༄༅།།ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་གི་ཕར་ཕྱིན་སྐབས་བཞི་པའི་འཛིན་གྲྭའི་བཅའ་ཡིག་ཀླུ་དབང་གཙུག་གི་ནོར་བུ་ཞེས་བྱ་བ་བཞུགས་སོ།།

༄༅། །བསླུ་མེད་དཀོ༷ན་མཆོ༷ག་མ་ལུས་འདུས་པའི་སྐུ། །མདོ་སྔགས་བསྟ༷ན་པ༷འི་ཆོས་ཚུལ་འདོམས་པའི་གསུང༌། །རྒྱ༷ལ་ཀུན་མཁྱེན་བརྩེའི་དགེ་མཚ༷ན་རྫོགས་པའི་ཐུགས། །ཐུབ་པའི་གདུང་འཚོབ་ཆེན་པོར་ཕྱག་བགྱིད་དོ། །བློ་གྲོས་དྲི་མེད་ཆུ་འཛིན་སྟུག་པོ་ལས། །མང་ཐོས་གློག་གི་ཞགས་པ་དང་འགྲོགས་པའི། །ལུང་རིགས་དབྱར་རྔས་སྐལ་ལྡན་མདོངས་མཐའི་ཚོགས། །ཚིམ་མཛད་ཆོས་ཀྱི་སྡེ་ཆེན་རྒྱལ་གྱུར་ཅིག །ཅེས་མཆོད་པར་བརྗོད་པ་སྔོན་དུ་བཏང་ནས། ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་གི་ཕར་ཕྱིན་སྟོན་མོ་བ་རྣམས་ཀྱི་བཅའ་བའི་རིམ་པ་མདོ་ཙམ་བརྗོད་པ་ལ། དེ་ཡང་སྡུག་བསྔལ་དང་ཀུན་འབྱུང་གི་ནད་མ་ལུས་པ་སེལ་བའི་རྩི་སྨན་གྱི་ལྗོན་པ་ཆེན་པོ་ནི་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉག་གཅིག་ཡིན་ལ། དེ་ཡང་འཛིན་སྐྱོང་བྱེད་པ་བཤད་སྒྲུབ་ཀྱི་སྡེ་ལ་རག་ལས་ཤིང༌། སྒྲུབ་པའི་བསྟན་པ་རང་རྒྱུད་ལ་བསྐྲུན་པར་བྱེད་པ་ལུང་སྡེ་སྣོད་གསུམ་གྱི་ཚིག་དོན་བྱང་ཆུབ་པ་ལ་རག་ལས་སོ། །དོན་དེ་ལ་དགོངས་ནས་རྒྱ་གར་དུ་དཔལ་ནཱ་ལེནྟྲ་སོགས་བཤད་སྒྲུབ་ཀྱི་སྡེ་མང་དུ་བཙུགས་ཤིང༌། གངས་ཅན་བོད་ཀྱི་ལྗོངས་འདིར་ཡང་ཐོག་མར་འཇིག་རྟེན་མིག་གཅིག་ངོག་ལོ་ཙྪ་བ་བློ་ལྡན་ཤེས་རབ་ཀྱིས་ལུང་རིགས་སྨྲ་བའི་བཤད་གྲྭ་གསར་དུ་བཙུགས། དེ་རྗེས་རིམ་གྱིས་དབུས་ཕྱོགས་སུ་གདན་ས་ཆེན་པོ་གསུམ་དང༌། མདོ་སྨད་དུ་བཀྲ་ཤིས་འཁྱིལ་སོགས་བཤད་གྲྭ་མང་དུ་ཚུགས་ཤིང༌། ཕྱིས་སུ་ཐུབ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ྋསྐྱབས་མགོན་དཀོན་མཆོག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་དེ་ཉིད་ཀྱིས་ཆོས་སྡེ་འདི་ཉིད་ཕྱག་འདེབས་མཛད་ནས། ལོ་འགའ་རེའི་མཚམས་སུ་ཕར་ཕྱིན་གྱི་གྲྭ་སྐོར་དང་ཆོས་སྟོན་བྱེད་རྒྱུའི་སྲོལ་གདན་ས་ཆེན་པོ་རྣམས་ཀྱི་ཕྱག་བཞེས་ལྟར་བཙུགས་པ་ཡིན་ནོ། །སྐབས་བབས་དགོས་དོན་གྱི་དབང་དུ་བྱས་ན། མདོ་ལས། རྒྱལ་བ་འདས་དང་མ་བྱོན་ཕྱོགས་བཅུ་གང་བཞུགས་དང༌། །ཀུན་ལམ་ཕ་རོལ་ཕྱིན་པ་འདི་ཡིན་གཞན་མ་ཡིན། །ཞེས་གསུངས་པ་ལྟར། དུས་གསུམ་དུ་གཤེགས་ཤིང་གཤེགས་བར་འགྱུར་པའི་རྒྱལ་བ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་པོ་ཆེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་ཐོས་བསམ་མཐར་ཕྱིན་པའི་འབྲས་རྟགས་སུ་ཕར་ཕྱིན་གྲྭ་སྐོར་དང་ཆོས་ཀྱི་དགའ་སྟོན་བྱེད་རྒྱུའི་རིམ་པ་ལ། ས་ཀ་ཟླ་བའི་བཅོ་ལྔ། ཟླ་བ་ལྔ་པའི་བཅུ་གསུམ། ཟླ་བ་དྲུག་པའི་ཚེས་དྲུག ཟླ་བ་དགུ་པའི་ཉེར་གཉིས། ཟླ་བ་བཅུ་པའི་ཉེར་ལྔ་སོགས་སུ་དུས་མཆོད་དང་གདུང་མཆོད་རྣམས་ལ་འཛིན་གྲྭ་ཚང་མ་འབྱོར་ཚོགས་ཀྱིས་འཚོགས་ནས། ཞལ་འདོན་གྱི་རིམ་པ་ལ། ཐོག་མར་སྐྱབས་འགྲོ་རྒྱས་པ་དབྱངས་དང་བཅས། དེ་ནས་སྐབས་གསུམ་པ། དཔལ་ལྡན་ས་གསུམ་མ། དགའ་ལྡན་ལྷ་བརྒྱ་མ། དཀོན་མཆོག་རྒྱལ་བ་མ་དང༌། ཚོགས་གཉིས་ཟླ་བ་མ་གཉིས་རེས་མོ། །སངས་རྒྱས་ཀུན་དངོས་མ་དང༌། བྱི་རིའི་ས་འཛིན་མ་གཉིས་རེས་མོ་འདི་རྣམས་ལ་བར་རྟ་འཐེན། དེ་ནས་ཡོན་ཏན་གཞིར་གྱུར་མ་རྒྱུན་དུ་གསུངས། དེ་ནས་བླ་མ་མཆོད་པའི་བདེ་ཆེན་ངང་ལས་ནས། སྐྱབས་མགོན་དམ་པ་འཁོར་བཅས་གཤེགས་སུ་གསོལ། ཞེས་བའི་བར་དང༌། དེ་ནས་ཁྲུས་གསོལ་རྒྱས་པ་དབྱངས་དང་བཅས། གང་གི་ཐུགས་རྗེས་ནས། ཞིང་རྡུལ་མཉམ་པའི་ལུས་སྤྲུལ་ཕྱག་འཚལ་ལོ། །
ཞེས་པའི་བར་དང༌། དེ་ནས་གནས་བཅུ། སངས་རྒྱས་སྤྲུལ་བ་མ་བཞག །དེ་ནས་སྐྱབས་མགོན་རྗེ་བཙུན་ནས། ལྷ་མོས་ཕྱོགས་ཀུན་ཁྱབ། །ཅེས་པའི་བར་དང༌། དེ་ནས་མཎྜལ་རྒྱས་བ་འབུལ། དེ་ནས་བྱེ་བ་ཕྲག་བརྒྱའི་ནས། འབངས་སུ་བཟུང་དུ་གསོལ། །དེ་ནས་ལྟུང་བཤགས། སྤྱི་བཤགས། ལུས་ཀྱི་ལས་ནི་མ་སོགས་དང༌། ཐོག་མེད་དུས་ནས་མི་དགེ་ནས།རྡོ་རྗེ་འཆང་དབང་ཐོབ་ཕྱིར་བསྔོ༌། །དེ་ནས་ཇ་མཆོད་འདྲེན་པ་མཉམ་མེད་མ་གསུངས་ཏེ་ཇ་བཞེས། ཚོགས་གྲོལ་ཏེ་ཤོག་ཀའི་དམ་བཅའ་བཙུགས་ཏེ་དམ་བཅའ་རྒྱུན་རིང་བྱེད། དེ་ནས་གུང་ཚིག་ལ་འཚོགས། རྟེན་འབྲེལ་བསྟོད་པ། ཆོས་སྤྱོད་གཞན་རྣམས་རེས་མོ་བྱས་ཏེ་ཚང་མ་འགྲོ་བར་བྱེད། དེ་ནས་ཇ་མཆོད་འདོད་དགུའི་ཆར་འབེབས་མ་གསུངས་ཏེ་ཇ་བཞེས། དེ་ནས་རིགས་ལུང་ཆོས་སྤྱོད་གསུངས་ཏེ། ཚོགས་གླེང་རིགས་གྲྭ་ཆེན་མོ་ལྟར་གང་རྒྱས་བྱེད། དེ་ནས་ཡོན་ཏན་འབྱུང་གནས་ནས། བྱིན་གྱིས་བརླབ་པར་གྱུར། །ཞེས་པའི་བར་དང༌། དེ་སྐབས་ཁྱོད་ནི་བླ་མ་མ་དབྱངས་འཐེན། དེ་ནས་མངོན་རྟོགས་རྒྱན། ལམ་རིམ་གསོལ་འདེབས། ལམ་རིམ་བསྡུས་དོན་རྣམས་རྒྱུན་དུ་གསུངས། ཚོགས་གྲོལ་ཏེ་གུང་ཚིགས་དམ་བཅའ་ཚུགས། ཡར་འཚོགས་ནས། ཞིང་མཆོག་དམ་པ་ནས། ཤེས་རབ་ཕར་ཕྱིན་རྫོགས་པར་བྱིན་གྱིས་རློབས། དེ་ནས་དབུ་མ་འཇུག་པ་གསུངས་ཏེ། ཆོས་འདོན་རྣམས་རེས་མོས། དེ་ནས་ཕྱི་ནང་ཆོས་རྣམས་ནས། ཀླུ་སྒྲུབ་དགོངས་དོན་རྟོགས་པར་བྱིན་གྱིས་རློབས། །དེ་ནས་མཚན་བརྗོད་གསུངས། །དེ་ནས་རྡོ་རྗེ་འཛིན་པའི་དེད་དཔོན་གྱི། །ནས། རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །ཅེས་པའི་བར་དང༌། ཚོགས་གྲོལ་ཏེ་དགོང་མོའི་དམ་བཅའ་ཚུགས། ཡར་འཚོགས་ཏེ་ཐོག་མཐའ་བ་སོགས་སྨོན་ལམ་རྣམས་རེས་མོས་བྱེད། དེ་ནས། སྲིད་ཞིའི་རྣམ་དཀར་ནས། ལྟར་བརྟན་བཀྲ་ཤིས་ཤོག །དེ་ནས། དགེ་ལྡན་བསྟན་འབར་མ་དང༌། བཀྲ་ཤིས་སྤོས་སྐོར་བྱེད། ལྔ་པའི་བཅུ་གསུམ་ལ་གུང་ཐང་གསང་རྣམ། བདུན་བའི་ཚེས་དྲུག་ལ་དམ་པ་གོང་མའི་གསང་རྣམ། ལྔ་མཆོད་ལ་རྗེའི་གསང་རྣམ་རྣམས་དབྱངས་རྟ་དང་བཅས་ཏེ་གསུངས། ཟླ་བ་བཅུ་གཅིག་པའི་བཅུ་བདུན་ལ་ཡར་འཚོགས་བྱས་ཏེ། སྐྱོར་དཔོན་དང་དབུ་མཛད་ནས་ཞྭ་རྩེ་བསྟར་མ་གྱོན་ནས་སྐྱོར་དཔོན་གྱིས་ཚོགས་ཆེན་ཞལ་ངོ་ལྟར་བྱེད། ཞལ་འདོན་ལ་གསོལ་འདེབས་དང༌། སྐུ་རིམ་རྣམ་གསུམ་གསུངས། སྐྱོར་དཔོན་གྱིས་ཚོགས་གཏམ་གཏོང། ཉི་ཤུ་ཐམ་བའི་ཉིན་དུས་བཟང་མི་དགོས། ཚོགས་ཆེན་ལ་ཇ་ཐུག་གཏོང་ཞིང༌། གུང་ཚིགས་ཚོགས་ལ་ཁྲི་རིན་པོ་ཆེ་ལ་སྣ་ཁ་འབུལ། ཚོགས་ཆེན་གྲོལ་འཕྲལ་ཉེ་ལོགས་རྣམས༌གདན་དྲངས་ཏེ་མང་ཇ་དང་འགྱེད་གཏོང༌། ཞལ་འདོན་གསོལ་འདེབས་དང་གཏོར་འབུལ་གསུངས། ཇ་དང་པོའི་ཐོག་ལ་སྐྱོར་དཔོན་གྱིས་ཚོགས་གཏམ་ཞིང་རྒྱས་གཏོང༌། དེ་ནས་མངོན་རྟོགས་རྒྱན་སྐབས་དང་པོ་གསུངས། དེ་ནས་སངས་རྒྱས་སྤྲུལ་བ་མ་དང༌། དེ་ནས་བཀྲ་ཤིས་སྤོས་སྐོར་བྱེད། ཚོགས་གྲོལ་ནས་འཛིན་གྲྭ་ཉེ་ལོགས་དང་བཅས་ལས་སེར་ཕྲེང་བྱས་ཏེ། རྡོ་བཅའ་གྲྭ་ཚང་འཚོགས་བའི་དབུས་སུ་དམ་བཅའ་འཇོག་པར་འགྲོ་ཞིང༌། འཛིན་གྲྭ་ཀུན་ལ་དམ་བཅའ་བ་འགྲོ་དགོས། དགྲ་ལོགས་ལ་དམ་བཅའ་མཚན་ཕུད་དེ་འཇོག །དེ་ཉིན་ནས་བཟུང་དབུ་མའི་འཛུག་སྟོན་པར་དུ་ཉིན་རེ་བཞིན་དུ་འཛིན་གྲྭ་རྣམས་ལ་དམ་བཅའ་གསུམ་རེ་ཆད་མི་ཆོག །དབུ་མའི་འཛུག་སྟོན་ཉིན་དུས་བཟང་སྔར་ལྟར་དང༌། དབུ་མའི་ཚོགས་གླིང་བྱེད། རིང་སོང་གསུངས་སྐབས་ཞྭ་མོ་མགོ་ལ་ལེབ་འཇོག་བྱེད། འདི་ཉིན་གོང་ཤོག་གང་རིགས་ལ་དཔོན་སློབ་ལས་དབུ་མའི་རྩིབ་ཞག་ཉན། དེའི་ཕྱི་ཉིན་འཛིན་གྲྭ་མང་ནས་ངལ་གསོལ་ཏེ། དེའི་འཕྲོར་ཚོགས་ལ་འགྲོ་དགོས། དེ་ལྟར་དུས་བཟང་དང་དམ་བཅའ་གང་གི་སྐབས་སུ་ཚང་མས་ཁུར་དུ་བླངས་ཏེ། འདོན་པའི་སྐབས་སུ་འདོན་རྟ་དབྱངས་ཕྱག་ལེན་རྣམས་ཆོས་སྡེ་ཆེན་པོའི་ཕྱག་བཞེས་བཟང་པོ་མ་ཉམས་པ་བྱེད། རྩོད་པའི་སྐབས་སུ་དམ་བཅའ་ཚོགས་གླེང་གང་ཡིན་ཀྱང་ལུང་གི་རྒྱབ་སྐྱོར་དང༌། རིགས་པའི་འགྲོ་ཕྱོགས་ཡོད་པའི་ཐོག་ནས་གྲྭ་ས་ཆེན་པོའི་སྤྱན་ལྟོས་མ་ཉམས་པ་བྱེད་དགོས། དམ་བཅའ་ཆེན་མོའི་སྐབས་སུ་འཛིན་གྲྭ་གོང་མ་རྣམས་ལ་བཀུར་བཟོ་བྱེད་ཅིང༌། རང་གི་དགྲ་ལོགས་འོག་མ་རྣམས་ལ་སྐབས་སྐབས་སུ་ཁྱབ་འགྲིགས་རེ་ཡང་གཅད། འཛིན་གྲྭ་རང་ནས་དཀའ་རམ་དང་ཉེ་ལོགས་རྣམས་ལ་ཏེམ་ཇ་བརྒྱུད། གཏོང་སྒོའི་སྐབས་དགག་བྱ་ལས་དགོས་པ་གཙོ་བའི་དབང་དུ་བྱས་ཏེ། བཀས་བཅད་བྱས་ཡོད་པ་ལྟར། མར་རྒྱ་མ་སུམ་བརྒྱ་ལས་ལྷག་འགྱེད་མི་ཆོག །ཐུག་པའི་ནང་དུ་ཡང་ཤ་བུབ་གཅིག་ལས་ལྷག་མི་ཆོག །གཞན་སྤྲུལ་སྐུ་དང་ཆོས་མཛད་རེས་འགྱེད་ཟུར་བ་ཡོད་ན་བཏང་ཆོག་པ་དམིགས་བསལ་ཡིན། འདི་ཆོས་ཀྱི་དགའ་སྟོན་ཡིན་བས་བག་སྟོན་དང་མི་འདྲ་བར་སྡིག་པ་དང་མ་འདྲེས་པ་གལ་ཆེ་བས་སྐམ་ལུག་མང་པོ་བཤས་མི་ཆོག་པ་བཀས་བཅད་བྱ། དུས་བཟང་གི་སྐབས་ཀྱི་གཏོང་སྒོ་ཡང་དེ་མཚུངས་གྱི། འདི་དག་གི་སྐོར་ལ་འཛིན་གྲྭའི་སྐྱོར་དཔོན་བླ་མ་དབུ་མཛད་ཆོས་མཛད་རྣམས་ཀྱིས་ཁུར་བླངས་ཏེ་དོ་དམ་གང་དྲག་བྱ། ཆོས་དང་འཇིག་རྟེན་གྱི་བྱ་བ་གང་ཡིན་ཀྱང་བསྟན་བའི་ཞབས་འདེབས་སུ་འགྲོ་བ་ཞིག་ངེས་བར་བྱེད་དགོས་སོ། །དེས་ན་ཡུམ་གྱི་གླེང་གཞི་ནས་གསུངས་པ་ལྟར། ཤེར་མདོ་གསུངས་པའི་ཚེ། སྟོན་པ་རང་ཉིད་ཀྱིས་གུས་པས་བཀུར་ཞིང༌། ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱིས་མེ་ཏོག་ལ་སོགས་བའི་སྐྱེས་བསྐུར་ཏེ་བསྔགས་བརྗོད་ཆེས་ཆེར་གནང་བའི་གཞུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཐོས་བསམ་བྱེད་རྒྱུ་བྱུང་བ་ནི་སྐལ་བ་བཟང་པོ་དང་ལྡན་པ་ཡིན་ཏེ། ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུངས་ལས། བསམ་གྱིས་མི་ཁྱབ་ཀུན་ནས་ཆེས་ཆེ་བ། ། སྟོན་པས་བཀུར་དང་སངས་རྒྱས་ཐམས་ཅད་ཀྱིས། །སྐྱེས་བསྐུར་བསྔགས་པའི་ཤེར་ཕྱིན་འདི་ལྟར་དུ། ཉིན་མཚན་སྤྱོད་པ་ངོ་མཚར་ཨེ་མ་ཧོ། །ཞེས་གསུངས་སོ། །སྨྲས་པ། དཔལ་ལྡན་སྨྲ་བའི་སེང་གེའི་གླིང་མཆོག་ཅེས། །གྲགས་པའི་བ་དན་སྲིད་ན་ཆེར་གཡོ་བའི། །ཕར་ཕྱིན་འཛིན་གྲྭའི་བཅའ་ཁྲིམ་མི་ཉམས་ཕྱིར། །སྤངས་བླངས་རིམ་པ་མདོ་ཙམ་ཡི་གེར་བཀོད། །འབད་པའི་དགེ་འདིས་ཆོས་སྡེའི་འོ་མའི་མཚོར། །རིགས་སྨྲ་དང་མོ་བྱེ་བའི་ཁྱུ་འཁྲིགས་ཤིང་། །ལུང་རིགས་མགྲིན་པའི་གླིང་བུ་འཁྲོལ་བའི་སྒྲ། །སྐལ་བཟང་རྣ་བའི་དཔྱིད་དུ་སྨིན་གྱུར་ཅིག །ཅེས་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་གི་ཕར་ཕྱིན་སྐབས་བཞི་པའི་འཛིན་གྲྭའི་བཅའ་ཡིག་མདོར་བསྡུས་ཀླུ་དབང་གཙུག་གི་ནོར་བུ་ཞེས་བྱ་བ་འདི་ནི། སྐབས་བཞི་པའི་འཛན་གྲྭའི་སྐྱོར་དཔོན་ཤང་བཟའ་སྤྲུལ་བའི་སྐུ་བློ་བཟང་བསྟན་པ་དར་རྒྱས་ཀྱིས་བསྐུལ་མ་ནན་ཏན་གནང་བ་བཞིན་ྋདབྱངས་ཅན་བཞད་བས་ས་ཀ་ཟླ་བའི་ཡར་ཚེས་དགེ་བར་བྲིས་བ་དགེ་ལེགས་འཕེལ།།    །།པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།།      དགེ་ལེགས་འཕེལ།།

དཔྱད་མཆན་སྤེལ།