༄༅། །གྲུབ་པའི་དབང་ཕྱུག་ཉི་མ་སྤས་པའི་ལུགས་ཀྱི་སྒྲོལ་མ་ཕོངས་སེལ་མའི་སྒོ་ནས་གཏེར་བུམ་སྒྲུབས་ཚུལ་དགོས་འདོད་འབྱུང་བའི་ནོར་བུའི་བང་མཛོད་ཅེས་བྱ་བ་བཞུགས་སོ། །

༄༅། །ན་མོ་གུ་རུ་ཨཱ་རྱ་ཏཱ་རེ་ཡེ། རྣམ་དག་ཆོས་དབྱིངས་འཆི་མེད་ལམ་ཡངས་ངོས། །རྣམ་མང་རྒྱལ་སྲས་རྒྱུ་སྐར་ཕྲེང་བའི་དབུས། །རྣམ་དཀར་འཕྲིན་ལས་ཆ་རྫོགས་འཕགས་མའི་ཞབས། །རྣམ་ཀུན་སྤྱི་བོར་བསྟེན་ན་བརྩེ་བས་སྐྱོངས། །གང་གི་ཐུགས་རྗེའི་ཆུ་འཛིན་བརྩེགས་པ་ལས། །བྱིན་རླབས་ཟད་མི་ཤེས་པའི་གྲུ་ཆར་གྱིས། །དབུལ་ཕོངས་རྒུད་པའི་ཚ་གདུང་ཀུན་བསལ་ནས། །དཔལ་འབྱོར་ལོ་འབྲས་རྒྱས་པའི་ཐབས་ཚུལ་སྤེལ། །དེ་ལ་འདིར་དཔལ་རྡོ་རྗེ་གདན་བཞི་དང༌། རྡོ་རྗེ་མཁའ་འགྲོ་དང༌། ཡང་དག་པར་སྦྱོར་བའི་ཐིག་ལེ། ལས་སྣ་ཚོགས་འབྱུང་བའི་རྒྱུད་སོགས་ལ་བརྟེན་ནས་སངས་རྒྱས་གཉིས་པ་ཀླུ་སྒྲུབ་ཞབས་ཀྱིས་སྒྲུབས་ཐབས་མཛད་ཅིང༌། དེའི་རྗེས་སུ་འབྲང་ནས་གྲུབ་པའི་དབང་ཕྱུག་ཉི་མ་སྤས་པས་ཕྱག་འཚལ་ཉེར་གཅིག་གི་རྒྱུད་དང༌། འཕགས་མ་ཉིད་ཀྱི་གསུང་ལ་བརྟེན་ནས་ལས་ཚོགས་ཉེར་དྲུག་སོགས་མཛད་པ་ལས་སྒྲོལ་མ་ཉེར་གཅིག་གི་ནང་ཚན་བཅུ་གཅིག་པ་འཕགས་མ་སྒྲོལ་མ་འགུགས་ཤིང་ཕོངས་པ་སེལ་བའི་སྒོ་ནས་བུམ་གཏེར་སྒྲུབས་པ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། འདིའི་དབང་དང་རྗེས་གནང་སོགས་ཐོབ་ཅིང༌། སྤྱི་དགོས་ཀྱི་བསྙེན་བ་སོང་བའི་གང་ཟག་གིས། རྫ་འམ་རིན་པོ་ཆེའི་བུམ་པ་གས་ཆག་མེད་ཅིང་ལོངས་མ་སྤྱད་པ་ཡུལ་དེའི་བྲེ་གང་ཤོང་བ་ལ་དཀར་རྩིས་བྱུགས་ཤིང༌། ལོགས་རྣམས་སུ་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་དང༌། མདུན་ངོས་ལ་མི་ནོར་བའི་མཚན་མ་ཏཱཾ་ཡིག་ལྟ་བུ་བྲིས་པའི་ནང་དུ། པྲ་བོ་དང་སྲན་མ་སོགས་མ་འདྲེས་བའི་འབྲུ་སྣ། རིན་པོ་ཆེ་སྣ་ཚོགས། དུག་རིགས་དང་བཤལ་སྨན་མ་ཡིན་པའི་སྨན་སྣ་ཚོགས། དར་ཟབ་ཇ་མར་བུ་རམ་ཤིང་ཏོག་གི་རིགས་ལ་སོགས་པ་གཙང་ཞིང་དག་པ་ཅི་འབྱོར་གྱིས་བཀང༌། ལྟོ་བའི་སྟོད་ཙམ་དུ་དབུས་སུ་རྗེ་བཙུན་མའི་སྐུ་མངོན་རྟོགས་ལྟར་དང༌། ཕྱོགས་མཚམས་སུ་གཟའ་བརྒྱད་ཀྱི་ཙ་ཀ་ལི་རབ་གནས་ཅན་རྒྱབ་ཤིང་ན་བཟའ་ཅན་བཞུགས་སུ་གསོལ། རྒྱ་ཤོག་ལ་གསེར་དངུལ་ལམ། མཚལ་སོགས་ཀྱིས། ཨོཾ་ཛམྦྷི་ནི་མོ་ཧི་སྭཱ་ཧཱ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་འཁོར་དང་བཅས་བརྟེན་འདི་ལ་བརྟན་བར་བཞུགས་ནས་གནས་འདིར་སྐྱེ་དགུ་ཐམས་ཅད་དབང་དུ་འདུས་ཤིང༌། སྲིད་ཞིའི་དཔལ་འབྱོར་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐམས་ཅད་པདྨའི་དྲི་ལ་བུང་བ་འཁོར་བ་ལྟར་འདུ་བར་མཛད་དུ་གསོལ། ཞེས་དབུ་ཅན་ཚེག་མེད་དུ་འབྲི། ག་བུར་ཙན་དན་དཀར་པོ་གུར་གུམ་སོགས་ཀྱིས་བྱུགས། དབུ་ནས་ནང་དུ་དྲིལ་ཏེ་སྐུ་གཟུགས་ཀྱི་མདུན་དུ་བཞུགས་སུ་གསོལ། སྤྲོ་ན། ལས་ཚོགས་ལས། སྣོད་ཆེན་ནང་དུ་ལྔ་ཚན་ལྔ། །རིན་ཆེན་གྱིས་བྲིས་སྙིང་བོ་བཞུགས། །ལོངས་སྤྱོད་ཕྱིར་ན་གཏེར་གཟུངས་ཏེ། །ཞེས་སོགས་ལྟར། སྔགས་འབྲི་བརྒྱད་གསེར་སོགས་ཀྱིས་བྲིས་པ་ཚར་ཉེར་ལྔ་གོང་བཞིན་དྲིལ་ཏེ་མཐའ་སྐོར་དུ་བཞུགས་སུ་གསོལ། རྡོ་རྗེ་རྒྱ་གྲམ་བྲིས་པས་ཁ་གཅོད། ཚོན་སྐུད་ཀྱིས་མགྲིན་པ་བཅིངས་པའི་ལྷག་མ་ཁ་ལེབ་ཀྱི་སྟེང་དུ་རྒྱ་གྲམ་དུ་བསྡམས། དར་དམར་སེར་གྱིས་བཀབ་གཟུངས་ཐག་གིས་སྤྲེལ་བ་དང་བཅས་སྟེགས་མཐོན་པོར་བཞུགས་སུ་གསོལ། དེའི་མདུན་དུ་རིན་པོ་ཆེ་བསྲེས་པའི་ཟླུམ་གཏོར་བཤོས་ཕྲན་བརྒྱད་ཀྱིས་བསྐོང་བ་ནོར་བུས་སྤྲས་པའི་མཚན་པ་ཅན། བདག་མདུན་གྱི་མཆོད་པ་ཆུ་གཉིས་ཉེར་སྤྱོད་ཚར་གཉིས་བཤམས། རང་གི་མདུན་དུ་རྡོ་དྲིལ། ནང་མཆོད། འཐོར་འབྲུ་སོགས་ཚེགས་སུ་ཚུད་པར་བྱའོ། །གཉིས་པ་དངོས་གཞི་ནི། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང༌། རང་ཉིད་སྐད་ཅིག་གིས་རྗེ་བཙུན་མ་འཕགས་མ་སྒྲོལ་མའི་སྐུར་བཞེངས་པར་གྱུར། ནང་མཆོད་བྱིན་རླབས་ནི། ཨམྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་བའི་ངང་ལས་མདུན་དུ་རླུང་མེ་མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་དུ། ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ། དེའི་ནང་དུ་གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་ར་ཤུ་མ་མུ་ལས་བདུད་རྩི་ལྔ་རྣམས། བྷྲུཾ་ཨཾ་ཛྲཾ་ཁཾ་ཧཱུཾ་གིས་མཚན་པ། དེའི་སྟེང་དུ་ཨོཾ་ཨཱཿ ཧཱུཾཿ གསུམ་མགོ་ཐུར་དུ་བསྟན་པ། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས། རླུང་གཡོས། མེ་སྦར། ཐོད་པའི་ནང་གི་རྫས་རྣམས་ཞུ་ཞིང་ཁོལ། འབྲུ་གསུམ་གྱི་འོད་ཀྱིས་བདུད་རྩི་བཀུག་སྟེ། རོ་གཅིག་ཏུ་འདྲེས་པར་གྱུར། ཨོཾ་ཨཱཿ ཧཱུཾ་ཧ་ཧོ་ཧྲཱིཿ ལན་གསུམ་བརྗོད། བདག་སྐྱེད་ཀྱི་མཆོད་པ་བསངས་སྦྱངས། སྟོང་པའི་ངང་ལས་ཀཾ་ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུཾ་ཧཱུཾ་ཞུ་བ་ལས་ཞེས་པ་ནས། ཤཔྟ་ཨཱཿ ཧཱུཾ་གི་པར་གྱིས་བརླབས། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། བླ་མ་དང་གཉིས་སུ་མེད་པའི་རྗེ་བཙུན་མ་འཕགས་མ་སྒྲོལ་མའི་ལྷ་ཚོགས་སྤྱན་དྲངས། གང་གི་དྲིན་གྱིས་བདེ་ཆེན་ཉིད། །ཅེས་སོགས་དང༌། འཁོར་བའི་སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་ཐམས་ཅད་སྤངས་ནས་ནི། །མྱ་ངན་འདས་པ་རབ་སྟེར་བ། །རྗེ་བཙུན་མ་ལ་ཕྱག་འཚལ་ལོ། །ཨོཾ་བཛྲ་པུཥྤེ་ཨཱཿ ཧཱུཾ། སོགས་ཀྱིས་མཆོད། རྒྱུན་བཤགས་དང༌། ཚད་མེད་བཞི་བསྒོམ། ཤཱུ་ནྱ་ཏས་སྦྱངས། སྟོང་བའི་ངང་ལས་པཾ་ལས་སྣ་ཚོགས་པད་མ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རང་སེམས་ཡི་གེ་ཨ་མཐིང་ག་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་མ་ཕོངས་པ་སེལ་མ་མུན་པའི་མདོག་ཅན། ཞབས་གཡས་བརྐྱངས་པའི་རོལ་བས་བཞུགས་པ། ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་ལྕགས་ཀྱུས་གཟའ་བརྒྱད་འགུགས་པའི་ཚུལ་དང༌། གཡོན་པས་ཞགས་པ་རོལ་བའི་ཚུལ་གྱིས་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་བར་ཨཱཿ དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། མིག་ཏུ་ཨོཾ་ཏཱ་རེ་སྭཱ་ཧཱ་དཀར་པོ། རྣ་བར་ཨོཾ་ཏུ་ཏཱ་རེ་སྭཱ་ཧཱ་སྔོན་པོ། སྣ་ལ་ཨོཾ་ཏུ་རེ་སྭཱ་ཧཱ་སེར་པོ། ལྕེ་ལ་ཨོཾ་ཏུ་སྭཱ་ཧཱ་དམར་པོ། སྙིང་གར་ཨོཾ་རེ་སྭཱ་ཧཱ་སྔོན་པོ། སྤྱི་བོར་ཨོཾ་ཏཱ་རེ་ནི་སྭཱ་ཧཱ་ལྗང་ཁུ། ཐམས་ཅད་ཟླ་གདན་ལ་གནས་པས་མཚན་པར་གྱུར། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། རང་འདྲའི་ཡེ་ཤེས་པ་སྤྱན་དྲངས། ཨ຋ᨗ་སོགས་ཀྱིས་མཆོད། ཛ་ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། སྔར་ལྟར་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥཉྩ་ཏུ་མཱཾ། ཞེས་བརྗོད་པས། བདུད་རྩིའི་ཆུས་དབང་བསྐུར། རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་གྱུར། ཨོཾ་ཨཱ་རྱ་ཏཱ་རེ་ཨ຋ᨗ་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ། སོགས་ཀྱིས་མཆོད། སྔགས་དེ་ལ་ཨོཾ་ཨཱཿ ཧཱུཾ་བཏགས་པས་ནང་མཆོད་ཕུལ། ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟོད། དེ་ནས་རང་གི་ཐུགས་ཀར་པད་ཟླའི་སྟེང་དུ་ཨ་ཡིག་མཐིང་གའི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཕྱོགས་བཅུར་འཕྲོས། འཇིག་རྟེན་ཁམས་ཀྱི་ལྷ་མི་སོགས་སྐྱེ་དགུ་རྣམས་དང༌། ནོར་ལོངས་སྤྱོད། འབྲུའི་བང་མཛོད། རྐང་འགྲོ་རིན་པོ་ཆེ་ལ་སོགས་པ་མདོར་ན་ཕུན་སུམ་ཚོགས་པ་ཐམས་ཅད་རང་དབང་མེད་པར་དབང་དུ་བསྡུས། རང་གི་ཡུལ་ཁྱིམ་རྣམས་གང་བས། དབུལ་ཕོངས་ཀྱི་སྡུག་བསྔལ་ཐམས་ཅད་ཞི་བར་གྱུར་པར་བསམས་ལ། ཡི་གེ་བཅུ་བ་དང༌། ཨོཾ་ཛམྦྷི་ནི་མོ་ཧི་སྭཱ་ཧཱ། ཞེས་ཡི་གེ་བརྒྱད་པ་གཉིས་གང་མང་བཟླ། ཡིག་བརྒྱ་དང་མཆོད་བསྟོད་གོང་ལྟར་བྱ། ཐུན་མཐར་གཏོར་མ་ཕུལ་ནས་འདོད་དོན་ལ་གསོལ་བ་གདབ་པོ། བསྙེན་གྲངས་ནི། གཙོ་མོའི་བསྙེན་པ་སྔོན་དུ་བཏང་ནས། འདིའི་སྒོས་ཀྱི་བསྙེན་པ་འབྲུ་བརྒྱད་པ་འབུམ་ཕྲག་གཅིག་བཟླ་བར་གསུངས་སོ། །འོན་ཀྱང་ས་སྐྱའི་ཡིག་ཆ་འགའ་ཞིག་ཏུ། དེ་ལྟ་བུའི་རྩ་བའི་བསྙེན་པ་སྔོན་དུ་སོང་བས། ལས་ཀྱི་ལྷ་མོ་ཉི་ཤུ་རྩ་གཅིག་སོ་སོའི་སྒྲུབས་ཐབས་ཇི་སྐད་བཤད་པ་བཞིན་བསྒོམས་ལ་བཟླས་པ་རབ་ཁྲི་ཕྲག་བཞི། འབྲིང་ཁྲི། ཐ་མའང་སྟོང་ཕྲག་བཞི་རེ་བཟླས་པས་ལས་བསྒྲུབ་པ་ལ་དབང་བ་ཡིན་ནོ། །ཞེས་གསུངས་སོ། །བཟླ་བྱའི་སྔགས་ཀྱང་སྟག་ཕུ་གར་དབང་རིན་པོ་ཆེས་གོང་བཞིན་སོ་སོར་བཟླ་བ་དང༌། འགའ་ཞིག་ཏུ་སྔགས་སྔ་ཕྱི་གཉིས་བསྲེས་པ་ཞིག་ཀྱང་སྣང་ངོ༌། ། དེ་ལྟར་བསྙེན་པ་སྔོན་དུ་སོང་ནས་བུམ་གཏེར་སྒྲུབ་པ་དངོས་ལ། གོང་ལྟར་བདག་བསྐྱེད་སྔོན་དུ་བཏང༌། གཞི་བདག་གཏོར་མ་དང་བགེགས་གཏོར་བསྔོ་བ་སོགས་སྤྱི་ལྟར་བྱས་ལ། བགེགས་བསྐྲད་ནན་ཏན་བྱ། དེ་ནས་གཏེར་རྫས་རྣམས་བྱིན་གྱིས་བརླབས། ཨོཾ་པཉྩ་བཻ་ཥ་ཛྱཻ་ཨཱཿ ཧཱུཾ། ཨོཾ་པཉྩ་རཏྣ་ཨཱཿ ཧཱུཾ། ཨོཾ་པཉྩ་གྷནྔྷེ་ཨཱཿ ཧཱུཾ། ཨོཾ་པཉྩ་བེ་ག་ཨཱཿ ཧཱུཾ། ཨོཾ་པཉྩ་གརྦ་ཨཱཿ ཧཱུཾ། ཨོཾ་པཉྩ་ཨ་མྲྀ་ཏ་ཨཱཿ ཧཱུཾ། ཞེས་པ་རྣམས་ཅི་འགྲུབ་དང༌། ནམ་མཁའ་མཛོད་ཀྱི་སྔགས་བརྒྱ་རྩ་རེ། སྔགས་དྲུག་ཕྱག་དྲུག་གྲངས་ཅི་རིགས་བཟླས་ཏེ། བདག་གི་བསམ་པའི་སོགས་ཀྱིས་བདེན་སྟོབས་བརྗོད། དེ་ནས་གཏེར་བུམ་ཨ་མྲྀ་ཏས་བསངས། ཤུ་ནྱ་ཏས་སྟོང་པར་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་བྱུང་པའི་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཟས་ནོར་ལོངས་སྤྱོད་ལྷ་དང་མིའི་འདོད་དགུའི་འབྱོར་བ་ཕུན་སུམ་ཚོགས་པས་ཡོངས་སུ་གཏམས་པའི་དབུས་སུ་པཾ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་བའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཨ་མཐིང་ག་ཡོངས་སུ་གྱུར་པ་ལས། རྗེ་བཙུན་མ་ཕོངས་པ་སེལ་མ། ཞེས་པ་ནས། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། འདབ་མ་བརྒྱད་ལ། ཉི་མ། ཟླ་བ། བཀྲ་ཤིས། ལྷག་པ། ཕར་བུ། པ་སངས། སྤེན་པ། རཱ་ཧུ་རྣམས་སྐུ་མདོག་གསེར་པོ། ཐལ་མོ་སྦྱར་བའི་བར་དུ་ཡིད་བཞིན་གྱི་ནོར་བུ་འཛིན་པ། དར་དང་རིན་པོ་ཆེས་བརྒྱན་ཅིང༌། སྐྱིལ་ཀྲུང་གིས་བཞུགས་པ། གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། ཞེས་པ་ནས། སྤྱི་བོར་ཨོཾ་ཏུ་རེ་ནི་སྭཱཧཱ་ལྗང་ཁུ། ཐམས་ཅད་ཀྱང་ཟླ་གདན་ལ་གནས་པས་མཚན་པར་གྱུར། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། རྗེ་བཙུན་མ་དྲང་སྲོང་གི་འཁོར་དང་བཅས་པ་སྤྱན་དྲངས། པོ་ཏ་ལ་ཡི། ཞེས་པ་ནས། གཤེགས་སུ་གསོལ། །འགྲོ་ཀུན་འཁོར་བའི་རྒྱ་མཚོ་ལས། །རྨད་བྱུང་ཐུགས་རྗེའི་གྲུ་རྫིངས་ཀྱིས། །སྒྲོལ་བའི་ཐུགས་དམ་བཅས་པ་བཞིན། །དམ་ཚིག་ཆེན་པོས་ཨེ་ཧྱེ་ཧི། །ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་ཝཱར་ས་མ་ཡ་ཛཱཿ ཛཿ གོང་ལྟར་མཆོད། ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། སྔར་ལྟར་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ཉྩ་ཏུ་མཱཾ། ཞེས་བརྗོད་པས། བདུད་རྩིའི་ཆུས་དབང་བསྐུར། གཙོ་མོ་ལ་རྣམ་སྣང་དང༌། འཁོར་རྣམས་ལ་བཅོམ་ལྡན་འདས་མས་དབུ་བརྒྱན་པར་གྱུར། མཆོད་པ་སྔར་ལྟར་བྱིན་གྱིས་བརླབས། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་བཟང་པོའི་མཆོད་ཡོན་འདི། །འཕགས་མ་འཁོར་དང་བཅས་ལ་འབུལ། །བཞེས་ནས་དངོས་གྲུབ་སྩལ་ཏུ་གསོལ། །ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་ཨ຋ᨗ་སོགས་སྦྱར་ནས་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པ་འབུལ། །རིན་ཆེན་གདུགས་དང་གསེར་ཉ་དང༌། །གཏེར་ཆེན་བུམ་པ་པདྨ་བཟང༌། །དུང་དཀར་གཡས་འཁྱིལ་དཔལ་བེའུ། །མཆོག་གི་རྒྱལ་མཚན་འཁོར་ལོ་སོགས། །དངོས་གྲུབ་རྣམ་གཉིས་སྩོལ་བའི་ཕྱིར། །འཕགས་མ་འཁོར་དང་བཅས་ལ་འབུལ། །ཨཥྚ་མངྒ་ལ། ཕུན་ཚོགས་འཁོར་ལོ་རིན་པོ་ཆེ། །དྲི་མེད་བཙུན་མོ་ཁྱིམ་བདག་དང༌། །ཅང་ཤེས་རྟ་དང་ཐེག་ཆེན་གླང༌། །ཕས་ཀྱི་རྒོལ་བ་ཚར་གཅོད་པའི། །དམག་དཔོན་རིན་ཆེན་སྣ་བདུན་འདི། །བདག་གི་བསམ་པ་རྫོགས་པའི་ཕྱིར། །འཕགས་མ་འཁོར་བཅས་བཞེས་སུ་གསོལ། །མཧཱ་སཔྟ་རཏྣ། རབ་འབྱམས་ཞིང་ན་ཡིད་འོང་གཟུགས་མཛེས་མཆོག།།རྣར་སྙན་ཡིད་འབབ་སྒྲ་སྙན་གང་ཡོད་པ། །དྲི་ཞིམ་ངད་ཀྱིས་སྟོང་གསུམ་ཁྱོན་འགེང་ཞིང་། །རོ་བརྒྱ་ལྡན་པའི་ལྷ་ཡི་ཞལ་ཟས་དང༌། །འཇམ་མཉེན་འཁྲིལ་ཆགས་ལྷ་རྫས་ན་བཟའི་ཚོགས། །ཀུན་བཟང་མཆོད་པའི་སྤྲིན་ལ་འགྲན་པ་བཞིན། །འཕགས་མ་འཁོར་དང་བཅས་ལ་ཕུལ་བ་ཡིས། །འགྲོ་ཀུན་མི་ཟད་གཏེར་ལ་ལོངས་སྤྱོད་ཤོག། །པཉྩ་ཀཱ་མ་གུ་ཎ། རྣམ་འདྲེན་ཟས་གཙང་སྲས་པོས་བཀྲ་ཤིས་པའི། །དངོས་པོར་བྱིན་རླབས་དགེ་ལེགས་འབྱུང་བའི་སྒོ། །རྟེན་འབྲེལ་ལྷུན་གྱིས་གྲུབ་པའི་རྫས་བརྒྱད་ཀྱིས། །རབ་འབྱམས་ནམ་མཁའི་ཁམས་ཀུན་བཀང་སྟེ་འབུལ། །ཨཥྚ་ཏྲ་བྱ། བསྡུ་ན་སྔགས་ཙམ་གྱིས་ཕུལ་ཡང་རུང་ངོ༌། །མཆོད་སྔགས་ལ་ཨོཾ་ཨཱཿ ཧཱུཾ་བཏགས་པས་ནང་མཆོད་ཕུལ། བསྟོད་པ་ནི། ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །ཞེས་སོགས་ཤོ་ལོ་ཀ་གཅིག་དང༌། ཕྱག་འཚལ་དཔའ་མོ་གྱད་ཀྱི་ཆ་བྱད། །མཚན་མོ་སྤྲིན་རུམ་མུན་པའི་མདོག་ཅན། །ཤིན་ཏུ་འཇིགས་རུང་བདུད་དཔུང་ཟིལ་གནོན། །ནོར་གྱི་ཆར་འབེབས་ཕོངས་པ་སེལ་མ། །ཕྱག་འཚལ་ཡི་གེ་ཧཱུཾ་གི་སྦྱོར་བས། །ཕྱོགས་མཚམས་རྣམས་ནས་གཟའ་ཆེན་བརྒྱད་འགུག། །ཞལ་གཅིག་ཕྱག་གཉིས་གཡས་པ་ལྕགས་ཀྱུ། །གཡོན་པ་རོལ་བས་ཞགས་པ་བསྣམས་མ། །ཞེས་རྒྱུད་དང༌། གྲུབ་ཆེན་གྱི་བསྟོད་པ་འདིས་བསྟོད། ཕྱག་འཚལ་བཅུ་གཉིས་ཁྱིམ་ལ་སྤྱོད་པས། །ས་ལ་དུས་བཞི་ཉིན་མཚན་འབྱེད་ཅིང༌། །ས་ལ་གནས་པའི་སྐྱེ་དགུ་སྐྱོང་བའི། །ས་གཞི་སྐྱོང་མཛད་གཟའ་ཆེན་བརྒྱད་ལ། །ཞེས་འཁོར་ལ་བསྟོད། དེ་ནས་བཟླས་པ་བྱ་བ་ནི། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ལྷའི་ཐུགས་ཀར་ཕོག་པས། ཞལ་ཁྲོ་གཉེར་གཡོ་ཞིང༌། ཧཱུཾ་གི་སྒྲ་འཇིག་རྟེན་ལྡིར་བ་ལྟར་བསྒྲགས། ཕྱག་མཚན་གྱི་ལྕགས་ཀྱུ་འཁོར་རྣམས་ལ་བསྣུན་ཐབས་སུ་མཛད། གཙོ་མོའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུར་འཕྲོས་པ་དང༌། འཁོར་རྣམས་ལས་སྤྲུལ་བ་ཉི་ཟེར་རྡུལ་ལྟར་འཕྲོས་པས། འཇིག་རྟེན་ཁམས་ཀྱི་ལྷ་མི་སོགས་སྐྱེ་དགུ་རྣམས་དང༌། ནོར་ལོངས་སྤྱོད། འབྲུའི་བང་མཛོད། རྐང་འགྲོ་རིན་པོ་ཆེ་ལ་སོགས་པ་མདོར་ན་ཕུན་སུམ་ཚོགས་པ་ཐམས་ཅད་རང་དབང་མེད་པར་དབང་དུ་བསྡུས། རང་གི་ཡུལ་ཁྱིམ་རྣམས་གང་བས་དབུལ་ཕོངས་ཀྱི་སྡུག་བསྔལ་མཐའ་དག་ཞི་བར་གྱུར་པར་བསམས་ལ། སྔགས་གཉིས་བཟླ་བ་ལ་འབད་པར་བྱའོ། །ཐུན་གྲོལ་ཁར་སྔགས་གཉིས་ཀྱི་སྭཱ་ཧཱའི་གོང་དུ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འདོད་དགུའི་ལོངས་སྤྱོད་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་དབང་དུ་འདུ་བར་གྱུར་ཅིག་སྭཱ་ཧཱ། ཞེས་སྤེལ་ཚིག་བཏགས་པ་ཅི་འགྲུབ་དང༌། མཇུག་ཏུ་ཡིག་བརྒྱ་དང༌། མཆོད་བསྟོད་བསྡུས་པ་བྱ། དེ་ནས་གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབས། མདུན་བསྐྱེད་ཀྱི་ལྷ་རྣམས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་ཝཱར་ཨི་དཾ་བ་ལི་ཏཾ་སོགས་ལན་བདུན་ནམ་གསུམ་གྱིས་གཙོ་མོ་དང༌། ཨོཾ་ཨཥྚ་གྲ་ཧ་ས་པ་རི་ཝཱར་ཨ་ཀ་རོ་བཏགས་པ་གསུམ་གྱིས་འཁོར་ལ་འབུལ། ཕྱི་ནང་གི་མཆོད་པས་མཆོད། ཕྱག་འཚལ་ཉེར་གཅིག་མས་བསྟོད། ཨིནྟྲ་ནཱི་ལའི་རི་དབང་ལྟར་མཛེས་སྐུ། །ཡན་ལག་དྲུག་ཅིའི་དབྱངས་ལྡན་འགགས་མེད་གསུང༌། །ཤེས་བྱ་ཀུན་མཁྱེན་གཡོ་མེད་ཐུགས་མངའ་བ། །རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེའི་གཏེར། །ཁྱོད་ལ་ཡིད་གཏད་གུས་པས་གསོལ་འདེབས་ན། །འདོད་དགུའི་གཏེར་ཆེན་བུམ་པ་བཟང་བོ་འདིར། །འཁོར་བཅས་གཡོ་བ་མེད་པར་བརྟན་བཞུགས་ནས། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཡི། །ཚེ་བསོད་དཔལ་འབྱོར་སྙན་གྲགས་ལོངས་སྤྱོད་སོགས། །ཕུན་ཚོགས་སྡེ་བཞིའི་འབྱོར་བ་མ་ལུས་པ། །དྲོད་གཤེར་རྟེན་འབྱུང་ཚོགས་པའི་ཆུ་སྐྱེས་བཞིན། །རྣམ་པར་རྒྱལ་བའི་དངོས་གྲུབ་དཔྱིག་གི་ཆར། །ད་ལྟར་ཉིད་དུ་སྩོལ་བར་མཛད་དུ་གསོལ། །ཅེས་དང༌། རླབས་ཆེན་སྦྱིན་པའི་ཕ་རོལ་ཕྱིན་རྫོགས་པའི། །ཡོན་ཏན་རིན་ཆེན་མཛོད་ལ་མངའ་བརྙེས་ན། །སྔོན་གྱི་ཐུགས་བསྐྱེད་དུས་ལ་བབས་དགོངས་ཏེ། །འགྲོ་བའི་དབུལ་བ་སོལ་ཅིག་རྗེ་བཙུན་མ། །ཁྱད་པར་རྟག་ཏུ་ཁྱོད་ཞབས་གུས་བསྟེན་པ། །བདག་ཅག་དཔོན་སློབ་སྦྱིན་བདག་བཅས་པ་ཡི། །ཟས་ནོར་ལོངས་སྤྱོད་མཁོ་དགུའི་དཔལ་འབྱོར་ཀུན། །དབྱར་གྱི་ཆུ་གཏེར་ཇི་བཞིན་རྒྱས་པར་མཛོད། །ལོག་པའི་འཚོ་བ་དང་བྲལ་ཆོས་མཐུན་གྱི། །འབྱོར་བ་དང་བཅས་བཤད་དང་སྒྲུབ་པ་ཡིས། །བསྟན་པའི་བྱ་བ་ལྷུན་གྱིས་གྲུབ་གྱུར་ཏེ། །མ་ལུས་འགྲོ་བའི་མགོན་ཏུ་འགྱུར་བར་ཤོག།།ཅེས་འདོད་པའི་དོན་ལ་གསོལ་བ་ཤུགས་དྲག་ཏུ་བཏབ། གཏོར་འབུལ་ཐུན་རེ་བཞིན་མ་གྲུབ་ན། ཐུན་ཕྱི་མའི་སྐབས་སུ་ཕུལ་བས་ཆོག།།དཀར་གཏོར་དང་བགེགས་གཏོར་བསྔོ་བ་གསར་དུ་བསྒྲུབ་པའི་ཐུན་མ་གཏོགས་མི་དགོས། ཐུན་མཇུག་ཏུ་ཐུབ་ན་སྒྲོལ་མའི་སྒོ་ནས་དགེ་མཚན་སྤེལ་ཆོག་གསར་བསྒྲིགས་བྱས་ཡོད་པའི་ནང་ནས་གཡང་འབོད་ཀྱི་སྐོར་རྣམས་འདོན་ཐུབ་ན་རབ། མ་ཐུབ་ན། རྩ་བརྒྱུད་བླ་མ་འཕགས་མ་སྒྲོལ་མ་དང༌། །ཞེས་པའི་དབུ་ཅན་གྱི་གཡང་འབོད་བསྡུས་པ་ཞིག་བསྒྲིགས་ཡོད་པ་དེས་གཡང་འབོད་བྱས་ལ། བསྔོ་སྨོན་ཤིས་བརྗོད་བྱ། ཐུན་ཕྱི་མ་རྣམས་ལ་གཏེར་རྫས་བྱིན་རླབས་བསྡུས་པ་བྱ། དེ་ནས། རང་གི་མདུན་དུ་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཟས་ནོར་ལོངས་སྤྱོད་ལྷ་དང་མིའི་འདོད་དགུའི་འབྱོར་བ་ཕུན་སུམ་ཚོགས་པས་ཡོངས་སུ་གཏམས་པའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རྗེ་བཙུན་མ་ཕོངས་པ་སེལ་མ་ཞེས་བསངས་སྦྱངས་དང་ས་བོན་ལས་བསྐྱེད་པ་སོགས་དོར་ནས་གཞན་ཐུན་དང་པོ་ཇི་ལྟ་བ་བཞིན་ནོ། །ཐུན་ཐ་མའི་མཇུག་ཏུ་བདག་བསྐྱེད་ཉེར་བསྡུ་ནི། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། རང་འོད་ཀྱི་རྣམ་པར་གྱུར་ཏེ་ཐུགས་ཀའི་ས་བོན་ལ་ཐིམ། དེ་ཡང་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་ཉིད་རྗེ་བཙུན་མའི་སྐུར་བཞེངས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ །ཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར་པར་བསམས་ལ་སྨོན་ལམ་ཤིས་བརྗོད་བྱས་ཏེ་ཐུན་མཚམས་ལ་འཇུག་གོ། གསུམ་པ་མཇུག་གི་བྱ་བ་ནི། ཞག་གྲངས་ཇི་ལྟར་རིགས་པར་བསྒྲུབས་པའི་མཐར། གཏང་རག་གི་མཆོད་བསྟོད་རྒྱས་པ། ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་བསྐངས། མ་འབྱོར་བ་དང་སོགས་གྱིས་ནོངས་པ་བཟོད་པར་གསོལ། དེ་ནས། ཇི་ལྟར་སངས་རྒྱས་ཐམས་ཅད་ནི། །དགའ་ལྡན་དུ་ནི་གནས་པ་ལས། །ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་ལྟར། །དེ་བཞིན་གཟུགས་དང་ལྷན་ཅིག་ཏུ། །འདི་རུ་མགོན་པོ་རྟག་བཞུགས་ནས། །བྱང་ཆུབ་སེམས་ནི་བསྐྱེད་པ་དང༌། །ཡོན་གྱི་བདག་པོའི་དོན་སླད་དུ། །བདག་གི་འབྱོར་བ་ཉིད་ཀྱིས་ནི། །ཅི་འབྱོར་བ་ཡི་མཆོད་པ་དང༌། །མེ་ཏོག་ལ་སོགས་འདི་བཞེས་ཤིག། །བདག་དང་སློབ་མར་བཅས་རྣམས་ལ། །རྗེས་སུ་བརྩེ་བས་ཉེར་དགོངས་ནས། །ཀུན་གྱིས་འདི་ལ་བྱིན་རློབས་ཤིང༌། །འདི་ཉིད་དུ་ནི་བཞུགས་པར་རིགས། །རྗེ་བཙུན་ནམ་མཁའ་མཛོད་ལ་མངའ་བརྙེས་པའི་བཅོམ་ལྡན་འདས་མ་གཏེར་གྱི་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་རྣམས་སྔགས་དང་ཏིང་ངེ་འཛིན་གྱིས་བྱིན་གྱི་བརླབས་ཤིང༌། འདོད་དགུའི་འབྱོར་བ་ཟད་མི་ཤེས་པས་ཡོངས་སུ་གང་བའི་གཏེར་མཛོད་འདིར། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་གྱི་ཁམས་རྣམས་ཟག་པ་མེད་པའི་ཡེ་ཤེས་ཀྱི་གཏེར་ཆེན་པོ་ལ་ལོངས་སྤྱོད་པར་མ་གྱུར་ཀྱི་བར་དུ་བརྟན་བར་བཞུགས་ནས་དབུལ་ཞིང་ཕོངས་པའི་སེམས་ཅན་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་ཉེ་བར་གཟིགས་ནས་བྱིན་གྱིས་རློབས་ལ། །ཟས་ནོར་ལོངས་སྤྱོད་ཀྱི་རྒྱུན་འཕེལ་བར་མཛད་ཅིང་བརྟན་པར་བཞུགས་སུ་གསོལ། ཨོཾ་སུ་པྲ་ཏིཥྠ་བཛྲ་ཡེ་སྭཱ་ཧཱ། ཚིགས་བཅད་དང་བཅས་པ་ལན་གསུམ། བདེ་གཤེགས་ཀུན་བཟང་མཐོང་བའི་བཀྲ་ཤིས་ལྟར། །རྒྱལ་བ་སྲས་བཅས་དེང་འདིར་བདེ་ལེགས་ཤོག །དན་སྡིག་ལོག་པའི་ཚོགས་རྣམས་བཅོམ་གྱུར་ནས། །རྒྱལ་སྲས་རིག་འཛིན་ཚོགས་རྣམས་འཕེལ་དར་ཞིང་། །ཞལ་མཐོང་ཙམ་གྱིས་བདེ་བའི་མཆོག་བརྙེས་ནས། །ཉི་ལྟར་ཞལ་དྲོ་ཟླ་ལྟར་འོད་གསལ་ཞིང༌། །བདག་དང་འགྲོ་ལ་ཞལ་དྲོ་བྱིན་ཆེ་བས། །བསྐལ་བའི་མཐར་ཐུག་པར་དུ་བཞུགས་སུ་གསོལ། །ཇི་སྲིད་མེ་དང་ཆུ་དང་ནི། །རླུང་གིས་བསྐལ་བ་འཇིག་པར་དུ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བཅོམ་ལྡན་ཁྱོད་ནི་བཞུགས་པར་མཛོད། །མགོན་པོ་བསྐལ་བ་ཇི་བཞིན་དུ། །སྣ་ཚོགས་གཟུགས་ནི་བཟུང་ནས་ཀྱང༌། །ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་སུ། །དེས་ནི་འགྲོ་བའི་དོན་ཀུན་མཛོད། །ཅེས་བས་རབ་གནས་ཀྱི་གཞུང་བཞིན་བརྟན་བཞུགས་བྱ། །དེ་ནས་ཉེར་བསྡུ་དང་ཤིས་བརྗོད་ཀྱིས་མཐའ་བརྒྱན་པར་བྱའོ། །དེ་ལྟར་ལེགས་པར་བསྒྲུབས་ནས་རྟེན་གྱི་ནང་དང་གཙུག་ལག་ཁང་དང་མཛོད་ཕུག་སོགས་གང་དུ་འཇོག་པའི་གཞིར་པདྨ་འདབ་བརྒྱད་བྲིས་བའི་སྟེང་དུ་གཙུག་ལག་ཁང་ཡུལ་ཕྱོགས་ལ་སོགས་པ་གང་གཙོ་ཆེ་བ་