ན་མོ་གུ་རུ་མཉྫུ་གྷཱོ་ཥ་ཡ་སྦ་ར་སྭ་སྟྱི་བི་ཙ་ར་ཎ་བྲཛྙཱ་ཡཙྪནྷུ། རབ་འབྱམས་རྒྱལ་ཀུན་མཁྱེན་གཏེར་ངུར་སྨྲིག་གར། །ལྷུར་མཛད་གསང་གསུམ་ཡོན་ཏན་འོད་སྣང་གིས། །ཐུབ་བསྟན་པད་ཚལ་བཞད་པའི་གཉེན་གཅིག་བུ། །འཇམ་མགོན་བླ་མ་ཡབ་སྲས་གཙུག་ན་རྒྱལ། །ཡེ་ཤེས་རང་འོད་དབང་གཞུའི་གུར་ཁྱིམ་དུ། །མཁྱེན་པའི་རང་གཟུགས་བླ་མ་འཇམ་དཔལ་དབྱངས། །འབྲལ་མེད་སྙིང་གི་ཐིག་ལེར་རྟག་རོལ་ཏེ། །གཞུང་ལུགས་སྨྲ་བའི་སྦོབས་པ་མཆོག་སྩོལ་ཅིག།།ཉིན་བྱེད་ཀྱིས་འཁྱུད་ལི་ཁྲིའི་ལྷུན་པོའི་དཔལ། །འཕྲོག་བྱེད་ཚོགས་གཉིས་བཟོ་པོས་བསྐྲུན་པ་ལས། །མཛེས་སྡུག་ལང་ཚོར་མཚན་དཔེའི་རི་མོ་འབུམ། །རྣམ་བཀྲ་སྨྲ་བའི་ལྷ་ལ་ཕྱག་འཚལ་ལོ། །སྙན་འཇེབས་ཡིད་འཕྲོག་ཡན་ལག་ཚང་པའི་དབྱངས། །རྣམ་མང་གདུལ་བྱའི་ཁམས་བཞིན་འཇུག་པའི་གསུང༌། །འབད་རྩོལ་བྲལ་ཡང་ཆད་མེད་ལྷའི་རྔ་བཞིན། །འདོམས་མཛད་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །སྒྲིབ་བྲལ་ཤེས་བྱའི་གནས་ལུགས་མངོན་སུམ་གཟིགས། །འགྲོ་ལ་རྗེས་ཆགས་བརྩེ་ཆེན་སྙིང་རྗེའི་སེམས། །གང་འདུལ་གཞན་ཕན་འཕྲིན་ལས་ལྷུན་གྲུབ་པའི། །མཁྱེན་བརྩེའི་གཏེར་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །མགོན་ཁྱོད་གསང་གསུམ་ཡོན་ཏན་ཟླ་བའི་གཟུགས། །སྐྱོན་བྲལ་ཡིད་མཚོར་གསལ་སྣང་བཟླས་བརྗོད་དང༌། །ཤུགས་དྲག་དད་པས་སྙིང་ནས་གསོལ་འདེབས་ན། །ཐུགས་རྗེས་གཟིགས་ཤིག་བླ་མ་འཇམ་དཔལ་དབྱངས། །ཆེ་གསལ་རྣོ་མྱུར་རླབས་ཆེན་ཤེས་རབ་དང༌། །འཆད་རྩོད་རྩོམ་ལ་ཐོག་པ་མེད་པའི་བློ། །ཚིག་དོན་མི་བརྗེད་དྲན་དང་གཟུངས་སྤོབས་ཀྱི། །ཤེས་རབ་སྣང་བ་སྩོལ་ཅིག་འཇམ་དཔལ་དབྱངས། །བཤེས་ལ་དད་གུས་ཚུལ་ཁྲིམས་དག་པའི་གཞིར། །འཕགས་བོད་གཞུང་ལུགས་ཐོས་པས་རྒྱུད་ཕྱུགས་ཤིང༌། །དེ་དོན་རང་རྒྱུད་འདུལ་བའི་གདམས་ངག་ཏུ། །ཤེས་ནས་ཉམས་སུ་ལེན་པར་བྱིན་གྱིས་རློབས། །གཏད་མེད་ཆོས་བརྒྱད་སྒྱུ་མའི་ཟློས་གར་ལ། །ནམ་ཡང་མི་ཆགས་ཐར་བ་དོན་གཉེར་བློས། །བསླབ་གསུམ་རིན་ཆེན་སྒྲུབ་པའི་ཉམས་ལེན་གྱིས། །ཐར་བའི་བརྩན་ས་ཟིན་བར་བྱིན་གྱིས་རློབས། །སྲིད་པའི་གཡང་སར་སྡུག་བསྔལ་གྱིས་གཟིར་བའི། །མ་རྣམས་དགྲོལ་ཕྱིར་བྱང་ཆུབ་སེམས་བསྐྱེད་ནས། །འཁོར་འདས་ཆོས་ཀུན་མིང་རྐྱང་བཏགས་ཙམ་གྱིས། །གནས་ལུགས་རང་ངོ་འཕྲོད་པར་བྱིན་གྱིས་རློབས། །སྐྱིད་སྡུག་ལེགས་ཉེས་བྱ་བ་གང་བརྩམས་ཡང༌། །བསྟན་དང་འགྲོ་ལ་སྨན་བའི་རྒྱུར་འགྱུར་ཞིང༌། །ས་ལམ་རྟོགས་པའི་ཡོན་ཏན་རབ་རྒྱས་ནས། །རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག།།མཆོག་གསུམ་བྱིན་རླབས་ཉིན་བྱེད་འོད་སྣང་གིས། །སྡེ་འདིར་མང་ཐོས་ཁྲིམས་ལྡན་པདྨོའི་ཚལ། །རབ་རྒྱས་ཆོས་སྲིད་འདབ་མ་རབ་བཞད་དེ། །རྣམ་གྲོལ་འབྲས་བུའི་བཅུད་ཀྱིས་ཉེར་གཏམས་ཤོག།།ཅེས་རྗེ་བཙུན་འཇམ་དཔལ་དབྱངས་ལ་བསྟོད་ཅིང་གསོལ་བ་འདེབས་ཚུལ་དངོས་གྲུབ་མྱུར་སྩོལ་ཅེས་བྱ་བ་འདི་ནི་ ༧ དུས་གསུམ་རྒྱལ་བ་ཀུན་གྱི་རང་གཟུགས་སྐུ་ཞང་རྡོ་རྗེ་འཆང་ཆེན་པོའི་ཡང་སྤྲུལ་འཇམ་དབྱངས་ཆོས་གྲགས་ཀྱིས་ལྷ་རྫས་བཅས་བསྐུལ་མ་གནང་བ་ལྟར་ ༧ དབྱངས་ཅན་བཞད་པས་བྲིས་པའི་དགེ་བས་བླ་མ་འཇམ་པའི་དབྱངས་ཀྱིས་རྗེས་སུ་འཛིན་པར་གྱུར་ཅིག།། །།