༄༅། །ཧཱུཾ། མཆོག་ཐུན་དངོས་གྲུབ་མྱུར་སྩོལ་བླ་མ་ལྷ། །བླ་མགོན་དབྱེར་མེད་སྐྱབས་གནས་ཀུན་འདུས་སུ། །ཡིད་ཆེས་དད་པས་སྙིང་ནས་གུས་བསྟེན་ཏེ། །ཀུན་བཟང་མཆོག་སྤྲིན་རྒྱ་མཚོས་མཆོད་བགྱིད་ན། །བསྟན་དང་བསྟན་འཛིན་བུ་ལྟར་སྐྱོང་མཛོད་ལ། །རབ་འབྱམས་ལས་བཞིའི་འཕྲིན་ལས་ཀུན་འགྲུབ་ཅིང༌། །མི་ནོར་མཁོ་དགུ་དབང་དུ་འདུ་བ་དང༌། །ཕ་རོལ་བྱད་ཕུར་རྦོད་གཏོང་ནད་རིམས་སོགས། །དགྲ་བགེགས་བྱད་མའི་སྟེང་དུ་བསྒྱུར་ཞིང་བཟློག །གང་ལ་འཚེ་བྱེད་དམ་ཉམས་བསྟན་དགྲ་འདིའི། །སྙིང་བྱུང་ཤ་ཟོ་ཁྲག་དྲོན་ཧུབ་ཀྱིས་འཐུང༌། །སྐྱོབ་བྱེད་ལྷ་འདྲེ་རང་གི་གཤེད་དུ་ཕོབ། །མ་གཡེལ་ལོ་ཟླ་ཞག་ཏུ་མ་བཞག་པར། །དགྲ་སོད་ཡུལ་ཁམས་ཐལ་པའི་རྡུལ་བཞིན་རློག །སྔོན་གྱི་བཀའ་དང་དམ་ལས་མ་འདའ་བར། །བཅོལ་བའི་ལས་འདི་མྱུར་དུ་འགྲུབ་པར་མཛོད། །ཅེས་པ་འདི་ཡང་ཤིང་བཟའ་མཆོག་སྤྲུལ་གྱིས་བསྐུལ་བ་ལྟར་ ྋདབྱངས་ཅན་བཞད་པས་བྲིས།། །།
ཧཱུཾ༑འཇམ་དཔལ་ཞི་ཁྲོའི་ཐ་ཚིག་ཡིད་བཞིན་ནོར། །སྤྱི་བོར་རབ་མཛེས་དམ་ཅན་ཆོས་གྱི་རྒྱལ། །ཡུམ་ཆེན་དང་བཅས་གཤིས་རྗེའི་དམག་ཚོགས་རྣམས། །མ་གཡེལ་འདིར་བྱོན་མཆོད་གཏོར་རྒྱ་མཚོ་བཞེས། །རྒྱལ་པའི་བསྟན་དང་བསྟན་འཛིན་དམ་པ་རྣམས། །ཞབས་པད་བརྟན་ཅིང་མཛད་འཕྲིན་རྒྱས་པ་དང༌། །དགེ་འདུན་སྡེ་རྣམས་ཐུགས་མཐུན་ཁྲིམས་གཙང་ཞིང༌། །བཤད་སྒྲུབ་བྱ་བ་མཚོ་ལྟར་རྒྱས་པར་མཛོད། །དཔོན་སློབ་རྣམས་ཀྱི་མི་འདོད་ཉེར་འཚེ་ཞི། །ཚེ་བསོད་སྟོབས་འབྱོར་མངའ་ཐང་ཆོས་སྲིད་རྒྱས། །སྐྱེ་འགྲོ་ཟས་ནོར་དབང་དུ་འདུ་བ་དང༌། །སྡིག་ཅན་དགྲ་བགེགས་དྲག་པོས་ཚར་གཅོད་མཛོད། །མདོར་ན་ཆོས་སྐྱོང་ཆེན་པོ་འཁོར་བཅས་ལ། །ནམ་ཡང་རེ་ཞིང་ལྟོས་ཚེ་མ་བསླུ་བར། །ཡིད་ལ་བརྣག་པའི་རེ་འབྲས་མ་ལུས་པ། །གེགས་མེད་མྱུར་དུ་འགྲུབ་པའི་འཕྲིན་ལས་མཛོད། །ཅེས་པ་འདི་ནི་མདོ་པ་བསམ་གཏན་གླིང་གི་འདུས་སྤྱི་ནས་བསྐུལ་ངོར་ ྋདབྱངས་ཅན་བཞད་པས་སྦྱར་པའོ།། །། དྲག་བསྐུལ་བྱེད་ཚེ། ཧཱུཾ་འཇམ་དཔལ་ཞི་ཁྲོའི་ཐ་ཚིག་ཡིད་བཞིན་ནོར། །
ཞེས་པ་ནས། དྲག་པོས་ཚར་གཅོད་མཛོད། །དགེ་ལྡན་རིང་ལུགས་སྤྱི་དང་ཁྱད་པར་དུ། །བདག་ཅག་དཔོན་སློབ་དགོན་གནས་སྡེར་བཅས་ལ། །དཔོན་མིན་དཔོན་དུ་བརྫུ་པའི་མཐུ་ཅན་དང༌། །གཡོག་དང་འབངས་སུ་བརྫུ་པའི་བསམ་ངན་ཅན། །ཁ་འཇམ་སྙིང་རྩུབ་གཡོ་སྒྱུའི་སྤྱོད་པ་ཡིས། །དངོས་དང་བརྒྱུད་ནས་འཚེ་བའི་སྡིག་ཅན་རྣམས། །ཞག་དང་ཟ་མའི་དུས་ལས་མ་འགྱང་བར། །མངོན་སྤྱོད་དྲག་པོའི་ལས་ཀྱིས་ཚར་ཆོད་ཅིག །མདོར་ན་ཆོས་སྐྱོང་ཆེན་པོ་འཁོར་བཅས་ལ། །མན་འདྲ། ཞེས་པ་འདི་ནི་དཀར་ཆེན་བྱམས་པ་གླིང་གི་འདུས་སྤྱི་ནས་བསྐུལ་བ་ལྟར། །དབྱངས་ཅན་བཞད་པས་སྦྱར་པའོ།། །།
ཆོས་རྒྱལ་ཀྱི་གཟི་བྱིན་བསྐྱེད་པ་ནི། རང་ཉིད་ལྷར་གསལ་ཐུགས་ཀའི་ཧཱུཾ་སྔོན་ལས། །འོད་འཕྲོས་གཤིན་རྗེའི་རྒྱུད་བསྐུལ་ཧཱུཾ་ཡིག་ལས། །རབ་དམར་འོད་འཕྲོས་རྒྱལ་ཀུན་མཐུ་དང་སྟོབས། །ཁྲོ་གཏུམ་རྔམས་འཇིགས་ཁྲོ་བོའི་རྣམ་པར་འགུགས། །ཧཱུཾ་ལ་ཐིམ་པས་ཆེར་ཁྲོས་དགྲ་བགེགས་དཔུང༌། །ཐལ་བར་བརླག་པའི་འཕྲིན་ལས་སྒྲུབ་པར་གྱུར། །སྔགས་བཟླ། ༈ །རང་ལྷའི་ང་རྒྱལ་བརྟན་པོ་དང་ལྡན་པས། །གཤིན་རྗེའི་སྤྱི་བོར་རྡོ་རྗེ་ཧཱུཾ་མཚན་ལས། །རྭ་དང་རྨིག་བར་བ་རྣེ་མ་ཧེའི་སྟེང༌། །ཁམས་གསུམ་ཟ་ནུས་འཇིགས་མཛད་ཕྱག་གཉིས་པར། །ཡེ་ཤེས་པ་དང་རྒྱལ་ཀུན་མཐུ་སྟོབས་ཀུན། །ཉེར་བསྟིམ་སྔར་ལས་དྲག་ཁྲོས་གཟི་མདངས་འབར། །རང་ཉིད་ལྷར་གསལ་ཐུགས་ཀའི་ཧཱུཾ་འོད་ཀྱིས། །རྒྱུད་བསྐུལ་ཁྲོས་ཤིང་གར་མཛད་མ་ཧེས་ཀྱང༌། །རྨིག་བཞིས་དྲག་བརྡབས་འཁྲབ་པས་ཆོས་ཀྱི་རྒྱལ། །ཁྲོ་འཁྲུགས་བཟོད་མེད་གང་བཅོལ་ལས་རྣམས་ཀུན། །མྱུར་བར་སྒྲུབས་པའི་གཡར་དམ་མཛད་པར་བསམས། །འཚུབ་ཅིང་ལས་མི་བསྒྲུབས་བའི་རྣམ་པ་བྱུང་ན་འདི་ལྟར་བསྒོམས། འདི་ཐབས་མེད་བྱུང་ན་ལན་རེ་གཉིས་ཙམ་མ་གཏོག་བྱ་མི་རུང་གསུངས་བས་འཛེམ་དགོས་སོ།། །།
ཧཱུཾ་ཆོས་དབྱིངས་ངང་ལས་དྲེགས་པའི་སྐུར་བཞེངས་པ། །གནོད་སྦྱིན་བེག་ཙེ་རིག་པའི་ལྷ་མོ་དང༌། །ལས་མཁན་སྲོག་བདག་གྲི་ཐོག་བཤན་པའི་ཚོགས། །མ་གཡེལ་བཅོལ་པའི་འཕྲིན་ལས་དུས་ལ་བབས། །བདག་ཅག་དམ་ཆོས་ཚུལ་བཞིན་བསྒྲུབས་ལགས་ཀྱང༌། །འབངས་དང་འཁོར་གཡོག་མི་བསྲུན་སེམས་ལྡན་པས། །ཇི་ལྟར་བསྒོ་བའི་ཚིག་ལ་མི་ཉན་ཞིང༌། །བཅོལ་པའི་ལས་རྣམས་སྒྲུབས་བར་མི་བྱེད་པར། །མཐུ་དཔུང་བསྡོང་ནས་ངོས་སུ་རྒོལ་པ་དང༌། །མགོ་ལ་ཏིལ་བརྡུང་བྱེད་པར་བརྩོན་རྣམས་ཀྱི། །བསམ་ངན་སྦྱོར་རྩུབ་མཐའ་དག་རབ་ཞི་ནས། །མྱུར་དུ་དབང་དུ་འདུ་པའི་འཕྲིན་ལས་མཛོད། །གལ་ཏེ་དབང་དུ་འདུ་བར་མི་འགྱུར་ན། །དེ་དག་རྣམས་དང་བདག་ཅག་དཔོན་སློབ་ལ། །སྟེང་ནས་གནོན་དང་འོག་ནས་འཇབ་རྐུན་བྱེད། །སྔ་དགྲ་ལག་བླངས་ཕྱི་དགྲ་སེམས་ལ་འཆང༌། །ད་དགྲ་དངོས་རྩོམ་སྡིག་ཅན་དགྲ་བོ་རྣམས། །སྟེང་འོག་ཕྱོགས་མཚམས་ས་ཕྱོགས་གར་གནས་ཀྱང༌། །ཚེ་བསོད་ཁ་རྗེ་དབང་ཐང་ཀླུང་རྟ་ཆོམས། །ལྟས་ངན་ཆོ་འཕྲུལ་མི་རུང་སྣ་ཚོགས་ཐོངས། །ནད་རིམས་འཁྲུག་རྩོད་ཉེར་འཚེ་ཆར་ལྟར་ཕོབས། །གནམ་གྱི་འཇུ་ཐག་ས་ཡི་རྟེན་ཕུར་ཕྱུངས། །མྱུར་དུ་བླ་སྲོག་ཚེ་གསུམ་ཞལ་དུ་ཐོང༌། །བདུན་བརྒྱུད་ཚུན་གྱི་མི་རབས་རྩད་ནས་ཆོད། །མི་ཁ་གླེང་གཞི་དྲག་པོའི་ཐོག་རྒོད་ཕོབས། །སྟོབས་འབྱོར་མངའ་ཐང་མཐུ་ནུས་ཐལ་བར་རློབ། །སྔོན་ཚེ་དཔལ་ཆེན་རྟ་མཆོག་རོལ་བ་སོགས། །བླ་མ་ཡི་དམ་རྣམས་ཀྱི་སྤྱན་སྔ་རུ། །རྣལ་འབྱོར་འཕྲིན་ལས་སྒྲུབ་བར་དམ་བཅས་བཞིན། །གང་བཅོལ་ལས་རྣམས་སྒྲུབས་པའི་དུས་ལ་བབས། །ཞེས་དྲག་བསྐུལ་དགྲ་སྙིང་དུམ་བུར་གཅོད་པའི་རལ་གྲི་ཞེས་བྱ་བ་འདི་ནི་དགེ་ལྡན་བསྟན་པའི་གསལ་བྱེད་མཆོག་གི་སྤྲུལ་བའི་སྐུ་འཇམ་དབྱངས་བློ་བཟང་བསྟན་པའི་ཉི་མས་བཀའ་གནང་ནན་ཏན་བྱུང་བ་ཟློག་མ་ནུས་བར་ ྋདབྱངས་ཅན་བཞད་པས་བྲིས་པའོ།། །།
ཧཱུཾ་གཏུམ་དྲག་རྔམས་བའི་ཤུགས་ཀྱིས་དགྲ་སྡེའི་དཔུང༌། །གཞོམ་མཛད་གནོད་སྦྱིན་བཙན་རྒོད་བསྭེ་ཁྲབ་ཅན། །གླུ་བཙན་མཐིང་ནག་ལ་སོགས་འཁོར་བཅས་ཀྱིས། །ནག་ཕྱོགས་དགྲ་དཔུང་འཇོམ་པའི་དུས་ལ་བབས། །གདུག་ཅིང་སྡང་བའི་དགྲ་བོ་སྡིག་ཅན་འདིས། །བསྟན་པ་གཉན་པོ་བཤིག་ཅིང་དབུ་འཕང་སྨད། །བླ་མ་ལ་བསྔོས་དཀོན་མཆོག་རྟེན་རྣམས་བཤིག །དགེ་འདུན་སྡེ་དཀྲུག་ཆོས་འཁོར་འཇོམས་པར་བྱེད། །མནར་མེད་དམྱལ་བའི་བུད་ཤིང་མི་བཟད་པ། །འདི་ཉིད་སྙིང་རྗེ་ཆེན་པོས་གཏུམ་དྲག་གིས། །ལུས་ངན་རྟེན་དང་རྣམ་པར་ཤེས་བྲལ་ནས། །དག་བའི་ཞིང་ཁམས་དག་ཏུ་དྲངས་པར་མཛོད། །ཀླད་པ་ཁྲག་བཅས་ཞོ་ལྟར་དགུགས་ལ་ཤོག །སྙིང་དམར་གློ་རྗེན་རྒྱབ་ནས་བྱུང་སྟེ་ཟོ། །མཆིན་མཁྲིས་རྒྱུ་མ་ཀ་བཱ་ལར་ཕྱུང་ནས། །ཤ་རུས་གོ་རོ་ཙ་ནར་བཅས་ཏེ་ཟོ། །གནས་པའི་གྲོང་ཁྱེར་ས་ཡི་ཁུང་བུར་ཆུག །གནམ་ལྕགས་འབར་བས་སྟེང་ནས་ཕྱེ་མར་ཆོམས། །གདུག་བའི་རིམས་ཀྱིས་བར་ནས་རླུང་ལྟར་གཡོས། །བདུན་རྒྱུད་ཚུན་ཆད་རྩད་ནས་ཆོད་ལ་ཤོག །རྣལ་འབྱོར་བདག་གིས་ཇི་ལྟར་བཅོལ་པ་ཡི། །ཞི་རྒྱས་དབང་དྲག་འཕྲིན་ལས་མ་ལུས་པ། །མྱུར་དུ་འགྲུབ་པར་མཛོད་ཅིག་གནོད་སྦྱིན་ཆེ། །ཐུགས་དམ་གཉན་པོ་དུས་ལས་མ་གཡེལ་ཞིག །
