༄༅།།གནས་ཡུལ་སྐྱོང་བའི་གཉན་ཆེན་དགྲ་ལྷའི་རྒྱལ་བོ་སྔོན་ལྷ་གཡུ་རྩེའི་གསོལ་མཆོད་ཐུགས་དམ་བསྐང་བའི་རིམ་པ་དགེ་ལེགས་བྱེ་བའི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། །

༄༅། །ན་མོ་གུ་རུ་པདྨ་ཀཱ་རཱ་ཡ། སྣང་སྲིད་དྲེགས་པ་ཡོངས་ཀྱི་ཟུར་ཕུད་རྩེར། །ཞབས་སེན་ནོར་བུའི་ཅོད་པཎ་ངལ་བསོ་ཞིང༌། །མཐུ་སྟོབས་ནུས་པས་མི་བསྲུན་ཕྱེར་འཐག་པའི། །རྒྱལ་དབང་མཚོ་སྐྱེས་རྡོ་རྗེས་ཤིས་པ་སྩོལ། །དམ་པའི་སྤྱན་སྔར་ཐུབ་བསྟན་སྲུང་བ་དང༌། །དཀར་པོའི་ཕྱོགས་རྣམས་སྐྱོང་བའི་གཡར་དམ་ཅན། །གཉན་གྱི་སྡེ་དཔོན་སྔོན་ལྷ་གཡུ་རྩེ་ཞེས། །གྲགས་སྙན་ཁོར་ཡུག་རི་བོའི་ཁོངས་ལས་བརྒལ། །གང་གི་ཐུགས་ཀྱི་གསེར་ལྡན་དགའ་མའི་ལྟོར། །དགའ་བདེའི་འདབ་བརྒྱའི་ཚལ་ཡང་བཞད་ཕྱིར་ཏུ། །བདག་བློ་ཁྱུང་སྔོན་སྐྱེས་ཀྱིས་ཉེར་དྲངས་པའི། །མཆོད་ཆོག་སྣང་གཏེར་དཀྱིལ་འཁོར་འདི་ན་འཆར། །དེ་ལ་འདིར་གྲུབ་དབང་དམ་པ་རྣམས་ཀྱི་སྤྱན་སྔར་རྡོ་རྗེའི་ཐ་ཚིག་བདུད་རྩིའི་རྒྱུན་བཟང་ཞལ་གྱིས་བཞེས་པའི་དཀར་ཕྱོགས་སྐྱོང་བའི་དགྲ་ལྷའི་དབང་པོ་གཉན་ཆེན་སྔོན་ལྷ་གཡུ་རྩེ་ཞེས་གྲགས་པའི་བ་དན་སྲིད་ན་གཡོ་བ་དེ་ཉིད་ཀྱི་གསོལ་མཆོད་ཐུགས་དམ་བསྐངས་བའི་རིམ་པ་ལ། དེ་ཡང་སྐུ་གསུང་ཐུགས་ཀྱི་རྟེན་སྤྱི་དང༌། དགྲ་ལྷའི་སྐུ་བརྙན་ཡོད་ན་ལེགས་པར་བཀྲམ། དེའི་མདུན་དུ་ཡི་དམ་ཆོས་སྐྱོང་གི་གཏོར་མ་དང༌། སྒོས་ཀྱི་གཏོར་མ་བཟང་དྲུག་དཀར་གསུམ་མངར་གསུམ་སྦྱར་བའི་བདེ་འདབ་ཅན་རྒྱན་ལྡན་རིལ་བུ་མང་བོས་བསྐོར་བ་དང༌། གཞན་ཡང་མཆོད་པ་སྤྱན་གཟིགས།བསང་ཤིང་སྣ་ཚོགས། ཇ་ཕུད། ཆང་ཕུད་སོགས་སྐབས་འདིར་མཁོ་བའི་ཡོ་བྱད་རྣམས་འདུ་བྱས། རང་ཉིད་རྟ་མགྲིན་ནམ་རྡོ་རྗེ་འཇིགས་བྱེད་ལྟ་བུའི་ལྷའི་རྣམ་འབྱོར་བསྒོམ་པ་སྔོན་དུ་འགྲོ་བས།མཆོད་གཏོར་བྱིན་གྱིས་བརླབ་བ་ནི། ལས་སྔགས་ཀྱིས་བསངས། སྭ་བྷཱ་ལྦས་སྦྱངས། ཕྱི་ནང་གསང་བའི་རྟེན་དང་མཆོད་རྫས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་རྒྱ་ཁྱོན་སྟོང་གསུམ་ལྟར་ཡངས་པ་རྣམས་ཀྱི་ནང་དུ་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་བ་ཞུ་བ་ལས་བྱུང་བའི་མཆོད་གཏོར་དམ་རྫས་སྤྱན་གཟིགས་རྣམས། ཡུལ་དུས་གནས་སྐབས་ཐམས་ཅད་དུ་ཟད་མི་ཤེས་པ་ནམ་མཁའ་མཛོད་ཀྱི་རང་བཞིན་ཅན། ལྷ་གཉན་འཁོར་བཅས་ཀྱི་དབང་པོ་དྲུག་གི་སྤྱོད་ཡུལ་དུ་དགྱེས་པ་སྐྱེད་པར་བྱེད་པའི་ནུས་པ་དང་ལྡན་བར་གྱུར། ནམ་མཁའ་མཛོད་གྱི་སྔགས་རྒྱ་དང༌། སྔགས་དྲུག་ཕྱག་དྲུག་གིས་ཕྱིན་གྱིས་བརླབས། བདག་གི་བསམ་པའི་སོགས་གྱིས་བདེན་སྟོབས་བརྗོད། དེ་ནས་རྟེན་བསངས་སྦྱངས།སྟོང་པའི་ངང་ལས་རང་གི་མདུན་དུ་སྦངས་ལྗོངས་ཡིད་དུ་འོང་བའི་དབུས་སུ།རྩ་བ་རབ་ཏུ་བརྟན་ཅིང༌། རྩེ་མོ་ཉི་ཟླའི་གོ་ལར་བསྙེགས་པ། རབ་དཀར་གངས་གྱི་ཐོར་ཅོག་དང༌། སྨན་སྤོས་ནགས་ཚལ་སྣ་ཚོགས་ཀྱི་ཤམ་ཐབས་བཅིང་བ། ཕྱོགས་མཚམས་ཐམས་ཅད་དུ་ས་འཛིན་གྱི་ཕྲེང་བ་ཚར་དུ་དངར་བ། གཅན་གཟན་སྣ་ཚོགས་ཀྱིས་ངར་སྐད་སྒྲོགས་ཤིང༌། རི་དྭགས་མ་བུའི་ཁྱུ་ཚོགས་བག་བེབས་པ། འདབ་ཆགས་སྣ་ཚོགས་ཀྱིས་མགྲིན་པའི་གླིང་བུ་བསྒྱུར་བ་སོགས་ངོ་མཚར་བའི་སྣོད་བཅུད་ཀྱི་བཀོད་པ་སྣ་ཚོགས་ཀྱི་འབྱོར་བ་རྒྱས་པའི་རིན་པོ་ཆེའི་རི་དབང་གི་ནང་དུ། །ཤེལ་གཡུ་གསེར་གསུམ་ལས་གྲུབ་བའི་གཞལ་མེད་ཁང་ཡིད་དུ་འོང་ཞིང་བལྟ་ན་སྡུག་བ་རྣམ་པར་རྒྱལ་བའི་ཁང་བཟང་ལ་འགྲན་བ། དར་ཟབ་ཀྱི་ཡོལ་བ་དང༌། འཕན་གདུགས་བླ་བྲེ་རྒྱལ་མཚན་ཁྲི་སྟན་སོགས་ཀྱི་བཀོད་པ་མཐའ་གླས་པའི་དབུས་སུ། རིན་ཆེན་གསེར་གཡུའི་སྒ་སྲབ་ཆས་ཀྱིས་སྤྲས་བའི་རྟ་མཆོག་མཐིང་ནག་རླུང་གི་ཤུགས་ཅན་གྱི་སྟེང་ན། དྲེགས་པའི་སྡེ་དཔོན་གཉན་ཆེན་དགྲ་ལྷའི་རྒྱལ་པོ་སྐུ་མདོག་ཨིནྡྲ་ནཱི་ལའི་ལྷུན་པོ་ལ་ཉི་མ་འབུམ་གྱིས་འཁྱུད་པ་ལྟ་བུའི་གཟི་བྱིན་འཕྲོ་བ།ཕྱག་གཡས་དར་མདུན་ནམ་མཁའི་དབྱིངས་སུ་འབྱར་ཞིང༌། །ཕྱག་གཡོན་དགོས་འདོད་སྩོལ་བའི་གཏེར་གྱི་བུམ་བཟང་བསྣམས་པ། སྐུ་ལ་དར་སྣ་ཚོགས་དང༌། ཟབ་གོས་ཀྱི་ན་བཟའ་གསོལ་ཞིང༌། དབུ་ལ་རིན་པོ་ཆེའི་ཕྲོག་ཞུ་མཛེས་པར་གསོལ་བ། སྟག་རལ་གཡས་དང༌། གཟིག་ཤུབ་གཡོན་དུ་བཀྲ་བ་སོགས་སྟག་ཤར་དཔའ་བོའི་ཆས་ཀྱིས་བརྒྱན་པ། ཞབས་ལ་རིན་པོ་ཆེ་སྣ་ཚོགས་ཀྱིས་མཛེས་བའི་སག་ལྷམ་གསོལ་བ། དགྱེས་པའི་འཛུམ་ཞལ་ངོམས་པ། དེའི་མདུན་དུ་ཡུམ་ཆེན་མ་མ་ལི་གུ་དཀར་མོ། སྲས་མཆོག་དོན་ཡོད་ཐོ་རེ་རྒྱལ། མཛེས་ལྡན་ཡིད་དུ་འོང་བའི་སྲས་དང་སྲས་མོ། བཀའ་ཡི་ལས་བྱེད་ཕྱི་བློན་ནང་བློན། གཞན་ཡང་སྒོ་སྲུང་དང༌། བྱ་ར་བ་དང༌། འཕྲེང་སེལ་སོགས་ཕྱག་མཚན་དང༌། བཞོན་པ་སྣ་ཚོགས་པ། གཞན་ཡང་གཉན་གྱི་དམག་ཚོགས་བྱེ་བ་འབུམ་སྡེ། སྣང་སྲིད་ལྷ་སྲིན་སྡེ་བརྒྱད་སོགས་འཁོར་ཚོགས་རྒྱ་མཚོས་བསྐོར་བར་གྱུར། རང་ཉིད་ཡི་དམ་ལྷར་གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། གཉན་ཆེན་དགྲ་ལྷའི་རྒྱལ་བོ་འཁོར་དང་བཅས་པ་ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ དེ་ནས་བསང་དུད་ཆེར་བཏང་སྟེ། ཧཱུཾ་བསིལ་ལྡན་རྭ་བས་ཡོངས་བསྐོར་བོད་ཡུལ་གྱི། །མདོ་སྨད་ལྷོ་རྒྱུད་ས་ཡི་ཐིག་ལེ་ཆེ། །དགེ་བཅུའི་དགའ་བའི་རི་མོ་གཡས་སུ་འཁྱིལ། །ནགས་ཚལ་སྟུག་པོས་ཕྱོགས་ཀུན་རྭ་བ་བྲིས། །ལྷུང་ལྷུང་སྙན་སྒྲོགས་ཉལ་འགྲོ་དལ་གྱིས་འབབས། །མ་རྒད་ཞུན་མས་བྱུགས་འདྲའི་རི་ཐང་དུ། །ཀུ་ཤའི་མྱུ་གུ་སྣ་ཚོགས་མེ་ཏོག་བཀྲམ། །རི་སྐྱེས་ཚོགས་རྣམས་བག་ཕེབས་རྩེད་འཇོས་རོལ། །གཉིས་སྐྱེས་དུ་མས་འཇམ་སྙན་མགྲིན་གླུ་ཀྱེར། །སྦྲང་རྩིས་མྱོས་པའི་རྐང་དྲུག་ཁྱུ་ཚོགས་ལྡིང༌། །ཕྱོགས་ཀུན་ས་འཛིན་ཕྲེང་བས་ཀུན་ནས་བསྐོར། །དེ་དབུས་མཐོ་བརྟན་ས་འཛིན་དབང་བོའི་མཆེད། །སྟེང་དུ་ཆུ་འཛིན་གསར་བའི་གདུགས་དཀར་ཕུབ། །ན་བུན་དངུལ་མདོག་བརྒྱ་བྱིན་གཞུ་རིས་ཀྱིས། །ན་བཟས་མཛེས་པའི་རིན་ཆེན་རི་དབང་ནང༌། །སྣ་ཚོགས་རིན་ཆེན་ལས་གྲུབ་ཁང་བཟང་ནས། །གཉན་གྱི་སྡེ་དཔོན་སྔོན་ལྷ་གཡུ་རྩེ་དང༌། །གསང་བའི་ཡུམ་དང་ལྕམ་སྲིང་བློན་འབངས་བཅས། །མཚོ་སྐྱེ་རྡོ་རྗེའི་གཡར་དམ་ཉེར་དགོངས་ཏེ། །རབ་ཏུ་དགྱེས་པས་འཛུམ་ཞལ་ངོམས་བཞིན་དུ། །ཐོགས་པ་མེད་པར་གནས་འདིར་གཤེགས་སུ་གསོལ། །རང་གི་མདུན་དུ་རང་རང་དགྱེས་བསྐྱེད་པའི། །མཐོ་བརྟན་མཛེས་པའི་གདན་ཁྲི་ཕུན་ཚོགས་ལ། །ཇི་སྲིད་མཐུན་རྫས་མཆོད་པ་འབུལ་གྱི་བར། །དེ་སྲིད་དགྱེས་བཞིན་བརྟན་བར་བཞུགས་སུ་གསོལ། །མཆོད་པ་འབུལ་བ་ནི།སྣང༷་སྟོང་ཚོགས་པའི་རོལ་བ་ལས་བྱུང་པའི། །སྣང༷་ལ་རང་བཞིན་མེད་པའི་མཆོད་ཡོན་འདི། །སྣང༷་སྲིད་དྲེགས་པའི་རྗེ་བོ་འཁོར་བཅས་ཀྱིས། །སྣང༷་བ་རབ་ཏུ་སིམ་ཕྱིར་བཞེས་སུ་གསོལ། །ཨོཾ་མ་ཧཱ་དེ་ཝ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨ຋ᨗ་བྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ནས་ཞབས་བསིལ་དང་བདྱཾ་དོར་ཏེ། རོལ་མོ་དང་ཤཔྟའི་བར་གྱིས་མཆོད། བསྡུ་ན་སྔགས་ཙམ་གྱི་མཆོད་པ་ཕུལ་ཀྱང་རུང༌། བསྟོད་བ་ནི།
རྣམ༷་མང་དམ་པའི་སྤྱན་སྔར་རྒྱལ་བའི་བསྟན། །རྣམ༷་ཀུན་སྐྱོང་བར་ཞལ་བཞིས་གཡར་དམ་ཅན། །རྣམ༷་དཀར་ཕྱོགས་སྐྱོང་གཉན་ཆེན་དགྲ་ལྷའི་དབང༌། །རྣམ༌མང་འཁོར་ཚོགས་བཅས་ལ་བདག་བསྟོད་དོ། །དེ་ནས་བཤགས་པ་བྱ་བ་ནི། ཡིག་བརྒྱ་ཉེར་གཅིག་སོགས་བཟླས་ཏེ། ཧཱུཾ་རྒྱལ་ཀུན་འདུས་ཞལ་པདྨ་ཀཱ་ར་སོགས། །རྩ་བརྒྱུད་བླ་མ་ཡིད་དམ་ཞི་ཁྲོ་ལྷ། །དཔའ་བོ་མཁའ་འགྲོ་བཀའ་སྡོད་སྲུང་མའི་ཚོགས། །གཉན་རྗེ་ཡུམ་སྲས་འཁོར་བཅས་བདག་ལ་དགོངས། །ཡ་མཐའ་གཏུགས་མེད་དུས་ནས་མཚན་འཛིན་གྱི། །བྲན་དུ་གྱུར་བས་སྡོམ་གསུམ་བཅས་མཚམས་སོགས། །བཅས་དང་རང་བཞིན་ཁ་ན་མ་ཐོ་བའི། །སྒོ་གསུམ་ཉེས་པའི་ཚོགས་ཀུན་མཐོལ་ཞིང་བཤགས། །ཁྱད་པར་ཐེགས་པའི་སྡེ་དཔོན་འཁོར་བཅས་ལ། །སྙིང་ནས་བརྙས་སྨོད་ཁྱད་གསོལ་སྐུར་བ་འདེབས། །བསང་མཆོད་ཚུལ་མཐུན་མ་ཕུལ་མི་གཙང་སྦགས། །དུས་དང་རྒྱུན་གྱི་ཉམས་ཆགས་མཐོལ་ལོ་བཤགས། །གང་གི་ཉེ་འཁོར་ས་བརྐོ་ཆུ་དཀྲུག་དང༌། །ཤིང་བཅད་རོ་བསྲེག་ཐབ་གཞོབ་བགྱིས་པ་དང༌། །བྱ་དང་རི་དྭགས་ཉ་སྲམ་བསད་པ་སོགས། །ཐུགས་དང་འགལ་བའི་ནོངས་པ་མཐོལ་ལོ་བཤགས། །མདོར་ན་བཤགས་བྱ་བཤགས་བྱེད་བཤགས་མཁན་རྣམས། །བདེན་དངོས་གྲུབ་པ་རྡུལ་ཙམ་མ་མཆིས་ཀྱང༌། །སྒྱུ་མ་བཞིན་དུ་སྣང་བའི་ཉེས་པའི་ཚོགས། །སྤྲོས་བྲལ་ཆོ་དབྱིངས་ཀློང་དུ་བཤགས་པར་བགྱི། །དེ་ནས་ཐུགས་དམ་བསྐང་བ་ནི། ཧཱུཾ་མི་འགྱུར་ཆོས་དབྱིངས་ཀུན་གསལ་ཡངས་པའི་ངོར། །ཏིང་འཛིན་སྔགས་རྒྱས་སྤྲིན་སྔོན་བརྩེགས་པ་ལས། །མཁོ་དགུ་ཟད་མི་ཤེས་པའི་གྲུ་ཆར་གྱིས། །གཉན་རྗེའི་ཐུགས་ཀྱི་ཆུ་གཏེར་རྒྱས་གྱུར་ཅིག །གནམ་སྔོན་ཞུན་མར་འཁྱིལ་བར་འགྲན་བཟོད་པའི། །ཡན་ལག་བརྒྱད་ལྡན་ལྷ་ཡི་མཆོད་ཡོན་དང༌། །མདོག་ལེགས་འོད་འབར་དྲི་བཟང་རྫོགས་པ་ཡི། །ཆུ་སྐྱེས་ཕྲེང་བ་ཐང་མར་བརྡལ་བ་འདིས། །གཉན་རྗེ་དགྲ་ལྷའི་རྒྱལ་བོའི་ཐུགས་དམ་བསྐངས། །གསང་ཡུམ་སྲས་བློན་འཁོར་བཅས་ཐུགས་དམ་བསྐངས། །ཐུགས་དམ་བསྐང་ཞིང་བདག་ཅག་དཔོན་སློབ་ཀྱི། །ལས་བཞི་ལྷུན་གྱིས་འགྲུབ་པའི་སྡོང་གྲོགས་མཛོད། །མ་ལ་ཡ་ཡི་བསུང་ཞིམ་རྗེས་འགྲོ་བའི། །བརྒྱ་ཕྲག་སྤོས་སྣ་བསྲེགས་པའི་དུད་སྤྲིན་དང༌། །འབུམ་ཕྲག་ཉི་མའི་འོད་ལ་ཅོ་འདྲི་བའི། །སྒྲོན་མེའི་ཕྲེང་བ་ཚར་དུ་དངར་བ་འདིས། །གཉན་རྗེ༌྾ག་བུར་ལ་སོགས་དྲི་བཟང་གིས་བསྒོས་པའི། །སྤོས་ཆུའི་མཚོ་ཆེན་འཁྱིལ་བའི་དྲི་ཆབ་དང༌། །དཀར་མངར་ཟས་སྣ་རི་དབང་ལྟར་སྤུངས་པའི། །རོ་བརྒྱའི་དཔལ་འཛིན་ཞལ་ཟས་དམ་པ་འདིས། །གཉན་རྗེ༌྾བི་ཝཾ་གླིང་བུ་སིལ་སྙན་རྫ་རྔ་སོགས། །འབུད་དཀྲོལ་བརྡུང་བའི་སྙན་པའི་རོལ་མོ་དང༌། །དབང་པོ་ལྔ་ལ་དགའ་པའི་དཔལ་སྟེར་བའི། །གཟུགས་སྒྲ་དྲི་རོ་རེག་བྱའི་མཆོད་པ་འདིས། །གཉན་རྗེ༌྾གཟི་འོད་འཕྲོ་བའི་སྟག་ཟིལ་རི་དབང་ལ། །རིན་ཆེན་སྒ་སྲབ་དར་གྱིས་ཉེར་སྦྲས་ནས། །རྫུ་འཕྲུལ་ལྡན་ན་ཆ་ཙམ་མཚོན་ནུས་པ། །གླིང་བཞི་ཡུད་ཀྱིས་བསྐོར་བའི་རྟ་ནག་འདིས། །གཉན་རྗེ༌྾རྟ་དྲེལ་ར་ལུག་འབྲོང་གཡག་ཞོལ་མོ་དང༌། །གླང་ཆེན་སྟག་གཟིགས་དོམ་དྲེད་འཕར་སྦྱང་ཁྱི། །ཁ་ལྔ་པ་དང་རྣམ་མང་རི་སྐྱེས་ལ། །དར་ཟབ་ཀྱིས་བརྒྱན་སྲོག་ཆགས་སྣ་ཚོགས་ཀྱིས། །གཉན་རྗེ༌྾ཀ་ལ་པིང་ག་ཁྲུང་ཁྲུང་ངང་ངུར་དང༌། །འབུམ་སྒྲས་མངལ་འཛིན་འདབ་ཆགས་ལྕེ་གཉིས་པ། །ཀ་དཾ་པ་དང་ཀོ་ཀི་ལ་ལ་སོགས། །ལྷ་ལམ་གང་བའི་འཕུར་འགྲོའི་ཁྱུ་ཚོགས་འདིས། །གཉན་རྗེ༌྾རིན་ཆེན་ལྷུན་པོ་ཉི་ཟླ་བཅུ་གཉིས་གླིང་། །རྒྱལ་སྲིད་སྣ་བདུན་ཉེ་བའི་རིན་ཆེན་བདུན། །རིན་ཆེན་སྣ་བདུན་རིན་ཆེན་ཆ་བདུན་དང༌། །བཀྲ་ཤིས་རྟགས་བརྒྱད་བཀྲ་ཤིས་རྫས་བརྒྱད་ཀྱིས། །གཉན་རྗེ༌྾དགྲ་སྙིང་ལྐོག་མར་འབྱིན་པའི་དར་མདུང་དང༌། །གང་བསམ་འདོད་པ་འཇོ་བའི་བུམ་པ་བཟང༌། །མངའ་དར་དགྲ་སྟ་རལ་གྲི་ཞགས་པ་དང༌། །རིན་ཆེན་གྱིས་བཀང་ནོར་གཞུང་འོད་འབར་འདིས། །གཉན་རྗེ༌྾རྡོ་རྗེའི་གོ་ཁྲབ་དར་དཀར་རལ་གུ་དང༌། །རིན་ཆེན་བྲོག་ཞུ་སྟག་རལ་གཟིག་ཤུབས་དང༌། །སག་ལྷམ་གསེར་སྐེད་དར་གྱི་ན་བཟའ་དང༌། །གཡུ་བྱུར་དུང་གི་རྒྱན་ཕྲེང་སྣ་ཚོགས་འདིས། །གཉན་རྗེ༌྾ཁ་དོག་དྲི་རོ་ཕུན་ཚོགས་གཏོར་མ་དང༌། །ཞིམ་མངར་འཛོམས་པའི་ཆ་ཆང་གཙང་མའི་སྐྱེམས། །ཤིང་སྣ་འབྲུ་སྣ་ཟས་སྣ་གོས་སྣ་སོགས། །བསྲེག་པའི་དུད་སྤྲིན་ཆུ་མཐོང་གང་བ་འདིས། །གཉན་རྗེ༌྾མདོར་ན་མཁོ་དགུ་བཟད་དགུ་ཕུན་ཚོགས་པའི། །ལྷ་དང་མི་ཡི་འབྱོར་བ་མ་ཚང་མེད། །འཛད་མེད་ནམ་མཁའ་མཛོད་ཀྱི་རང་བཞིན་ཅན༌། །བསམ་བརྗོད་ཡུལ་ལས་འདས་པའི་མཆོད་ཚོགས་ཀྱིས། །གཉན་རྗེ༌྾སྡོང་གྲོགས་མཛོད། །ཅེས་ཐུགས་དམ་བསྐངས་ནས།ལས་ལ་བསྐུལ་བར་འདོད་ན།ཧཱུཾ་སྣང་སྲིད་དྲེགས་པ་ཡོངས་ཀྱི་རྗེ། །སྔོན་ལྷ་གཡུ་རྩེ་མཐུ་བོ་ཆེ། །བཀའ་ཡི་ལས་བྱེད་ཕོ་ཉ་བ། །གདུག་པའི་རུ་འདྲེན་དམག་གི་དཔུང༌། །ཞེས་པ་ནས།རྗེས་མེད་ཐལ་བ་རླུང་ལ་བསྐུལ། །མདོར་ན་རྩ་རྒྱུད་བླ་མའི་བཀའ། །ཁས་བླང་རྡོ་རྗེའི་ཐ་ཚིག་བཞིན། །གཡེལ་མེད་འཕྲིན་ལས་བསྒྲུབ་པ་ཡི། །དུས་ལ་བབ་པོ་ས་མ་ཡ། །ཞེས་རྗེ་བསྟན་བའི་སྒྲོན་མའི་གསུང་འདིས་དྲག་ཏུ་བསྐུལ།དེ་ནས་བཟློག་པ་ནི། ཧཱུཾ་གཉན་ཆེན་དགྲ་ལྷའི་རྒྱལ་པོ་འཁོར་བཅས་ཀྱིས། །དམ་རྫས་མཆོད་གཏོར་རྒྱ་མཚོ་འདི་བཞེས་ལ། །མཐུ་སྟོབས་ནུས་པའི་དཔུང་ཚོགས་ཆེར་བསྐྱེད་ནས། །བཟློག་བསྒྱུར་འཕྲིན་ལས་མཛད་པའི་དུས་ལ་བབས། །བསྟན་པའི་སྤྱི་དགྲ་རྣལ་འབྱོར་དགོས་དགྲ་བཟློག །མི་བསྲུན་སྐྱེ་བོའི་བསམ་སྦྱོར་ངན་པ་བཟློག །མནན་གཏད་བསྲེགས་སོགས་བྱད་ཁ་ཕུར་ཁ༌྾ལོ་ཟླ་ཞག་དང་ཟ་མའི་གེག་སྲི༌྾།སྲོག་ལུས་དབང་ཐང་རླུང་རྟ་རྒུད་པ༌྾ །རླུང་མཁྲིས་བད་ཀན་ལ་སོགས་ནད་རིམས༌྾ །མི་ནད་ཕྱུགས་ནད་གཅན་གཟན་འཚེ་བ༌྾རྐུ་འཕྲོག་རྩོམ་པའི་ཕ་རོལ་དགྲ་བོ་྾ །ས་ཆུ་མེ་རླུང་འབྱུང་བའི་གནོད་པ་྾ །ཐོག་སེར་ཁ་སྨྲས་མི་ཁ་བྲམ་མཆུ་྾ །མི་མཐུན་རྒུད་པའི་དཔུང་ཚོགས་ཐམས་ཅད་྾ །བཟློག་གོ་སྡིག་ཅན་དགྲ་དང་བགེགས་ལ་བཟློག།།བསྒྱུར་རོ་སྡིག་ཅན་དགྲ་དང་བགེགས་ལ་བསྒྱུར། །བཟློག་བསྒྱུར་དུས་ལ་བབ་པོ་ས་མ་ཡ། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །ཧཱུཾ་མཐུན་པའི་དངོས་གྲུབ་མ་ལུས་པ། །དུས་འདིར་བདག་ལ༌྾ །རྒྱས་པར་མཛོད་ཅིག་ཡུལ་ལྷའི་ཚོགས། །དེ་ནས་གཏོར་མ་འབུལ་བ་ནི། གཉན་རྗེ་འཁོར་དང་བཅས་པའི་ལྗགས་རྡོ་རྗེའི་འོད་ཟེར་གྱི་སྦུ་སུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། སྔར་གྱི་མཆོད་སྔགས་ལ་ཨི་དམ་བ་ལིཾ་ཏ་བཏགས་བ་འམ། ཨ་ཀཱ་རོ་བདུན་གྱིས་གཏོར་མ་ཕུལ། སྔར་ལྟར་མཆོད། དེ་ནས་བསྟོད་པ་ནི། །ཧཱུཾ། རྣམ་མང་རིན་ཆེན་བརྩེགས་པའི་གཞལ་ཡས་སུ། །གྲུབ་དབང་པདྨའི་བཀའ་ལུང་ཡིད་བཞིན་ནོར། །མིག་འཛིན་རྒྱན་དུ་བཀོད་ནས་རྒྱལ་བའི་བསྟན། །སྲུང་མཛད་དྲེགས་པའི་སྡེ་དཔོན་ཁྱོད་ལ་བསྟོད། །རབ་བརྗིད་ཨནྡྲི་ནཱི་ལའི་ལྷུན་བོ་ལ། །གཟི་ལྡན་ཉིན་བྱེད་འབུམ་གྱིས་འཁྱུད་པ་བཞིན། །བལྟ་བའི་མི་བཟོད་ཁྲོ་གཏུམ་བརྗེད་བའི་སྐུ། །གཉན་ཆེན་དགྲ་ལྷའི་དབང་པོ་ཁྱོད་ལ་བསྟོད། །ཕྱག་གཡས་དར་མདུད་ནམ་མཁའི་དབྱིངས་སུ་ཕྱར། །གཡོན་བས་འདོད་འཇོའི་བུམ་བཟང་ཐུགས་ཀར་འཛིན། །སྐུ་ལ་སྟག་ཐུལ་གཡུ་ཁྲབ་གསེར་ཞོལ་མནབས། །དབུ་ལ་རིན་ཆེན་རྨོག་ཞུ་གསོལ་ལ་བསྟོད། །རྣོ་ལྡན་ཉག་ཕྲན་གྱིས་བཀང་སྟག་རལ་དང༌། །གནམ་རུ་དང་བཅས་གཟིག་ཤུབ་སྐེད་ལ་བཅིངས། །སག་ལྷམ་གྱོན་ནས་མྱུར་མགྱོག་རྟ་ནག་སྟེང༌། །དར་བེར་རིན་ཆེན་རྒྱན་གྱིས་བརྒྱན་ལ་བསྟོད། །ཡུམ་ཆེན་མ་མ་ལི་གུ་དུང་ལྟར་དཀར། །ཕྱག་གཡས་མདའ་དར་གཡོན་པས་ནོར་གཞོང་འཛིན། །སྣ་ཚོགས་དར་གྱི་ན་བཟའ་ལྷབ་ལྷུབ་གཡོ། །ཤ་རྒྱས་སྤུ་སྡུག་ཡུ་མོ་ཆིབས་ལ་བསྟོད། །གཉན་གྱི་སྲས་མཆོག་དོན་ཡོད་ཐོ་རེ་རྒྱལ། །སྐུ་མདོག་དཀར་དམར་ལྷའི་བུའི་ཁེངས་བ་འཕྲོག །དར་མདུང་ཞགས་པ་འཛིན་ཅིང་ན་བཟས་མཛེས། །གཡུ་འབྲུག་སྔོན་པོ་ཆིབས་པའི་སྲས་ལ་བསྟོད། །དཔའ་བའི་སྲས་དང་ལྷ་སྨན་སྲས་མོ་དང༌། །དཔའ་གཏུམ་བློན་དང་གཉན་དམག་བྱེ་བ་འབུམ། །སྒོ་སྲུང་བྱ་ར་འཕྲེང་སེལ་ཕྱོགས་མཚམས་གྱི། །རྣམ་མང་འཁོར་ཚོགས་རྒྱ་མཚོར་བཅས་ལ་བསྟོད། །ཅེས་པ་དང༌། སྤྲོ་ན། ཀ་ཀ་ནཱི་ཨིནྡྲ་ནཱི་ལའི་མིང་གི་རྣམ་གྲངས་ལའི་རི་དབང་ལྟར་བརྗིད་སྐུ། །ཁ་ཏོག་སྣ་ཚོགས་དར་གྱི་ན་བཟས་ཀླུབས། །ག་གཱའི་རྡུལ་རྙེད་གཉན་དམག་འབུམ་སྡེའི་དབུས། །ང་རྒྱལ་དྲེགས་པའི་ཉམས་ཀྱིས་འགྱིང་ལ་བསྟོད། །ཅ་ཅོའི་ཀླུ་ལེན་གསང་བའི་ཡུམ་ཆེན་དང༌། །ཆ་ལུགས་ངེས་མེད་ལྕམ་སྲིང་བློན་འབངས་སོགས། །ཇ་ཤིང་གསར་བའི་འདབ་མ་ལྟར་ལྗང་དང༌། །ཉ་རྒྱས་ལྟར་དཀར་ན་བཟས་མཛེས་ལ་བསྟོད། །ཏ་ཐཱ་ག་ཏའི་ཞལ་སྐྱིན་པད་འབྱུང་དྲུང༌། །ཐ་ཚིག་གཉན་པོ་ཞལ་བཞེས་ཉེར་དགོངས་ནས། །ད་ལྟ་བདག་ཅག་