༄༅། །ན་མོ་གུ་རུ་བཛྲ་དྷ་ར་ཡ། བདེ་སྟོང་ཟུང་འཇུག་ཆོས་སྐུའི་མཁའ་དབྱངས་སུ། །ལྔ་ལྡན་ཆ་ཤེས་ཡོངས་གང་གཟུགས་ཀྱི་ཟླ། །བགྲང་ཡས་འགྲོ་བློའི་རྫིང་བུ་ཇི་སྙེད་དུ། །འཆར་མཛད་བླ་མ་རྡོ་རྗེ་འཆང་དེར་འདུད། །སྣང་སྟོང་ལྷ་སྐུར་གསལ་བའི་རྣལ་འབྱོར་གྱིས། །སྐལ་བཟང་གདུལ་བྱའི་བསོད་ནམས་ཞིང་གི་ཡུལ། །སྐུ་གསུང་ཐུགས་རྟེན་དམ་ཡེ་དབྱེར་མེད་དུ། །སྒྲུབ་བྱེད་ཆོ་གའི་ངག་འདོན་བྲི་བར་བྱ། །འདིར་སྐུ་གསུང་ཐུགས་ཀྱི་རྟེན་ལ་རབ་གནས་བྱ་ཚུལ་མདོར་བསྡུས་འགོད་པ་ལ། དེ་ཡང་འདུལ་འཛིན་རིན་པོ་ཆེའི་རབ་གནས་བསྡུས་པའི་སྡོམས་ལས། སྔོན་འགྲོ་གཏོར་མ་མཆོད་རྫས་རྣམས། །བསངས་སྦྱངས་བསྐྱེད་ནས་བྱིན་གྱིས་བརླབས། །བདག་བསྐྱེད་རྟེན་བསྐྱེད་སྦྱང་བ་བྱ། །སྐུ་སོགས་བྱིན་བརླབ་ཡེ་ཤེས་དྲངས། །བསྐྲད་གཞུག་དབང་ལྷ་སྤྱན་དྲངས་ཏེ། །དབང་བསྐུར་རིགས་བདག་གིས་རྒྱས་གདབ། །སྤྱན་དབྱེ་མཆོད་བསྟོད་གཟུགས་བསྒྱུར་བྱ། །མངའ་དབུལ་ཤིས་བརྗོད་བརྟན་བཞུགས་བྱ། །སླར་ཡང་ཤིས་པ་བརྗོད་པའོ། །ཞེས་གསུངས་པ་ལྟར། ལྷ་རང་རང་གི་བདག་བསྐྱེད་ཀྱི་རྣལ་འབྱོར་སྔོན་དུ་འགྲོ་བའི་སྒོ་ནས་སྒྲུབ་ཐབས་བཞིན་བུམ་བར་ལྷ་བསྐྱེད་དེ་མཆོད་བསྟོད་དང་བཟླས་བ་ཅི་འགྲུབ་བྱས་ནས་མཐར་བུམ་ལྷ་འོད་ཞུ་བྱེད། ཕལ་ཁྲུས་ཀྱི་བུམ་བ་ལོགས་སུ་བསྒྲུབ་པར་འདོད་ན། ལས་སྔགས་ཀྱིས་བསངས། སྟོང་པའི་ངང་ལས་བཾ་ལས་ཞེས་པ་ནས། དབྱེར་མི་ཕྱེད་པར་གྱུར། ཁྲུས་བུམ་གྱི་ནང་སོགས་གཞུང་ལྟར་བསྒྲུབ་པའམ། ཡང་ན་རྣམ་བུམ་གྱི་བཟླས་དམིགས་སྐབས། ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས། འཁོར་འདས་ཀྱི་ཡོན་ཏན་དང་འཇིག་རྟེན་ཁམས་ཀྱི་བདུད་རྩི་ཐམས་ཅད་བཀུག་ནས་ཐིམ་པར་གྱུར་བར་མོས་ལ་བཟླས་པའི་མཇུག་ཏུ་དྲི་མ་བཀྲུ་བའི་སྔགས་བརྒྱད་དང༌། བཀྲ་ཤིས་ཞུ་བ་སྟེ་ཡེ་དྷརྨ་རྣམས་ཅི་འགྲུབ་བཟླས་ནས་བུམ་པ་གཅིག་གིས་གཉིས་ཀའི་གོ་བཅད་ཀྱང་རུང༌། མེ་ཏོག་བསྒྲུབ་ཚུལ་ཡང་སྤྱིར་ཚེ་བསོད་རྒྱས་བའི་རྟེན་འབྲེལ་གྱི་རིན་འབྱུང་དང༌། འགྲོ་བའམ་སྲིད་ཞིའི་ལེགས་ཚོགས་དབང་དུ་བྱེད་པའི་ཆེད་དུ་སྣང་བ་མཐའ་ཡས་སུ་མོས་པ་དང༌། སྣང་བ་མཐའ་ཡས་ལ་དབང་གི་ལྷས་བསྐོར་བ་བསྟིམ་པར་མོས་ཏེ་བཟླས་པ་བྱ་བའམ། རྗེས་འབྲང་བགེགས་ཀྱི་གནོད་པ་ཅན་ལྟ་བུ་ལ་མེ་ཏོག་རྣམས་ཁྲོ་བོ་དང༌། རྒྱལ་བ་སྲས་བཅས་ཐམས་ཅད་ཁྲོ་བོའི་རྣམ་བར་ཐིམ་པའི་མོས་པ་བྱ་བ་དང༌། ཡང་མེ་ཏོག་ཐམས་ཅད་རབ་ཏུ་གནས་བྱའི་ལྷའི་ངོ་བོར་བསྐྱེད་ནས་ལྷ་ལ་ལྷ་ཐིམ་བའི་ཚུལ་དུ་འཐོར་བར་གསུངས་པ་ཡོད་ཀྱང༌། འདིར་རབ་གནས་ཀྱི་གཞུང་ལྟར་མེ་ཏོག་དང་གུལ་ཡུངས་བསྒྲུབས་རྗེས་སྦྱང་ཁྲུས་སོགས་སོང་ནས། རྟེན་དམ་ཚིག་པར་བསྐྱེད་པའམ། སྡོམས་ཚིག་ལྟར་གསོལ་གདབ་རྒྱས་བསྡུས་གང་རིགས་ནས་བརྩམས་ཏེ་རྟེན་ལྷར་བསྐྱེད། སྦྱང་བ་དང་ཁྲུས་གསོལ་བྱ། དེ་ནས་གནས་གསུམ་བྱིན་གྱིས་བརླབས་ནས་གཟུགས་བསྒྱུར་གྱི་བར་གྲུབ་རྗེས་སུ་སྤྱིའམ་ཐུན་མོང་གི་མངའ་དབུལ་དང༌། ཙཱ་རུའི་བཟའ་པར་གྲགས་པའི་ཞལ་ཟས་ཕུལ་ནས་ཤིས་བརྗོད་བརྟན་བཞུགས་བྱས་ནས། སླར་ཡང་ཤིས་པ་བརྗོད་ནས་གཏོར་འབུལ་རྒྱས་བསྡུས་གང་རིགས་ཀྱི་མཐར་འཕྲིན་ལས་བཅོལ་ཞིང་ཆོས་སྐྱོང་བསྒོ་བ་དང༌། ཡོན་བདག་བསྒོ་བའང་བྱ་བར་གསུངས་པས། དེ་ལྟར་ན་ཡོན་བདག་ཚེ་དཔག་མེད་དུ་བསྐྱེད་དེ་བཀྲ་ཤིས་པའི་དགེ་མཚན་སྤེལ་བའི་ཆེད་དུ་བཀྲ་ཤིས་རྫས་བརྒྱད་བགྲིམ་ཚུལ་ཕྱག་ལེན་བཞིན་བྱའོ། །དེ་ལས་ཀྱང་བསྡུས་པ་ལ་མོས་ན། བི་བྷུཏ་ཙẌ་ནས། རབ་གནས་དུས་ནི་ཐམས་ཅད་དུ། །སངས་རྒྱས་བཞུགས་སུ་འདུག་པར་བྱེད། །ཅེས་དམ་ཚིག་པ་ལ་ཡེ་ཤེས་པ་བཅུག་ནས་དབང་བསྐུར་རྒྱས་གདབ་བྱས་ཏེ། ཡེ་ཤེས་པ་རབ་ཏུ་གནས་བར་བྱ་བའམ་བརྟན་བར་བྱ་བ་ནི་རབ་གནས་དངོས་ཡིན་པས། དེ་ལྟར་གསང་བ་འདུས་པའི་སྒོ་ནས་རབ་གནས་བྱ་བར་འདོད་ན། སྐྱབས་སེམས་སྔོན་དུ་བཏང༌། རང་ཞེ་སྡང་རྡོ་རྗེ་ཡུམ་བཅས་ཀྱི་སྐུར་བཞེངས་ཏེ། ཁྲོ་བོ་སྤྱན་དྲངས་ནས་བགེགས་བསྐྲད་བྱ། རབ་ཏུ་གནས་བྱའི་རྟེན་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་ཧཱུཾ་ཁཾ། ཡོངས་སུ་གྱུར་པ་ལས། རྡོ་རྗེ་དང་རྡོ་རྗེ། དེ་གཉིས་ཡོངས་སུ་གྱུར་བ་ལས། ཞེ་སྡང་རྡོ་རྗེ་ཡབ་ཡུམ་དུ་གྱུར་པ་ནི། ཞེ་སྡང་རྡོ་རྗེ་སྐུ་མདོག་མཐིང་ནག།།ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ་རྩེ་དགུ་པ་འཁོར་ལོ་པདྨ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། དབུ་སྐྲ་རལ་བའི་ཐོར་ཚུགས་ཅན། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། ཡུམ་རེག་བྱ་རྡོ་རྗེ་མ་སྔོན་མོ་སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ་འཁོར་ལོ་པདྨ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། དབུ་སྐྲ་རལ་བ་ཕྱེད་བཅིངས་སུ་བྱས་པ། ཤིན་ཏུ་སྒེག་ཅིང་བཞིན་འཛུམ་བག་དང་ལྡན་པ། ཟུར་གྱིས་བལྟ་བ་ལ་སོགས་པའི་རྣམ་འགྱུར་གྱིས་མཛེས་པ། ལང་ཚོ་དར་ལ་བབ་ཅིང་འདོད་ཡོན་ལྔའི་དགའ་བས་རོལ་བ། ཡབ་ཡུམ་གཉིས་ཀའི་ཕྱག་དང་པོ་གཉིས་ཀྱིས་ཕན་ཚུན་དུ་འཁྱུད་པ། གཉིས་ཀའང་རིན་པོ་ཆེའི་དབུ་རྒྱན་གསོལ་བ། རིན་པོ་ཆེའི་སྙན་རྒྱན་དང༌། སྙན་གོང་ཨུཏྤ་ལའི་གདངས་ག་དང༌། དར་དབྱངས་ཀྱིས་མཛེས་པར་བྱས་པ། རིན་པོ་ཆེའི་མགུལ་རྒྱན་དང་མུ་ཏིག་གི་སེ་མོ་ཏོ་དང༌། རིན་པོ་ཆེའི་དོ་ཤལ་དང༌། ཕྱག་གདུབ་དང༌། ཞབས་གདུབ་དང༌། རིན་པོ་ཆེའི་འོག་བག་སྟེ་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་བརྒྱན་པ། སྐུ་སྟོད་ལྷ་རྫས་ཀྱི་གོས་ཀྱིས་ག་ཤལ་བྱས་ཤིང༌། སྐུ་སྨད་ལྷ་རྫས་ཀྱི་དར་གྱི་ཤམ་ཐབས་འཕྱར་བ། འོད་དམར་བོ་འབར་ཞིང་འཁྲུག་པའི་དབུས་ན་ཡབ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་གྱུར། དེའི་ཐུགས་ཀར་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་ཡེ་ཤེས་སེམས་དཔའ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་སྣང་གི་ཤེས་རབ་མ་ལ་འཁྱུད་པ། དེའི་ཐུགས་ཀར་ཟླ་བའི་གདན་ལ་རྡོ་རྗེ་སྔོན་པོ་རྩེ་ལྔ་བའི་ལྟེ་བའི་ནང་དུ་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་སྔོན་པོ། དེའི་སྤྱི་བོར་སྐུ་རྡོ་རྗེ་ངོ་བོ་ཨོཾ་དཀར་པོ། མགྲིན་པར་གསུང་རྡོ་རྗེའི་ངོ་བོ་ཨཱཿ དམར་པོ། ཐུགས་ཀར་ཐུགས་རྡོ་རྗེའི་ངོ་བོ་ཧཱུཾ་སྔོན་པོས་མཚན་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་རང་སྲུང་མའི་ཚོགས་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། མ་ལུས་སེམས་ཅན་ཀུན་གྱིས་ནས་དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཀ་མ་ལ་ཡེ་སྟཱཾ། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ནས། བདག་ཀྱང་བློ་དང་ལྡན་པར་མཛོད། །ཨོཾ་ཨཱཿ བིགྷྣན་སོགས་ཀྱིས་ཕྱིར་འབྲང་གི་བགེགས་བསྐྲད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨᨗ་ནས་ཤབྟའི་བར་གྱིས་མཆོད། །ཐུགས་རྗེ་ཡིས་ནི་བདག་ཅན་བདག།།སློབ་མ་རྣམས་ལ་རྗེས་བརྩེ་དང༌། །ཁྱེད་རྣམས་ལ་ཡང་མཆོད་སླད་དུ། །ད་ལྟ་རབ་གནས་བགྱིད་པར་འཚལ། །བཅོམ་ལྡན་གུས་པས་བདག་ལ་ནི། །དེ་ཕྱིར་བཀའ་དྲིན་མཛད་པར་འོས། །རྡོ་རྗེ་ཅན་བདག་མི་བསྐྱོད་པའི། །སྐུ་གསུང་ཐུགས་རྟེན་རབ་གནས་ནི། །ཡོན་བདག་ཅི་ནུས་ཡོ་བྱད་ཀྱིས། །ད་ལྟ་ཡང་དག་བགྱིད་པར་འགྱུར། །དེ་ཕྱིར་སློབ་མར་བཅས་བདག་ལ། །རྗེས་སུ་བརྩེ་བས་ཉེར་བཟུང་ནས། །འཁོར་བཅས་ཀུན་གྱིས་རབ་གནས་ལ། །བྱིན་གྱིས་བརླབས་པར་མཛད་དུ་གསོལ། །ལན་གསུམ། ལྷ་རྣམས་ཀྱིས་དགྱེས་བཞིན་དུ་གནང་བ་བྱིན་པར་གྱུར། །ཛཿ ཧཱུཾ་བཾ་ཧོཿ ཡེ་ཤེས་པ་རྣམས་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་རྒྱལ་བ་འཁོར་བཅས་ཐམས་ཅད་རབ་ཏུ་གནས་བྱའི་རྟེན་རྣམས་ལ་དབང་བསྐུར་བའི་ཕྱིར། ཞེས་པ་ནས་བསྐྲད་པར་གྱུར་གྱི་བར་དབང་ཆོག་ལྟར་དང་སྤྲོ་ན་རིགས་ལྔའི་ཤིས་བརྗོད་ཀྱི་མཐར། ཇི་ལྟར་བལྟམས་པ་སོགས་བརྗོད། ཞེས་གསུང་ཞིང་བདུད་རྩིའི་ཆུ་རྒྱུན་གྱིས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག།།ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་བ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཇི་ལྟར་མིག་མཁན་རྒྱལ་བོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །རྒྱལ་བ་རྣམས་ཀྱིས་ཁྱོད་ཀྱི་ནི། །མི་ཤེས་པ་ཡི་རབ་རིབ་བསལ། །ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ནི་སྭཱ་ཧཱ།ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་སྐྱོན་བྲལ་ཡང༌། །གུས་བས་འཕགས་པའི་སྤྱན་ནི་དབྱེ་བགྱིས་པས། །ནམ་མཁའི་མཐར་ཐུགས་གྱུར་བའི་སེམས་ཅན་རྣམས། །སངས་རྒྱས་ཡེ་ཤེས་སྤྱན་ནི་ཐོབ་པར་ཤོག།།ཞི་བ་ལ་སོགས་པའི་ལས་རྣམས་བསྒྲུབ་པའི་དོན་དུ་སྦྱིན་བདག་ལ་སོགས་པ་ལ་ཡེ་ཤེས་ཀྱི་གཟིགས་པ་ལྷུར་མཛད་པར་གྱུར། ཅེས་སྤྱན་དབྱེ་ཚིགས་བཅད་སྔགས་དང་བཅས་པའི་མཆོད་པའམ་བསྡུ་ན། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨᨗᨗ་སོགས་ཀྱིས་མཆོད། ནང་མཆོད་འབུལ། མི་བསྐྱོད་རྡོ་རྗེའམ། །མཆེ་བ་རབ་དཀར་ཁྲོ་ཆགས་བརྗིད་པའི་ཞལ། །མིག་སྨན་མདངས་ཆགས་ཉི་མ་འབུལ་གྱི་འོད། །མཚན་དཔེ་ལ་འགྲན་རིན་ཆེན་རྒྱན་མང་མཛེས། །དཔལ་ལྡན་ཞེ་སྡང་རྡོ་རྗེ་ལ་ཕྱག་འཚལ། །དེ་ཉིད་ཐུགས་ལ་དགའ་བསྐྱེད་ཡིད་འཕྲོག་མ། །ནུ་མ་མངོན་དགའ་རིན་ཆེན་དོ་ཤལ་དགོད། །རེག་བྱ་རྡོ་རྗེ་ནམ་མཁའི་མཛེས་པ་འཕྲོག།།མཛེས་སྡུག་ལྷ་མོ་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། རྟེན་རྣམས་ཀྱི་གནས་གསུམ་དུ་རྡོ་རྗེས་རེག་པའི་ཚུལ་བྱས་ལ། རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། །དམ་ཚིག་འདི་ལས་འདས་ན་ནི། །རིགས་རྣམས་མྱུར་དུ་བརླག་པར་འགྱུར། །ཨོཾ་ཧཱུཾ་ཏྲཾ་ཧྲཱིཿ ཨཱཿ ཞེས་དམ་ཚིག་བསྒྲགས་བསྡུ་ན་སྔགས་ཙམ་གྱི་རུང༌། གཙོ་བོའི་སྔགས་དང་ཡི་གེ་གསུམ་བརྗོད་དེ། འདུས་པའི་ལྷ་ཡབ་ཡུམ་འོད་དུ་ཞུ་ནས་རྟེན་དང་བརྟེན་པ་སོ་སོའི་རྣམ་བར་གྱུར། ཅེས་གཟུགས་བསྒྱུར་བྱ། །ཡེ་དྷརྨཱ་ལན་བདུན་བརྗོད་དེ། ཇི་ལྟར་སངས་རྒྱས་ཐམས་ཅད་ནི། །དགའ་ལྡན་དུ་ནི་གནས་པ་ལས། །ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་ལྟར། །དེ་བཞིན་གཟུགས་བརྙན་ལྷན་ཅིག་ཏུ། །འདི་རུ་མགོན་པོ་རྟག་བཞུགས་ནས། །བྱང་ཆུས་སེམས་ནི་བསྐྱེད་པ་དང༌། །ཡོན་གྱི་བདག་པོའི་དོན་སླད་དུ། །བདག་གིས་འབྱོར་བ་ཉིད་ཀྱིས་ནི། །ཅི་འབྱོར་བ་ཡི་མཆོད་པ་དང༌། །མེ་ཏོག་ལ་སོགས་འདི་བཞེས་ཤིག།།བདག་དང་སློབ་མར་བཅས་རྣམས་ལ། །རྗེས་སུ་བརྩེ་བར་ཉེར་དགོངས་ནས། །ཀུན་གྱིས་འདི་ལ་བྱིན་རློབས་ཤིང༌། །འདི་ཉིད་དུ་ནི་བཞུགས་པར་རིགས། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་གྱི་ཁམས་རྣམས་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དེ་སྲིད་དུ། མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུའང་སྐུ་གསུང་ཐུགས་ཀྱི་རྟེན་འདི་རྣམས་ལ་ས་དང་ཆུ་དང་མེ་དང་རླུང་གི་གནོད་པས་མ་ཞིག་གི་བར་དེ་སྲིད་དུ་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་ཅིང་བརྟན་པར་བཞུགས་སུ་གསོལ། ཨོཾ་སུ་བྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་པའི་བར་ལན་གསུམ། བདེ་གཤེགས་ཀུན་བཟང་མཐོང་བའི་བཀྲ་ཤིས་ལྟར། །རྒྱལ་བ་སྲས་བཅས་དེང་འདིར་བཀྲ་ཤིས་ཤོག།།ངན་སྡིག་ལོག་པའི་ཚོགས་རྣམས་བཅོམ་གྱུར་ནས། །རྒྱལ་སྲས་རིག་འཛིན་ཚོགས་རྣམས་འཕེལ་དར་ཞིང༌། །ཞལ་མཐོང་ཙམ་གྱིས་བདེ་བའི་མཆོག་བརྙེས་ནས། ། ཉི་ལྟར་ཞལ་དྲོ་ཟླ་ལྟར་འོད་གསལ་ཞིང༌། །བདག་དང་འགྲོ་ལ་ཞལ་དྲོ་བྱིན་ཆེ་ནས། །བསྐལ་བའི་མཐར་ཐུག་པར་དུ་བཞུགས་སུ་གསོལ། །ཇི་སྲིད་མེ་དང་ཆུ་དང་ནི། །རླུང་གིས་བསྐལ་བ་འཇིག་པར་དུ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བཅོམ་ལྡན་ཁྱོད་ནི་བཞུགས་པར་མཛོད། །ཡིག་བརྒྱ་ལན་གསུམ་བརྗོད། མགོན་པོ་བསྐལ་བ་ཇི་སྲིད་དུ། །སྣ་ཚོགས་གཟུགས་ནི་བཟུང་ནས་ཀྱང༌། །ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་སུ། །དེས་ནི་འགྲོ་དོན་ཀུན་ནས་མཛོད། །ཅེས་བརྟན་བཞུགས་བྱ། སླར་ཡང་ཡེ་དྷ་རྨཱ་བརྗོད་དེ། ཤིས་པ་བརྗོད་པར་བྱའོ།། ༈ །།འཁོར་ལོ་སྡོམ་བ་དང་སྦྱོར་བའི་ཚེ། རྟེན་ཁཎྜ་རོ་ཧིས་བསང་། སཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མའི་གདན་ལ་ཧཱུཾ་དང་བཾ་ལས་རྡོ་རྗེ་དང་གྲི་གུག་ས་བོན་གྱིས་མཚན་པ་ཡོངས་སུ་གྱུར་བ་ལས། བཅོམ་ལྡན་འདས་དཔལ་ཧེ་རུ་ཀཿ སྐུ་མདོག་མཐིང་ཀ་ཞལ་བཞིའི་རྩ་ཞལ་ནག།།གཡོན་ཞལ་ལྗང་རྒྱབ་ཞལ་དམར་གཡས་ཞལ་སེར་བ། ཞལ་རེ་རེ་ཡང་སྤྱན་གསུམ་པ། ཕྱག་བཅུ་གཉིས་པ། དཔྲལ་བར་རྡོ་རྗེ་རྩེ་ལྔ་བའི་ཕྲེང་པ་འཛིན་པ། ཞབས་གཡས་བསྐྱངས་བས་འཇིགས་བྱེད་ནག་པོ་ལག་པ་བཞི་བའི་དང་པོ་གཉིས་ཐལ་མོ་སྦྱར་བ། ལྷག་མ་གཡས་ཊཱ་མ་རུ་དང་གཡོན་རལ་གྲི་འཛིན་པའི་མགོ་པོ་མནན་པ། གཡོན་བསྐུམས་པས་དུས་མཚན་མ་དམར་མོ་ལག་པ་བཞི་བའི་དང་པོ་གཉིས་ཐལ་མོ་སྦྱར་བ། ལྷག་མ་གཉིས་ཐོད་པ་དང་ཁ་ཊཱཾ་ཀ་འཛིན་པའི་ནུ་མ་ལ་མནན་པ། གདན་གཉིས་ཀའང་གདོང་གཅིག་པ་མིག་གསུམ་པ། ཕྱག་རྒྱ་ལྔས་བརྒྱན་པ། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་ཕག་མོ་ལ་འཁྱུད་པའི་གཡས་པས་རྡོ་རྗེ་རྩེ་ལྔ་པ་དང་གཡོན་པས་དྲིལ་བུ་བསྣམས་པ། དེའི་འོག་མ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་དཀར་པོ་ཁྲག་དང་བཅས་པའི་ན་བཟའ་ཕྱག་གཡས་པས་ལག་པ་གཡོན་པ་དང༌། གཡོན་པས་རྐང་པ་གཡོན་པའི་བགས་པ་རང་གི་རྒྱབ་ཏུ་སྡིགས་མཛུབ་དང་བཅས་པས་བརྒྱངས་ཏེ་འཛིན་པའི་སྡིགས་མཛུབ་ཀྱི་རྩེ་གཉིས་སྨིན་མའི་ཐད་སོར་གནས་པ། གཡས་གསུམ་པ་ན་ཊཱ་མ་རུ། བཞི་བ་ན་དགྲ་སྟ། ལྔ་བ་ན་གྲི་གུག།།དྲུག་པ་ན་མདུང་རྩེ་གསུམ་པ་བསྒྲེང་བ། གཡོན་པའི་ཕྱག་གསུམ་པ་ན་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག་བཞི་བ་ན་ཁྲག་གིས་གང་བའི་ཐོད་པ། ལྔ་བ་ན་རྡོ་རྗེའི་ཞགས་པ། དྲུག་པ་ན་ཚངས་བའི་མགོ་བོ་གདོང་བཞི་བ་བསྣམས་ཤིང༌། སྣ་ཚོགས་རྡོ་རྗེས་མཚན་བའི་རལ་བའི་ཐོར་ཅོག་ཅན། དབུ་རེ་རེ་ལ་རྡོ་རྗེ་ནག་པོའི་ཕྲེང་བ་སྟོད་སྨད་དུ་གནས་པ་གཉིས་ལ་བརྒྱུས་པའི་ཐོད་པ་སྐམ་པོ་ལྔ་ལྔའི་འཕྲེང་བས་བརྒྱན་པ། དབུའི་གཡོན་དུ་ཅུང་ཟད་ཡོ་བའི་ཟླ་བ་ཕྱེད་བ་འཆང་བ། ཞལ་རྣམ་བར་འགྱུར་བ་མཆེ་བ་བཞི་བཞི་གཙིགས་ཤིང་འཇིགས་སུ་རུང་བ། སྒེག་པ་དཔའ་བ་མི་སྡུག་བ་སྟེ་སྐུའི་ཉམས་གསུམ་དང་རྒོད་དང་དྲག་ཤུལ་འཇིགས་སུ་རུང་བ་སྟེ་གསུང་གི་ཉམས་གསུམ་དང༌། སྙིང་རྗེ་དང་རྔམས་པ་དང་ཞི་བ་སྟེ་ཐུགས་ཀྱི་ཉམས་གསུམ་སྟེ། ཉམས་དགུ་དང་ལྡན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། མིའི་རྒྱུ་མ་ལ་བརྒྱུས་པའི་མི་མགོ་རློན་པ་ལྔ་བཅུའི་ཕྲེང་བ་འཕྱང་བ། ཕྱག་རྒྱ་དྲུག་གིས་རྒྱས་བཏབ་པ། མི་རུས་ཀྱི་ཐལ་བས་ལུས་ཐམས་ཅད་བྱུགས་པའོ། །བཅོམ་ལྡན་འདས་ལ་མངོན་དུ་ཕྱོགས་པར་བཅོམ་ལྡན་འདས་མོ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་པོ། ཞལ་གཅིག་ཕྱག་གཉིས་པ་སྤྱན་གསུམ་པ། གཅེར་མོ་སྐྲ་གྲོལ་བ། ཐོད་པའི་དུམ་བུས་བརྒྱན་པའི་འོག་བགས་ཅན། ཕྱག་གཡོན་པས་ཡབ་ཀྱི་མགུལ་ནས་འཁྱུད་པའི་ཐོད་པ་བ་ན་བདུད་བཞི་ལ་སྐམ་བོ྾། །སོགས་པའི་ཁྲག་གིས་གང་བ་བསྣམས་ནས་ཡབ་ཀྱི་ཞལ་དུ་སྟོབ་པ། གཡས་པས་ཕྱོགས་བཅུའི་གདུག་པ་ཅན་ཀུན་ལ་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་ཀྱི་བསྡིགས་པར་མཛད་པ། བསྐལ་བ་འཇིག་པའི་དུས་ཀྱི་མེ་ལྟ་བུ། ཉི་མའི་འོད་ཅན་གྱི་གཟི་བརྗིད་ཆེ་བ། ཁྲག་ལ་དགྱེས་ཤིང་ཁྲག་འཛག་པ། བྱིན་པ་གཉིས་ཀྱིས་ཡབ་ཀྱི་བརླའི་སྟེང་དུ་ལེགས་པར་འཁྲིལ་བ། ཐུགས་རྗེའི་བདག་ཉིད་ཅན། མི་མགོ་སྐམ་པོ་ལྔའི་ཐོད་དང་མི་མགོ་སྐམ་པོ་ལྔ་བཅུའི་དོ་ཤལ་ཅན་ནོ། །ཡབ་ཀྱི་ཐུགས་ཀར་ཟླ་བ་ལ་རྡོ་རྗེ་ནས་དུད་ཁས་མཚན་པར་གྱུར། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཕཻཾ་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་རང་ཆོས་སྲུང་དང་བཅས་པ་སྤྱན་དྲངས། ཨོཾ་ཁཎྜ་རོ་ཧིས་བགེགས་བསྐྲད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨᨗᨗ་ནས་ཤབྟའི་བར་གྱིས་མཆོད། ཐུགས་རྗེ་ཡིས་ནི་ཞེས་པ་ནས། གནང་བ་བྱིན་པར་གྱུར། ཨོཾ་བཛྲ་ཨཾ྾྾྾ཡེ་ཤེས་པ་རྣམས་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། །ཕཻཾ་ཐུགས་ཀའི་ཉི་གདན་ལ་གནས་པའི་ཧཱུཾ་ཡིག་འོད་ཟེར་གྱིས་དབང་གི་ལྷ་རྣམས་མདུན་གྱི་ནམ་མཁར་སྤྱན་