བསྭེ་ཁྲབ་ཅན་གྱི་བསྐུལ་བ་འདི་ཙམ་དང་ཙི་དམར་གཉིས་ཀར་སྦྱར་བའི་སྐུལ་བ་ནི། ཧཱུཾ། གཏུམ་དྲག་རྔམས་བའི་ཤུགས་ཀྱིས་དགྲ་སྡེའི་དཔུང༌། །གཞོམ་མཛད་གནོད་སྦྱིན་བཙན་རྒོད་བསྭེ་ཁྲབ་ཅན། །གནོད་སྦྱིན་ཙེ་འུ་དམར་པོ་འཁོར་བཅས་ཀྱིས། །ནག་ཕྱོགས་དགྲ་པོ་འཇོམས་པའི་དུས་ལ་བབས། །མན་ཆད་གོང་དང་འདྲ། བསྐུལ་བ་འདི་གཉིས་མང་པོ་ཞིག་གིས་བསྐུལ་བ་ལྟར་ ྋདབྱངས་ཅན་བཞད་པས་བྲིས་པའོ།། །།
ཧྲཱིཿརྩ་བརྒྱད་བླ་མ་ཡི་དམ་ལྷ་ཚོགས་དང༌། །དཔའ་བོ་མཁའ་འགྲོ་ཆོ་སྐྱོང་སྲུང་མའི་ཚོགས། །ཁྱད་པར་གནོད་སྦྱིན་བཙན་རྒོད་བསྭེ་ཁྲབ་ཅན། །འཁོར་ཚོགས་རྒྱ་མཚོའི་ཚོགས་བཅས་དེང་འདིར་དགོངས། །ཏིང་འཛིན་སྔགས་དང་ཕྱག་རྒྱས་རབ་སྤེལ་བའི། །ཟག་མེད་བདེ་སྟེར་མཆོད་གཏོར་རྒྱ་མཚོའི་ཚོགས། །མི་ཕྱེད་དད་པའི་ཡིད་ཀྱིས་ལེགས་འབུལ་ན། །བརྩེ་ཆེན་ཐུགས་ཀྱིས་དགྱེས་བཞིན་བཞེས་སུ་གསོལ། །ལམ་སྟོན་བཤེས་གཉེན་དབྱངས་ཅན་བཞད་པའི་སྡེར། །ནག་ཕྱོགས་བདུད་ཀྱིས་ནམ་ཡང་མི་བརྫི་བར། །ཞབས་པད་བསྐལ་བརྒྱའི་བར་དུ་རྟག་བརྟན་ནས། །ཐུགས་ཀྱི་དགོངས་བཞེད་ལྷུན་གྱིས་འགྲུབ་པར་མཛོད། །སྡེ་འདིར་ཁྲིམས་ལྡན་སྐྱེ་བོའི་ཚོགས་རྣམས་ཀྱི། །མི་མཐུན་རྒུད་པའི་སྐྱོན་རྣམས་རབ་ཞི་ནས། །ཐུགས་མཐུན་ཁྲིམས་གཙང་བཤད་སྒྲུབ་ཆོས་སྤྱོད་འཕེལ། །ཕྱོགས་བཅུའི་བློ་གསལ་ཚོགས་རྣམས་འདུ་བར་མཛོད། །ལྗོངས་འདིར་ནད་ཡམས་འཐབ་རྩོད་མུ་གེ་སོགས། །མི་འདོད་ཉེ་བར་འཚེ་བའི་དངོས་པོ་རྣམས། །ཞི་ནས་སྣོད་བཅུད་འབྱོར་བར་རབ་རྒྱས་ཏེ། །རྫོགས་ལྡན་གསར་བའི་དུས་སྟོན་ངོམ་པར་མཛོད། །ཁྱད་པར་བདག་གིས་ཆོས་སྡེ་ཆེན་པོ་ཡི། །ལས་དོན་བྱེད་ལ་ཕྱི་ནང་ཉེར་འཚེ་དང༌། །བར་ཆད་བགེགས་དང་མི་ཁ་གླེང་གྱོད་སོགས། །ཉེས་སྐྱོན་མཐའ་དག་ལྷག་མེད་ཞི་བར་མཛོད། །མཆོག་དམན་ཀུན་གྱིས་བདག་གིས་བསྒོ་བའི་ཚིག །ཉན་ཅིང་བཅོལ་བའི་ལས་རྣམས་སྒྲུབས་པ་དང༌། །ཅི་བྱས་ལམ་དུ་འགྲོ་ཞིང་དབང་ཀླུང་དར། །འབྱོར་ལྡན་བསྙེན་བཀུར་ཆར་ལྟར་འབབས་པར་མཛོད། །མདོར་ན་ཆོས་སྐྱོང་ཆེན་པོ་འཁོར་བཅས་ཀྱིས། །ལས་བཞིའི་འཕྲིན་ལས་ཚ་ཟེར་སྟོང་འབར་བས། །རྒུད་བའི་མུན་ཚོགས་མཐའ་དག་རྒྱང་བསྲིང་སྟེ། །ལུགས་གཉིས་འདབ་བརྒྱའི་དགའ་ཚལ་རྒྱལ་པར་མཛོད། །བསང་མཆོད་སྐབས། ཟག་མེད་བདེ་སྟེར་བསང་མཆོད་རྒྱ་མཚོའི་ཚོགས། །ཞེས་པ་དང༌།གསེར་སྐྱེམས་སྐབས།ཟག་མེད་བདེ་སྟེར་གསེར་སྐྱེམས་རྒྱ་མཚོའི་ཚོགས། །ཞེས་བའི་ཚིག་བསྒྱུར་བས་འཐུས་སོ། །ཞེས་པ་འདི་ནི་ཆ་ཀླན་ཤོག་གི་ཞལ་ངོ་གསར་པ་བློ་བཟང་བསྟན་འཛིན་ཀྱིས་འདི་ལྟ་བུ་ཞིག་དགོས་ཞེས་ནན་གྱིས་ཡང་ཡང་བསྐུལ་ངོར་ ྋདབྱངས་ཅན་བཞད་པས་བྲིས་པའོ།། །།
ཧཱུཾ། མཆོག་གསུམ་བྱིན་རླབས་སྔགས་དང་ཏེང་འཛིན་དང༌། །ཆོས་ཉིད་བདེན་མཐུས་ཞིང་བཅུའི་དགྲ་བོ་ཡི། །ཟས་ཟོས་གཏམ་འདྲེས་ཚེ་ན་གཟུགས་ཕུང་དང༌། །བླ་ཚེ་སྲོག་དབུགས་བཟའ་བཏུང་ངོ་བོར་ཁུག །རང་གིས་ལོངས་སྤྱོད་བའི་ཚེ་བཟའ་བཏུང་དང་ལྷ་ལ་འབུལ་བའི་ཚེ་གཏོར་མ་ལ་ཐིམ་པའི་མོས་པ་བྱས་ཏེ། ཨོཾ་ཨཱཿ ཧཱུཾ་ལན་གསུམ་གྱིས་བྱིན་གྱིས་བརླབས། རང་ཉིད་རྔམས་འཇིགས་ཞི་ཁྲོ་འདུས་པའི་སྐུར། །ཉེར་བཞེངས་ཆོས་སྲུང་དམ་ཅན་རྒྱ་མཚོ་དང༌། །ལས་བྱེད་བཤན་པ་ཟ་ངུའི་དམག་ཚོགས་ཀྱིས། །དམ་ཉམས་བླ་སྲོག་དོན་སྙིང་ཟས་སུ་ཟོ། །སྙིང་ཁྲག་ཧུབ་འཐུང་སྲོག་གཅོད་ལག་དམར་གྱིས། །སྡང་དགྲ་ཐལ་བར་རློག་ཅིག་ས་མ་ཡ། །འདི་ཡང་འགའ་ཞིག་གི་འདོད་མོས་ལྟར་ྋདབྱངས་ཅན་བཞད་པས་བྲིས།། །།པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།། ཛ་ཡནྟུ།།