དཔོན་སློབ་ལྟོས་བཅས་ལ། །ན་འཆིའི་འཇིགས་པ་རིང་དུ་བསྐྲད་ལ་བསྟོད། །པ་ཏྲ་ལྟ་བུར་འཁྱོགས་བའི་སེམས་ལྡན་བའི། །ཕ་རོལ་མི་བསྲུན་དགྲ་སྡེའི་དཔུང་གི་ཚོགས། །བ་མོ་ཉི་མའི་ཟེར་དང་འཕྲད་པ་བཞིན། །མ་ལུས་མྱུར་དུ་འཇོམས་མཛད་ཁྱོད་ལ་བསྟོད། །ཙ་ཏུར་འཕྲིན་ལས་རྟ་བདུན་འོད་དམར་གྱིས། །ཚ་གྲང་ནད་རིམས་མུན་ཚོགས་མཐར་བསྐྲད་ནས། །ཛ་ཏིའི་དྲི་ཡིས་བུང་བ་བཀུགས་པ་བཞིན། །ཝ་ལེར་དྲེགས་ལྡན་འགུགས་པར་མཛད་ལ་བསྟོད། །ཞྭ་གོས་རྒྱན་ཆ་གསེར་དངུལ་དར་ཟབ་དང༌། །ཟ་མ་ཤ་ཆང་ཟས་སྣ་སྣ་ཚོགས་དང༌། །འ་འུར་ཆུད་པའི་བྲན་གཡོག་འཁོར་འབངས་སོགས། །ཡ་རབས་སྲོལ་བཟང་རྒྱས་པར་མཛད་ལ་བསྟོད། །རྭ་བ་ཀུན་ཏུ་ནོར་བྱུགས་ཁྱུ་འཁྲིགས་ཤིང༌། །ལ་ལུང་སྐྱེ་བོ་ཀུན་གྱིས་སྤྱི་བོར་བཀུར། །ཤ་ཟ་འབྱུང་བོ་བདུད་བགེགས་གནོད་པ་ལས། །ས་ཕྱོགས་འདིར་གནས་སྲུང་པར་མཛད་ལ་བསྟོད། །ཧ་ཅང་བརྩོན་པ་ཆེན་པོས་ལྷ་ཁྱོད་ལ། །ཨ་མྲྀ་ཏ་ཡི་རང་བཞིན་མཆོད་གཏོར་ཚོགས། །གུས་པས་འབུལ་ལོ་དགྱེས་བཞིན་ལེགས་བཞེས་ནས། །སྲུང་སྐྱོབ་བྱ་ར་ནམ་ཡང་མ་གཡེལ་ཞིག །ཅེས་པས་བསྟོད། འཕྲིན་ལས་བཅོལ་བ་ནི། ཧཱུཾ་གྲུབ་བའི་དབང་ཕྱུག་མཚོ་སྐྱེས་རྡོ་རྗེ་དང༌། །འཇམ་དཔལ་དབྱངས་དངོས་བཞད་པའི་རྡོ་རྗེ་སོགས། །རྩ་བརྒྱད་བླ་མའི་ཚོགས་ཀྱིས་བཀའ་བསྒོས་བཞིན། །བདག་གིས་གང་བཅོལ་ལས་རྣམས་འགྲུབ་པར་མཛོད། །ཕན་བདེའི་གཞི་རྟེན་ཉི་མའི་གཉེན་གྱི་བསྟན། །བཤད་དང་སྒྲུབ་པའི་སྒོ་ནས་རབ་རྒྱས་ཤིང༌། །དེ་ཉིད་འཛིན་སྐྱོང་སྤེལ་བའི་སྐྱེས་མཆོག་རྣམས། །ཞབས་པད་བརྟན་ཅིང་འཕྲིན་ལས་རྒྱས་བར་མཛོད། །ཞིང་གི་མཆོག་གྱུར་དགེ་འདུན་འདུས་སྡེ་རྣམས། །ཐུགས་མཐུན་ཁྲིམས་གཙང་བཤད་སྒྲུབ་བྱ་བ་འཕེལ། །ནོར་འཛིན་ཡངས་པའི་སྐྱེ་བོ་མ་ལུས་བ། །རྫོགས་ལྡན་དུས་བཞིན་དགའ་བདེས་འཚོ་བར་མཛོད། །ཁྱད་བར་བདག་ཅག་དཔོན་སློབ་ལྟོས་བཅས་ཀྱི། །ནད་གདོན་བྱད་ཕུར་གེག་སྲི་ཡུལ་འཁྲུག་སོགས། །མི་འདོད་ཉེར་འཚེའི་རྒུད་པའི་སྤྲིན་ནག་ཚོགས། །མཐུ་སྟོབས་འཐོར་རླུང་དྲག་པོས་བསྐྲད་པར་མཛོད། །བདེ་སྐྱིད་ཚེ་བསོད་དཔལ་འབྱོར་ཀླུང་རྟ་དང༌། །མངའ་ཐང་སྙན་གྲགས་རིགས་རྒྱུད་སྟོབས་འབྱོར་སོགས། །དབྱར་གྱི་དཔལ་མོར་འགྲོགས་པའི་ཆུ་གཏེར་བཞིན། །ཆེས་ཆེར་འཕེལ་ཞིང་རྒྱས་པའི་འཕྲིན་ལས་མཛོད། །མི་ནོར་ཟས་གོས་འཁོར་འབངས་ཆབ་སྲིད་དང་། །ཡིད་ལ་བསམ་བའི་དོན་རྣམས་མ་ལུས་པ། །གཉིས་འཐུང་དབང་བོ་ལྕགས་གྱུས་དྲངས་པ་ལྟར། །མྱུར་དུ་དབང་དུ་འདུ་བའི་འཕྲིན་ལས་མཛོད། །འཇམ་བུས་རྐུ་དང་དངོས་སུ་འཕྲོག་པ་དང༌། །གཉའ་ནས་གནོན་ཞིང་ཐད་