དྲངས། །ཨོཾ་ཤྲཱི་ཧེ་རུ་ཀ་ཨᨗ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་སྒོ་མཚམས་མ་བརྒྱད་ཀྱིས་བགེགས་བསྐྲད། དཔའ་བོ་རྣམས་ཀྱིས་ཤིས་པ་བརྗོད། དཔའ་མོ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན། གཙོ་བོས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་བཞི་ཕག་མོ་དང་ལྔས་ཕྱག་གཡོན་པའི་ཐོད་པ་ཅུང་ཟད་ཡོ་བར་བྱས་ཏེ། ཇི་ལྟར་བལྟམས་པ་ནས་ཧཱུཾ། ཞེས་གསུང་ཞིང་བདུད་རྩིའི་ཆུ་རྒྱུན་གྱིས་སྤྱི་བོ་ནས་དབང་བསྐུར་བས། རབ་ཏུ་གནས་བྱའི་ལྷ་རྣམས་བདེ་བ་ཆེན་པོའི་བདག་ཉིད་དུ་གྱུར། སྤྱི་བོ་ནས་སྐུ་ལ་ཞུགས་པའི་ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་བ་ལས། གཙོ་བོ་ལ་མི་བསྐྱོད་པ་ཕག་མོ་ལ་རྣམ་སྣང་གིས་དབུ་བརྒྱན་པར་གྱུར། ཇི་ལྟར་མིག་མཁན་སོགས་བརྗོད་དེ་སྤྱན་དབྱེ། ཆུ་བཞི་ཉེར་སྤྱོད་རིག་མ་བཅུ་དྲུག་གིས་མཆོད་པའམ། ཡང་ན་ཆུ་གཉིས་སྤྱོད་རོལ་མོ་ནང་མཆོད་རྣམས་འབུལ། ཡབ་ཡུམ་གྱི་རྐང་བརྒྱད་དང༌། ཆོས་དབྱིངས་རྣམ་དག་སོགས་ཀྱིས་བསྟོད། དེ་ནས་གཙོ་བོའི་སྔགས་བརྗོད་པ་དམ་ཚིག་བསྒྲགས་པ་མན་གོང་ལྟར་རོ། །ཡང་ན་གསང་འདུས་ལ། སྟོང་པའི་ངང་ལས་ཧཱུཾ་ལས་རྡོ་རྗེ་དེ་ཡོངས་སུ་གྱུར་བ་ལས་ཞེ་སྡང་རྡོ་རྗེ྾྾འཛིན་པ། རང་དང་འདྲ་བའི་རེག་བྱ་རྡོ་རྗེ་མས་འཁྱུད་པ། །དེའི་སྤྱི་བོར་ཨོཾ༌྾྾྾ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དབང་ལྷ་དང་བཅས་པ་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། དབང་ལྷས་དབང་བསྐུར། མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཅེས་དང༌། ཡང་བདེ་མཆོག་ལ། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ། ཡོངས་སུ་གྱུར་བ་ལས་དཔལ་ཧེ་རུ་ཀ་ཞལ་ཕྱག་ཡོངས་རྫོགས་སམ། །ཞལ་གཅིག་ཕྱག་གཉིས་པ་ཡུམ་བཅས་སུ་བསྐྱེད། དེའི་སྤྱི་བོར་ཨོཾ་྾྾྾ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་ཡེ་ཤེས་པ་དང་དབང་གི་ལྷ་རྣམས་སྤྱན་དྲངས། ཕཻཾ་ཛཿ ཧཱུཾ་བཾ་ཧོཿ ཡེ་ཤེས་པ་དང་གཉིས་སུ་མེད་པར་གྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་ཡུམ་བཞི་ཕག་མོ་དང་ལྔས྾ཨོཾ་སརྦ༌྾བསྐུར་བའི་ཡབ་ལ༌྾ཞེས་པ་ལྟ་བུའི་སྒོས་ལྷར་བསྐྱེད་བྱའོ།། ༸ ཡང་རྟེན་སྙིང་རལ་བ་ཞིག་སོས་ཀྱི་ཆེད་དུ་ཨརྒའི་ཆོ་ག་ཇི་ལྟར་ཚུལ་ནི། རང་ལྷའི་རྣལ་འབྱོར་གྱིས་ནང་མཆོད་དང་མཆོད་པ་བྱིན་གྱིས་བརླབས་ཞེས། རྟེན་རྣམས་ལ་མཆོད་བསྟོད་བྱ། དེ་ནས་ཆོས་སྐྱོང་གཏོར་མ་བྱིན་གྱིས་བརླབས་ཏེ། གཏོར་འབུལ་དང་མཆོད་བསྟོད་བྱས་ཏེ། གཞི་བདག་ལ་གཏོར་མ་བསྔོ། འཕྲིན་བཅོལ་གྱི་སྐབས། འཛམ་གླིང་སྐྱོང་བ་སྤྱི་དང༌། ཁྱད་པར་ས་ཆ་ཡུལ་ཕྱོགས་གཙུག་ལག་ཁང་རྟེན་འདི་ཉིད་ལ་གནས་པའི་ཡུལ་ལྷ་གཞི་བདག་གནས་བདག་དཀོར་བདག་ལྷ་ཀླུ་མི་མ་ཡིན་དཀར་ཕྱོགས་ལ་མངོན་པར་དགའ་བ་རྣམས་ལ་འབུལ་ལོ། །བཞེས་ལ་བདག་ཅག་འཁོར་དང་བཅས་པ་ལ་ཀོ་ལོང་དང་རུང་ཕྲག་དོག་མ་མཛད་པར་བསམ་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་འཕྲིན་ལས་དང་སྡོངས་གྲོགས་མཛོད་ཅིག །བདག་གི་བསམ་པའི་སོགས་ཀྱིས་བདེན་སྟོབས་བརྗོད། དེ་ནས་ཀུན་སློང་ཁྱད་པར་ཅན་གྱི་ངང་ནས་སད་གནས་སྤོ་བའི་ཕྱིར་གསོལ་བ་ལན་གསུམ་བཏབ་བས་གནང་པ་ཕྱིན་པར་མོས། ཉིན་ཕྱི་མར་སྔར་ཉིན་ལྟར་ལ། རྟེན་གྱི་གཟུགས་བརྙན་མེ་ལོང་ལ་འཆར་བཅུག་སྟེ། སང་ཞེས་པ་ད་ལྟ་ཞེས་སུ་བསྒྱུར་ནས་གསོལ་བ་གདབ། ལྷ་རྣམས་ཀྱིས་དགྱེས་བཞིན་དུ་གནང་བ་ཕྱིན་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་རྟེན་རྙིང་བའི་ཡེ་ཤེས་པ་དང་དམ་ཚིག་པ་བཀུག་ནས་མེ་ལོང་གི་ནང་གི་གཟུགས་བརྙན་ལ་ཐིམ་པར་གྱུར། ཛཿ ཧཱུཾ་བཾ་ཧོཿ ཞེས་སོགས། ཡིག་བརྒྱ་དང་མེ་ལོང་གི་ལྷ་ལ་མཆོད་བསྟོད་བྱས་ཏེ་ཤིས་པ་བརྗོད། མེ་ལོང་དར་གྱི་དྲིལ་ཏེ་རྟེན་གྱི་གྲལ་དུ་འཇོག།།གསར་བསྲུབ་ཚེ་རབ་གནས་ཀྱི་ཡེ་ཤེས་པ་བསྟིམ་པའི་སྔོན་དུ་མེ་ལོང་གི་ཞལ་ཕྱེས་ནས། རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་མེ་ལོང་གི་རྟེན་རྙིང་བའི་དམ་ཚིག་པ་དང་ཡེ་ཤེས་པ་གཉིས་བཀུག་སྟེ་རྟེན་གསར་བ་ལ་ཐིམ་བར་གྱུར། ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཅེས་རྟེན་ལ་བསྟིམ། རྟེན་གསར་བ་མི་བཞེངས་ཡང་སྦོ་དགོས་ཚེ་གསོལ་འདེབས་ཀྱི་ཚབ་ཏུ་གཤེགས་གསོལ་གྱི་ཚིག་ལན་གསུམ་གྱི་མཐར། ཨོཾ་ཨཿ ཧཱུཾ་བཛྲ་མུཿ ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རང་ཉིད་ལ་ཐིམ་པར་མོས་པ་སོགས་ཞིབ་ཏུ་ལྕང་སྐྱ་རིན་པོ་ཆེའི་ཨརྒའི་ཆོ་ག་སོགས་ལས་ཤེས་པར་བྱའོ།། །།སྨྲས་པ། །རྣམ་མང་འཕགས་བོད་མཁས་པའི་བཞེད་སྲོལ་བཞིན། །སྔོན་མེད་རྨགས་ཆོག་ཙིནྟ་མཎིའི་འཕྲེང༌། རྣམ་པར་དཔྱོད་ལྡན་འཆི་མེད་ལུས་ཕྲ་མའི། །མགུལ་བ་མཛེས་པའི་གསོས་སུ་འདི་ན་བསྒྲུན། །འདིའི་མཚོན་དགེ་ཚོགས་ཀཻ་ལ་ཤ་ཡི་རིས། །གཞན་ཕན་ལྷག་བསམ་ཉི་འོད་འཐུང་བ་ལས། །ཕན་བདེའི་རླབས་འཕྲེང་གཡོ་བའི་ཆུ་གཏེར་གང༌། །བློ་གསལ་ཀླུ་དབང་ཉེར་འཚོའི་གཞིར་གྱུར་ཅིག།།ཅེས་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་ལ་རབ་གནས་མདོར་བསྡུས་བྱེད་ཚུལ་དངོས་གྲུབ་གཏེར་མཛོད་ཅེས་བྱ་བ་འདི་ནི་སྔ་མོ་ནས་དོན་གཉེར་ཅན་འགའ་རེ་དང་ཉེ་ཆར་དགེ་སློང་ཐར་འདོད་ཀྱིས་བསྐུལ་བ་ལྟར།། ༧ དབྱངས་ཅན་བཞད་པས་སྦྱར་བ་ཛ་ཡནྟུ།། མརྒཾ་ལཾ།། །།པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།། བཀྲ་ཤིས།