༄༅། །ཧཱུཾ་གཏུམ་དྲག་རྔམས་པའི་ཤུགས་ཀྱིས་དགྲ་སྡེའི་དཔུང༌། །གཞོམ་མཛད་གནོད་སྦྱིན་བཙན་རྒོད་བསྭེ་ཁྲབ་ཅན། །ཀླུ་བཙན་མཐིང་ནག་ལ་སོགས་འཁོར་བཅས་ཀྱིས། །ནག་ཕྱོགས་དགྲ་དཔུང་འཇོམས་པའི་དུས་ལ་བབས། །གདུག་ཅིང་སྡང་བའི་དགྲ་པོ་སྡིག་ཅན་འདིས། །བསྟན་པ་གཉན་པོ་བཤིག་ཅིང་དབུ་འཕང་སྨད། །བླ་མ་ལ་བསྔོས་དཀོན་མཆོག་རྟེན་རྣམས་བཤིག །དགེ་འདུན་སྡེ་དཀྲུགས་ཆོས་འཁོར་འཇོམས་པར་བྱེད། །མནར་མེད་དམྱལ་བའི་བུད་ཤིང་མི་བཟད་པ། །འདི་ཉིད་སྙིང་རྗེ་ཆེན་པོའི་གཏུམ་དྲག་གིས། །ལུས་ངན་རྟེན་དང་རྣམ་པར་ཤེས་ཕྲལ་ནས། །དག་བའི་ཞིང་ཁམས་དག་ཏུ་དྲངས་པར་མཛོད། །ཀླད་པ་ཁྲག་བཅས་ཞོ་ལྟར་དཀྲུགས་ལ་ཤོག །སྙིང་དམར་གློ་རྗེན་རྒྱབ་ནས་ཕྱུང་སྟེ་ཟོ། །མཆིན་མཁྲིས་རྒྱུ་མ་ག་པཱ་ལར་ཕྱུང་ནས། །ཤ་རུས་གཽ་རོ་ཙ་ནར་བཅས་ཏེ་ཟོ། །གནས་པའི་གྲོང་ཁྱེར་ས་ཡི་ཁུང་བུར་ཆུག །གནམ་ལྕགས་འབར་བས་སྟེང་ནས་ཕྱེ་མར་ཆོམས། །གདུག་པའི་རིམས་ཀྱིས་པར་ནས་རླུང་ལྟར་གཡོས། །བདུན་རྒྱུད་ཚུན་ཆད་རྩར་ནས་ཆོད་ལ་ཤོག །རྣལ་འབྱོར་བདག་གིས་ཇི་ལྟར་བཅོལ་བ་ཡི། །ཞི་རྒྱས་དབང་དྲག་འཕྲིན་ལས་མ་ལུས་པ། མྱུར་དུ་འགྲུབ་བར་མཛོད་ཅིག་གནོད་སྦྱིན་ཆེ། །ཐུགས་དམ་གཉན་པོ་དུས་ལས་མ་གཡེལ་ཅིག །
ྋཅེས་གནོད་སྦྱིན་བཙན་རྒོད་ཆེན་པོའི་དྲག་བསྐུལ་འདི་ནི་ནག་ཕྱོགས་དགྲ་སྡེའི་བླ་མ་གྲྭ་ཚང་ལ་བཙན་བཙུག་མཐོ་བརྩམ་བའི་སྐབས། དགེ་སློང་དཔལ་ལྡན་རྒྱ་མཚོས་ཆོས་སྡེ་ཆེན་པོའི་བསྟན་སྲིད་ཀྱི་ཆེད་དུ་ནན་ཆེར་བསྐུལ་བའི་ཚེ། ྋདབྱངས་ཅན་བཞད་པས། ྋཔཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་མཛད་པའི་ཞལ་བཞི་བའི་དྲག་བསྐུལ་བྱིན་རླབས་ཆེ་པས་ཚིག་ཕལ་ཆེར་རང་སོར་བཞག ཚིག་བསྒྱུར་ཕྲན་ཙམ་བྱས་ཏེ་འཕྲལ་དུ་བྲིས་པའོ།། །།པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེངྒེའི་གླིང་དུ་བཞུགས།།