཉམ་པར་འཇོག དེ་འདྲའི་ལྷའི་རྣལ་འབྱོར་བསྒོམ་པ་དེ་ཡང་བདེན་འཛིན་གྱི་གསོས་འདེབས་བྱེད་དུ་མི་འགྲོ་བར་དམིགས་པ་ལྷའི་སྐུ་དང་རྣམ་བ་རང་བཞིན་མེད་པར་ངེས་པའི་ཟབ་གསལ་གཉིས་མེད་ཀྱི་རྣལ་འབྱོར་བསྒོམ་བ་ནི་བདེན་འཛིན་གྱི་གཉེན་པོར་འགྲོ་བར་སྒྲུབས་ཐབས་ཀུན་བཟང་ལས་གསུངས་ལ། རིམ་ལྔ་ལས་ཀྱང༌། བདག་མེད་པའི་ལྟ་བས་རྩིས་ཟིན་པར་བྱས་ཏེ། བདེན་སྟོང་སྒྱུ་མ་ལྟ་བུའི་ངེས་ཤེས་དང་མ་བྲལ་བའི་ངང་ནས་ལྷའི་རྣལ་འབྱོར་དང་བསྒོམ་བཟླས་སོགས་བྱ་དགོས་པར་ཡང་ཡང་གསུངས་སོ། །བཟླས་པའི་སྐབས་སུ་བཟླས་དམིགས་གསལ་བཏབ་སྟེ་མྱུར་བུལ་སོགས་ཀྱི་སྐྱོན་དང་བྲལ་བར་བཟླ་དགོས་པར་དགྲ་ནག་གི་རྒྱུད་དང་དཔུང་བཟང་གིས་ཞུས་པའི་རྒྱུད་སོགས་ལས་གསུངས་པ་ལྟར་དང༌། ལྷག་པར་ཡིད་གཞན་དུ་གཡེང་བའི་སྒོ་ནས་སྒྲུབས་ཐབས་བསྒོམ་པ་དང་བཟླས་བརྗོད་བྱ་བ་སོགས་འབྲས་བུ་ཤིན་དུ་ཆུང་བས་མི་གཡེང་བ་གལ་ཆེ་པ་གདོང་དྲུག་གི་རྒྱུད་དང༌། སྤྱོད་འཇུག་སོགས་ལས་གསུངས་སོ། །བཟླས་པའི་མཐར་ཡིག་བརྒྱས་ལྷག་ཆད་བསྐངས། དེ་ནས་གཏོར་འབུལ་ཀྱང་སྤྲོ་ན་ཐུན་ཐམས་ཅད་ཀྱི་མཐར་འབུལ་བ་དང༌། མ་མཐའ་འང་ཐུན་ཐ་མའི་མཐར་ངེས་པར་འབུལ། དེ་ནས་ཉེར་བསྡུ་དང༌། ཤེས་ཤིང་སྤྲོ་ན་སྨོན་ལམ་ཐར་པར་བགྲོད་པའི་གྲུ་གཟིངས་དང༌། ཤེས་བརྗོད་ལྷའི་རྔ་སྒྲ་སོགས་བྱས་ཏེ་ཐུན་མཚམས་ལ་འཇུག ཐུན་མཚམས་སུ་སྤྱོད་ལམ་རྣམ་བཞི་གང་གི་སྐབས་སུ་ཡང་འཁྱེར་སོ་གསུམ་དང་ཉལ་ལྡང་བཟའ་བཏུང་ཁྲུས་ཀྱི་རྣལ་འབྱོར་སོགས་རྒྱུད་སྡེ་རིན་པོ་ཆེ་ནས་གསུངས་པ་ལྟར་ཉམས་སུ་རླངས་ཏེ་ཟེར་གཉིས་གུང་གཉིས་ཏེ་ཏིང་ངེ་འཛིན་འཇུག་པའི་དུས་བཞིར་ཐུན་མཚམས་ཁེལ་བར་བྱས་ཏེ་ཐུན་བཞི་བྱ། གཞན་ཡང་མཚམས་ཀྱི་སྤང་བླང་གི་རིམ་པ་རྩ་བའི་ཉེས་པ་དགུ་དང༌། ཡན་ལག་གི་ཉེས་པ་བཅུ་བཞི་སོགས་དང༌། ཉེས་དམིགས་འགའ་ཞིག་སེལ་ཚུལ་དང་བཅས་པ་གྲུབ་དབང་ཀློང་རྡོལ་བླ་མ་རིན་པོ་ཆེའི་སྔགས་ཀྱི་མིང་གི་རྣམ་གྲངས་སུ་གསུངས་པ་ལྟར་ཤེས་པར་བྱ། གཞི་བསྙེན་གྱི་སྐབས་སུ་དམ་ཚིག་དང་སྡོམ་པ་རྣམ་པར་དག་བའི་ཕྱིར་ལུས་དཀྱིལ་གྱི་བདག་འཇུག་བརྒྱ་རྩ་བརྒྱད་འགྲོ་ངེས་བྱ་ཞིང༌། གཞི་བསྙེན་གྱི་མཇུག་ཏུ་ཆོ་ག་དང་སྔགས་ཆད་ལྷག་གི་ཉེས་བ་ཞི་བའི་ཕྱིར་དུ་ཞི་བའི་སྦྱིན་སྲེག་ཀྱང་བྱས་ན་ལེགས་ཏེ། རྡོ་རྗེ་སྙིང་པོ་རྒྱན་ལས། གསང་སྔགས་ལྷག་ཆད་གང་ཡིན་པ། །ཐམས་ཅད་སྦྱིན་སྲེག་དག་གིས་སྐོང༌། །ཞེས་གསུངས་སོ། །
གཉིས་པ་དངོས་གྲུབ་སྒྲུབ་བའི་ཚུལ་ནི། སྔོན་དུས་སུ་གཞི་བསྙེན་སོང་ནས་བཅུ་ཆའི་སྦྱིན་སྲེག་མཛད་ཀྱིན་ཡོད་ཀྱང༌། ཤིང་བཟའ་རྡོ་རྗེ་འཆང་གིས་བསྙེན་པ་དང༌། བསྒྲུབ་པ་དང༌། ལས་ལ་སྦྱོར་བའི་གོ་རིམ་བཞིན་དུ། གཞི་བསྙེན་རྗེས་སུ་བསྙེན་བསྒྲུབ་སྦྲགས་མ་དང༌། དེའི་རྗེས་སུ་མེ་ལྷའི་བསྙེན་པ་དང༌། སྦྱིན་སྲེག་སོགས་ཀྱི་ཕྱག་ལེན་གནང་བ་ལྟར། དངོས་གྲུབ་བསྒྲུབ་ཚུལ་ལ། ཉེར་བསྡོགས་བསྙེན་བསྒྲུབ་སྦྲགས་མ་བྱ་བའི་ཚུལ་དང༌། དངོས་གྲུབ་ཀྱི་རྫས་བསྒྲུབ་ཅིང་བླངས་པའི་ཚུལ་འདོན་ཆོག་ཟུར་དུ་གསལ་བར་བྲིས་ཡོད་པ་ལྟར་ལས་འདིར་བྲི་བའི་ངལ་བ་བྱེད་མི་དགོས་སོ། །གསུམ་པ་ལྷ་དབང་དུ་བྱེད་པའི་བཅུ་ཆའི་སྦྱིན་སྲེག་བྱེད་པ་ལ། དེའི་སྔོན་དུ་འཇིག་རྟེན་པའི་མེ་ལྷ་ཐབ་ཏུ་འགུགས་པའི་སྔགས་ཀྱི་བསྙེན་པ་དང༌། དེའི་བཅུ་ཆའི་སྦྱིན་སྲེག་བྱ་དགོས་པས། དེ་ཇི་ལྟར་བྱ་བའི་ཚུལ་དང༌། དེའི་རྗེས་སུ་བཅུ་ཆའི་སྦྱིན་སྲེག་ཆེན་མོ་ཇི་ལྟར་བྱ་བའི་ཚུལ་གྱི་ངག་འདོན་གྱི་རིམ་པ་རྣམས་ལོགས་སུ་གསལ་བར་བྲིས་ཡོད་པས། དེ་བཞིན་ཉམས་སུ་བླངས་པར་བྱའོ། །མདོར་ན་བསྙེན་པའི་སྐོར་བསྙེན་ཡིག་དངོས་གྲུབ་རྒྱ་མཚོ་དང༌། སྦྱིན་སྲེག་གི་སྐོར་སྦྱིན་སྲེག་དངོས་གྲུབ་རྒྱ་མཚོ་ལས་ཤེས་པར་བྱས་ཏེ། ཚུལ་བཞིན་ཉམས་སུ་བླངས་ན་ཞི་སོགས་ཀྱི་ལས་གང་བསྒྲུབ་ཀྱང་ཐོག་མེད་དུ་འགྲུབ་པ་དང༌། རྗེ་བཙུན་འཕགས་མ་སྒྲོལ་མས་རྗེས་སུ་བཟུང་སྟེ། ས་ལམ་གྱི་རྟོགས་པ་མངོན་དུ་གྱུར་ནས་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པ་སོགས་རང་གཞན་གྱི་དོན་མཐའ་དག་བདེ་བླག་ཏུ་འགྲུབ་པ་གདོན་མི་ཟ་བ་ཡིན་ལ། འོན་ཀྱང་སྣོད་མིན་ལ་གསང་བ་ཤིན་ཏུ་གལ་ཆེ་སྟེ། རྗེ་བཙུན་མའི་ཞལ་ནས། དེ་ལྟར་ཁོ་མོས་གོང་དུ་བཤད་པ་འདི་རྣམས་ཚུལ་བཞིན་ཉམས་སུ་བླངས་ན། ཇི་སྐད་བཤད་པའི་ཕན་ཡོན་ངེས་པར་ཐོབ་ཅིང༌། ཁོ་མོའི་བྱིན་རླབས་འཇུག་པར་དམ་བཅའ་པར་བྱ་ཡི། སྣོད་མིན་ལོག་ལྟ་ཅན་རྣམས་ལ་ཆེས་ཤིན་ཏུ་གསང་བར་མཛོད་ཅིག ཅེས་གསུངས་སོ། །སྨྲས་བ། བྱིན་རླབས་ཝུ་བའི་ཕྲེང་བ་ཉེར་འཁྲིགས་པའི། །འཕགས་མའི་ཞལ་ལུང་མ་དྲོས་ཀླུང་ཟབ་ལས། །དངོས་གྲུབ་ཡིད་བཞིན་ནོར་བུ་ལེན་པའི་ཕྱིར། །མན་ངག་རིན་ཆེན་གྲུ་གཟིངས་འདི་ན་བསྐྲུན། །དམ་ཚིག་སྡོམ་པའི་རྨང་གཞི་བརྟན་པོའི་སྟེང༌། །ཟབ་གསལ་ལྷ་ཡི་རྣལ་འབྱོར་པ་གམ་རྩེར། །བསྙེན་བསྒྲུབ་ནོར་བུའི་ཏོག་སོགས་ཚོགས་གྱུར་ན། །སྐུ་བཞིའི་ཁང་བཟང་རིང་མིན་འགྲུབ་པར་ངེས། །འདི་ན་གསང་ལས་ཆེས་གསང་གདམས་པ་མཆོག །ཕོ་ཚོད་བློ་ཡིས་གསལ་བར་བཤད་པའི་ཁུལ། །བྱས་ལ་འཁྲུལ་བའི་ཉེས་ཚོགས་ཅི་མཆིས་པ། །བླ་མ་འཕགས་མའི་སྤྱན་སྔར་སྙིང་ནས་བཤགས། །འདིར་འབད་དགེ་ཚོགས་དུང་ལྟར་དཀར་བ་དེས། །སྐྱེས་ཀུན་བླ་མ་འཕགས་མས་རྗེས་བཟུང་མཐུས། །འཇིགས་ཆེན་བརྒྱད་དང་སྒྲིབ་གཉིས་ལས་གྲོལ་ཏེ། །བླ་མེད་བྱང་ཆུབ་མཆོག་གི་དཔལ་ཐོབ་ཤོག །ཅེས་ཁྱབ་བདག་སྟག་ཕུ་གར་གྱི་དབང་བོའི་གཟིགས་སྣང་སྒྲོལ་མའི་བསྙེན་ཆེན་ཇི་ལྟར་བྱ་ཚུལ་གྱི་བསྙེན་ཡིག་མདོར་བསྡུས་དངོས་གྲུབ་རླབས་ཕྲེང་གཡོ་བའི་རྒྱ་མཚོ་ཞེས་བྱ་བ་འདི་ནི་དད་བརྩོན་རྣམ་དཔྱོད་ཕུལ་དུ་བྱུང་བ་དགེ་སློང་བློ་བཟང་སངས་རྒྱས་ཀྱིས་ལྷག་པའི་ལྷ་འདི་ཉིད་ཀྱི་བསྙེན་ཆེན་ལ་སྡོད་སྐབས་འདིའི་སྐོར་རྣམས་ལན་གྲངས་དུ་མའི་བར་དུ་བསྐུལ་མ་ནན་ཏན་བྱུང་བའི་ཚེ་ངོ་བཟློག་མ་ནུས་བར་ ༧དབྱངས་ཅན་བཞད་པས་རབ་ཚེས་ལྕགས་ཁྱིའི་ལོའི་ལྷ་བབས་དུས་ཆེན་གྱི་ཉིན་སྦྱར་བ་འདིས་ཀྱང་འགྲོ་ཀུན་བླ་མ་འཕགས་མས་རྗེས་སུ་བཟུང་སྟེ། དོན་གཉིས་ལྷུན་གྱིས་གྲུབ་པར་གྱུར་ཅིག འདི་ནི་དབང་མ་ཐོབ་པ་དང་དམ་མེད་ལོག་ལྟ་ཅན་སོགས་ལ་ཤིན་ཏུ་གསང་སྟེ་སྟོན་པར་མི་བྱའོ།།      པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།།                བཀྲ་ཤིས་ཤོག །

དཔྱད་མཆན་སྤེལ།