དེར་ཞལ་ཕྱོགས་ཏེ་བཞུགས་སུ་གསོལ། །མདུན་དུ་མཆོད་གཏོར་བཤམས་པ་ནས་བཟུང་བདག་མདུན་བཟླས་པ་བརྟན་བཞུགས་ཀྱི་བར་སྔར་བཤད་པ་ཇི་ལྟ་བ་བཞིན་བྱས་རྗེས་བཞུགས་ཁང་གི་ཁ་སྲུབ་བ་སོགས་བྱས་ཏེ་ཤིས་བརྗོད་སོགས་བྱའོ། །དེ་ལྟར་བགྱིས་པའི་ཕན་ཡོན་ནི། །གྲུབ་ཆེན་གཞུང་ལས། ལོངས་སྤྱོད་ཕྱིར་ནི་གཏེར་བཟུང་སྟེ། །འབྲུ་དང་རིན་ཆེན་ཕྱུགས་ལོངས་སྤྱོད། །ཞིང་དང་མཛོད་དང་ཕྱུགས་ལྷས་སུ། །གོ་རིམ་བཞིན་དུ་ཤེས་པར་བྱ། དེས་ནི་རྣམ་ཐོས་བུ་བཞིན་འགྱུར། །ཞེས་གསུངས་པས་བར་ཡིན་པས། ཚུལ་བཞིན་ཉམས་སུ་བླངས་བས་གནས་དེར་བར་ཆད་ཀྱིས་མི་ཚུགས་ཤིང༌། ཆོས་ཀྱི་འབྱོར་བ་ཟད་མི་ཤེས་པ་འབྱུང་བ་དང༌། རྗེ་བཙུན་བཅོམ་ལྡན་འདས་མས་རྗེས་སུ་བཟུང་ཞིང༌། མཆོག་ཐུན་གྱི་དངོས་གྲུབ་བདེ་བླག་ཏུ་འགྲུབ་བ་སོགས་ཕན་ཡོན་མཐའ་ཡས་པར་གསུངས་སོ། །སྨྲས་པ། གང་དག་གཡོ་སྒྱུས་ཚོང་ཁེ་བུན་སྐྱེད་དང༌། །རྐུ་འཕྲོག་ཁྲམ་རྫུན་རི་དྭགས་རྔོན་པ་སོགས། །ལོངས་སྤྱོད་རྒྱས་འདོད་དཔྱིད་དུས་ཏིལ་བཏབ་ནས། །སྟོན་དུས་ས་ལུ་སྡུད་རྩིས་བྱེད་དང་མཚུངས། །དེས་ན་ལྷ་སྔགས་ཉིད་འཛིན་པ་ཀུ་ལ། །འཕགས་མའི་ཐུགས་རྗེའི་མཛེས་མའི་འགྲམ་ཆང་དང༌། །འཕྲད་ན་དངོས་གྲུབ་འདབ་མའི་རྒྱ་གྲོལ་ཏེ། །དཔལ་འབྱོར་སྦྲང་རྩི་རྒྱས་ལ་སོམ་ཉི་བྲལ། །འདིར་འབད་དགེ་བས་མཐའ་གླས་འགྲོ་བ་ཀུན། །ནམ་མཁའ་མཛོད་ཀྱི་ཏིང་འཛིན་ལ་བརྟེན་ནས། །དབུལ་ཞིང་ཕོངས་པའི་སྡུག་བསྔལ་ལས་གྲོལ་ཏེ། །སྦྱིན་པའི་ཕར་ཕྱིན་ཡོངས་སུ་རྫོགས་གྱུར་ཅིག།།ཅེས་གྲུབ་པའི་དབང་ཕྱུག་ཉི་མ་སྤས་བའི་ལུགས་ཀྱི་སྒྲོལ་མ་ཕོངས་སེལ་མའི་སྒོ་ནས་གཏེར་བུམ་སྒྲུབ་ཚུལ་དགོས་འདོད་འབྱུང་བའི་ནོར་བུའི་བང་མཛོད་ཅེས་བྱ་བ་འདི་ནི་གུས་སློབ་གྲགས་པ་ཀླུ་སྒྲུབ་ཀྱིས་ནན་ཏན་བསྐུལ་ངོ་མ་བཟློག་པར།། དབྱངས་ཅན་བཞད་པའི་རྡོ་རྗེས་སྦྱར་བའི་ཡི་གེ་བ་ནི་བསྐུལ་བ་པོ་ཉིད་ཀྱིས་བགྱིས་པ་འདིས་ཀྱང་རང་གཞན་གྱི་དོན་གཉིས་ལྷུན་གྱིས་འགྲུབ་པར་གྱུར་ཅིག།།        །། གཏེར་རྫས་བྱིན་རླབས་ནི། གཏེར་རྫས་བསངས་སྦྱངས། སྟོང་པའི་ངང་ལས་གཏེར་རྫས་རྣམས་ཨོཾ་དང༌། རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩི་དང༌། སྡུག་བསྔལ་ཐམས་ཅད་སེལ་བའི་སྨན་དང༌། དགོས་འདོད་ཐམས་ཅད་འབྱུང་བའི་ཡིད་བཞིན་གྱི་ནོར་བུའི་ཚོགས་དང༌། གཞན་ཡང་གསེར་དངུལ་གོས་དར་ཟས་ནོར་འབྲུ་བཅུད་སོགས་ལྷ་མིའི་དཔལ་འབྱོར་སྣ་ཚོགས་པ་སྤྲིན་གྱི་ཕུང་པོ་གཏིབས་པ་དཔལ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུ་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་ཁམས་གང་བ་འདི་ཉིད། བླ་མ་དང་གཉིས་སུ་མེད་པའི་རྗེ་བཙུན་མ་འཕགས་མ་སྒྲོལ་མ་འཁོར་དང་བཅས་པ་རྣམས་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག།།ནམ་མཁའ་མཛོད་ཀྱི་སྔགས་རྒྱ་དང༌། སྔགས་དྲུག་དང་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས། །པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།།

དཔྱད་མཆན་སྤེལ།