ནས་དངོས་རྒོལ་བའི། །བསམ་ངན་སྦྱོར་རྩུབ་དགྲ་སྡེའི་དཱ་ནའི་བུ། །དྲག་སྦྱོར་རྩེ་བརྒྱས་རྡུལ་དུ་བརླག་པར་མཛོད། །ལྷ་ཁྱོད་བསྟེན་པའི་ཚེ་ན་སྙིང་མ་རིང༌། །ལྷ་ཁྱོད་བོས་བའི་ཚེ་ན་སྙན་མ་སྲ། །ལྷ་ཁྱོད་བསྐུལ་བའི་ཚེ་ན་བང་མ་བུལ། །ལྷ་ཁྱོད་རྦད་པའི་ཚེ་ན་མཐུ་མ་ཆུང༌། །གཞིས་སུ་འདུག་ཚེ་ལུགས་གཉིས་འབྱོར་བ་རྒྱས། །ལམ་དུ་བགྲོད་ཚེ་འཇིགས་སྒྲོལ་བསུ་སྐྱེལ་དང༌། །བྱེས་སུ་འདོད་པའི་དོན་རྣམས་འགྲུབ་པ་སོགས། །ཉིན་མཚན་དུས་དྲུག་སྲུང་སྐྱོབ་གཡེལ་མེད་མཛོད། །མདོར་ན་གཉན་རྗེའི་མཐུ་བྱིན་འོད་སྟོང་གིས། །མི་མཐུན་རྒུད་པའི་སྨག་རུམ་ཉེར་བསལ་ཏེ། །ཆོས་སྲིད་འབྱོར་བའི་བད་ཚལ་རབ་བཞད་ནས། །ཕུན་ཚོགས་སྡེ་བཞིའི་སྦྲང་རྩི་རྒྱས་པར་མཛོད། །ཅེས་འཕྲིན་ལས་བཅོལ། གཏང་རག་གི་མཆོད་བསྟོད། ཡིག་བརྒྱ། ནོངས་པ་བཟོད་གསོལ། བརྟན་བཞུགས་སམ།གཤེགས་གསོལ་སོགས་སྤྱི་འགྲོ་ལྟར་བྱས་ནས།ཤིས་པ་བརྗོད་པའི་མེ་ཏོག་གི་ཆར་དབབ་པར་བྱའོ། །སྨྲས་བ། ཕུན་ཚོགས་ལུགས་བརྒྱའི་དྲི་བཟང་རྫོགས་པ་ཡི། །ཡིད་ལ་བསམ་བའི་རེ་འབྲས་འདབ་བརྒྱའི་ཁ། །ཅི་དགར་བཞད་པ་ཡུལ་ལྷའི་འཕྲིན་ལས་ལ། །རེག་ཕྱིར་མཆོད་ཆོག་འདི་ཡང་དོན་ཆུང་མིན། །འདི་ན་འགའ་ཞིག་འཇིག་རྟེན་ལྷ་སྲུང་ལ། །མཆོད་གཏོར་ཕུལ་བ་སྐྱབས་འགྲོའི་གཏོང་རྒྱུ་ཞེས། །མུ་ཅོར་སྨྲ་མོད་གཏན་སྐྱབས་བཟུང་མིན་པར། །མཐུན་གྲོགས་བཅོལ་ལ་འགལ་བ་མ་མཆིས་སོ། །འདིར་འབད་ལེགས་བྱའི་ཉི་མ་འོད་པོ་ཆེས། །གཉན་རྗེའི༌ཐུགས་ཀྱི་པད་ཚལ་རབ་བཞད་མཐུས། །ལྟོས་བཅས་སྦྱིན་བདག་རྐང་དྲུག་ཁྱུ་ཚོགས་ཀྱིས། །བདེ་སྐྱིད་སྦྲང་རྩི་ངོམས་མེད་སྤྱོད་གྱུར་ཅིག །ཅེས་གནས་ཡུལ་སྐྱོང་བའི་གཉན་ཆེན་དགྲ་ལྷའི་རྒྱལ་པོ་སྔོན་ལྷ་གཡུ་རྩེའི་གསོལ་མཆོད་ཐུགས་དམ་བསྐངས་པའི་རིམ་པ་དགེ་ལེགས་བྱེ་བའི་གཏེར་མཛོད་ཅེས་བྱ་པ་འདི་ནི་ལུགས་གཉིས་གཟིགས་བའི་སྤྱན་རས་ཨུཏྤ་ལའི་འདབ་ལྟར་ཡངས་པ་བཀའ་བློན་ཆེན་པོ་བསོད་ནམས་བསྟན་འཛིན་ཀྱིས་ལན་གྲངས་དུ་མར་བསྐུལ་བའི་ངོ་མ་བཟློག་བར།ྋདབྱངས་ཅན་བཞད་པས། སྦྱོར་བ་བཞི་ལྡན་ཐབས་ཀྱི་མཆོག །ཅེས་གསུངས་བ་ལྟར། ཡུལ་ལྷ་ལ་མཆོད་གཏོར་ཕུལ་ཏེ་འཕྲིན་ལས་བཅོས་བ་དོན་ཆེ་བར་གསུངས་པ་ཡིད་ལ་བཞག་ནས། ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བྲིས་པ་འདི་ཡང་ལྟོས་བཅས་སྦྱིན་བདག་རྣམས་ཀྱིས་བདེ་སྐྱིད་གྱི་དཔལ་ལ་ལོངས་སྤྱོད་བའི་རྒྱུར་གྱུར་ཅིག །།              །།པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།།               །།དགེའོ།།

དཔྱད་མཆན་སྤེལ།