༄༅།།ན་མོ་གུ་རུ་བཛྲ་བྷཻར་ཝཱ་ཡ་སིདྡྷི་བྷྱཿ །འདིར་མོ་རྒྱུད་ཀྱི་སྲུང་མའི་གཙོ་པོ་ཨ་ཕྱི་ཆོས་ཀྱི་སྒྲོལ་མ་ལ་མཆོད་གཏོར་འབུལ་པར་འདོད་པས། འདི་ཉིད་ཀྱི་རྟེན་བཀྲམ་པའི་མདུན་དུ་མཆོད་གཏོར་སྤྱན་གཟིགས་སོགས་བཤམས། རང་ལྷའི་ང་རྒྱལ་དང་ལྡན་པས་མཆོད་གཏོར་བྱིན་གྱིས་བརླབས། དེ་ནས་རྟེན་བསངས་སྦྱངས།སྟོང་པའི་ངང་ལས་དུར་ཁྲོད་ཆེན་པོས་སྐོར་བའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་རྫོགས་པའི་དབུས་སུ་པད་ཟླ་ཉི་མའི་གདན་ལ་ཧྲཱིཿ དཀར་པོ་ལས་བསྟན་སྐྱོང་ཆེན་མོ་ཨ་ཕྱི་ཆོས་ཀྱི་སྒྲོལ་མ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། གཡས་ཐོད་བའི་ཌ་མ་རུ་དང༌། གཡོན་ཁྲག་དང་ནོར་བུས་གང་བའི་ཐོད་པ་འཛིན་པ།གྲུ་མོ་གཡོན་ན་ཁ་ཌཱཾ་ག་བསྣམས་པ།རིན་པོ་ཆེའི་རྒྱན་དང་དུང་ཐོད་ཀྱིས་མཛེས་བ། དར་སྣ་ལྔའི་ན་བཟས་ཀླུབས་ཤིང༌། མི་རྐང་གླིང་བུ་སྒེད་ལ་གཟེར་བ། ཞབས་ལ་སག་ལྷམ་གསོལ་ཞིང༌། རྟ་སྔོན་རྒྱན་ལྡན་ལ་ཞོན་པ།འཁོར་དུ་མཁའ་འགྲོ་རིགས་བཞི་དང༌།ཚེ་རིང་མཆེད་ལྔ༌། གཞན་ཡང་བཀའ་ཉན་ལས་བྱེད་ཀྱི་འཁོར་ཚོགས་རྒྱ་མཚོས་བསྐོར་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུཾ། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། འབྲི་གུང་དཔལ་གྱི་ནགས་ཁྲོད་སོགས་ནས་ཨ་ཕྱི་ཆོས་ཀྱི་སྒྲོལ་མ་ཚེ་རིང་མཆེན་ལྔ་འཁོར་དང་བཅས་བ་སྤྱན་དྲངས། ཧྲཱིཿ མ༷་བཅོས་སྤྲོས་བྲལ་རྡོ་རྗེའི་ཕོ་བྲང་ནས། །མ༷་ལུས་རྒྱལ་བའི་བསྟན་སྲུང་མཐུ་རྩལ་ཅན། །མ༷་ཅིག་དཔལ་ལྡན་ཨ་ཕྱི་ཆོས་སྒྲོལ་མ། །མ༷་ཐོགས་རིངས་པའི་ཚུལ་གྱིས་གཤེགས་སུ་གསོལ། །གཞན་ཡང་ལས་མཛད་མཁའ་འགྲོ་མཆེད་བཞི་དང༌། །ལས་དང་ཡེ་ཤེས་དམ་ཚིག་དབང་སྡུད་ལྷ། །ཚེ་རིང་མཆེད་ལྔ་གནས་གསུམ་མཁའ་འགྲོ་བཅས། །སྤྱན་འདྲེན་མཆོད་པའི་གནས་འདིར་གཤེགས་སུ་གསོལ། ཨོཾ་དྷ་རྨ་ཏཱ་རེ་བཉྩ་ཌཱ་ཀི་ནི་ས་བ་རི་ཝཱ་ར་ཨེ་ཧྱེ་ཧི། བཛྲ་ས་མ་ཡ་ཛཿ ཛཿ ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཨོཾ་དྷ་རྨ་ཏཱ་རེ་བཉྩ་ཌཱ་ཀི་ནི་ས་བ་རི་ཝཱ་ར་ཨᨗ་སོགས་ཀྱི་མཆོད། སྔགས་དེ་ལ་ཨོཾ་ཨཱཿ ཧཱུཾ་བཏགས་བས་ནང་མཆོད་ཕུལ། རྒྱལ་ཀུན་སྐྱེད་མཛད་རྡོ་རྗེ་དབྱིངས་ཕྱུག་མ། །ཐུབ་བསྟན་སྲུང་ཕྱིར་སྤྲུལ་བའི་གར་བསྒྱུར་བ། །མ་ཅིག་དཔལ་ལྡན་ཨ་ཕྱི་ཆོས་ཀྱི་སྒྲོལ། །ཚེ་རིང་མཆེད་ལྔ་བཅས་ལ་བདག་བསྟོད་དོ། །བཤགས་པ་ནི།ཡིག་བརྒྱ་བཟླས་ལ།རིང་ནས་རྨོངས་བའི་བྲན་དུ་གྱུར་པའི་མཐུས། །དམ་ཚིག་ཉམས་ཆགས་གྲིབ་ཀྱིས་ཕོག་པ་སོགས། །སྒོ་གསུམ་སྒོ་ནས་ནོངས་པ་བགྱིས་པ་རྣམས། །སྙིང་ནས་འགྱོད་བ་དྲག་པོས་བཤགས་པར་བགྱི། །བསྐང་བ་ནི། བསྐང་རྫས་བྱིན་གྱིས་བརླབས་ལ། ཧྲཱིཿ ངོ་བོ་ལྷན་སྐྱེས་བདེ་བའི་རྣམས་རོལ་ལས། །
རྣམ་པ་ཕྱི་ནང་གསང་བའི་མཆོད་པའི་སྤྲིན། །བྱེད་ལས་དབང་པོའི་ཡུལ་དུ་བདེ་སྟེར་འདིས། །བསྟན་སྐྱོང་འཁོར་བཅས་ཐུགས་དམ་བསྐང་གྱུར་ཅིག །ཆུ་གཉིས་ཉེར་སྤྱོད་རོལ་མོ་འདོད་ཡོན་ལྔ། །བཀྲ་ཤིས་རྟགས་རྫས་རྒྱལ་སྲིད་རིན་ཆེན་བདུན། །འབུར་དགུ་འཛུས་དགུ་འཕྱོ་དགུའི་སྲོག་ཆགས་དང༌། །རང་སྲུང་གོ་ཁྲབ་དགྲ་འཇོམས་མཚོན་ཆའི་རིགས། །ཕྱག་མཚན་བཞོན་པ་ཞྭ་ལྷམ་རྒྱན་གོས་དང༌། །ཇ་ཆང་གསེར་སྐྱེམས་བསང་མཆོད་གཏོར་མའི་ཚོགས། །ལྷུན་པོ་གླིང་བཞི་སྣོད་བཅུད་དཔལ་འབྱོར་སོགས། །མ་ཚང་མེད་པའི་མཆོད་སྤྲིན་རྒྱ་མཚོ་འདིས། །བསྟན་སྐྱོང་ཆོས་སྒྲོལ་འཁོར་བཅས་ཐུགས་དམ་བསྐངས། །ཚེ་རིང་མཆེད་ལྔ་བསྟན་མའི་ཐུགས་དམ་བསྐངས། །འཁོར་དང་བཅས་པའི་ཐུགས་དམ་བསྐངས་གྱུར་ནས། །ལས་བཞི་ལྷུན་གྱིས་འགྲུབ་པའི་འཕྲིན་ལས་མཛོད། །དེ་ནས་གཏོར་མ་བྱིན་གྱིས་བརླབས་ཏེ།མཆོད་སྔགས་ལ་ཨི་དཾ་བ་ལིང་ཏ་སོགས་བཏགས་པས་ཕུལ།ཕྱི་ནང་གི་མཆོད་པས་མཆོད། སྟོད་པ་ནི། ཧྲཱིཿ ཟླ་ཞུན་གོས་གྱོན་བསིལ་ལྡན་རི་དབང་གི །དཔལ་འཕྲོག་དཀར་ལ་དམར་བའི་མདངས་ཆགས་ཤིང༌། །སྙན་པའི་སྒྲ་སྒྲོགས་ཐོད་པའི་ཌ་མ་རུ། །དངོས་གྲུབ་ཀུན་འབྱུང་ཐོད་པ་འཛིན་ལ་བསྟོད། །སྣ་ཚོགས་རིན་ཆེན་རྒྱན་དང་དུང་ཐོད་མཛེས། །དར་སྣ་ལྔ་དང་གོས་དཀར་ལྷབ་ལྷུབ་གསོལ། །རླུང་ལྟར་མགྱོགས་པའི་རྟ་མཆོག་སྔོན་པོ་བཅིབས། །བསྟན་སྐྱོང་ཨ་ཕྱི་ཆོས་ཀྱི་སྒྲོལ་མར་བསྟོད། །ཞི་བའི་ཉམས་ལྡན་རྒྱས་པའི་བྱིན་ཆགས་ཤིང༌། །དབང་གི་ལས་ལ་རྩལ་ལྡན་མངོན་སྤྱོད་ཀྱིས། །དགྲ་བགེགས་སྒྲོལ་མཛད་ཚེ་རིང་མཆེད་ལྔ་སོགས། །རྣམ་མང་འཁོར་ཚོགས་རྒྱ་མཚོར་བདག་བསྟོད་དོ། །འཕྲིན་ལས་བཅོལ་བ་ནི། ཧྲཱིཿ བདེ་ཆེན་ཆོས་དབྱིངས་ངང་ལས་གཡོ་མེད་ཀྱང༌། །ལས་བཞི་བསྒྲུབ་མཛད་དབྱིངས་ཕྱུག་ཆོས་ཀྱི་སྒྲོལ། །ཚེ་རིང་མཆེད་ལྔ་འཁོར་བཅས་མ་གཡེལ་བར། །རིག་འཛིན་བརྒྱུད་པའི་ཐ་ཚིག་དྲན་པར་མཛོད། །ཐུབ་བསྟན་སྤྱི་དང་འཇམ་མགོ་རྒྱལ་བའི་བསྟན། །མི་ཉམས་སྲིད་མཐའི་བར་དུ་རྒྱལ་བ་དང༌། །དེ་ཉིད་འཛིན་སྐྱོང་སྤེལ་པའི་སྐྱེས་མཆོག་རྣམས། །ཞབས་སེན་རྡོ་རྗེའི་ཁམས་བཞིན་བསྟན་པར་མཛོད། །དཔལ་ལྡན་སྨྲ་བའི་སེང་གེའི་གླིང་མཆོག་གི། །དགེ་འདུན་སྡེ་རྣམས་ཐུགས་མཐུན་ཁྲིམས་གཙང་ཞིང༌། །བཤད་དང་སྒྲུབ་པའི་ཆོས་སྤྱོད་བྱ་བ་རྣམས། །དབྱར་གྱི་མཚོ་ཆེན་ལྟར་དུ་རྒྱས་བར་མཛོད། །བློ་གསལ་ཆོས་ལ་འདུན་ལྡན་སྐྱེ་བོ་རྣམས། །སྡེ་འདིར་འབད་མེད་ངང་གིས་འདུ་བ་དང༌། །ཀུན་ཀྱང་ཐོས་བསམ་སྒོམ་བ་ལྷུར་ལེན་ཞིང༌། །བསླབ་ཁྲིམས་གཙང་མའི་རྒྱན་གྱིས་མཛེས་བར་མཛོད། །དེ་ཚེ་སྡིག་གྲོགས་དབང་དུ་མི་འགྲོ་ཞིང༌། །དམན་ས་བཟུང་སྟེ་ཞི་དུལ་བག་ཡོད་ཀྱིས། །ཉིན་མཚན་ཆོས་ཀྱི་བྱ་བས་དུས་འདས་ནས། །རང་རྒྱུད་ཉོན་མོངས་མྱུར་དུ་འདུལ་བར་མཛོད། །དམ་ཆོས་བསྒྲུབ་པའི་འགལ་རྐྱེན་ནད་རིམས་དང༌། །རྒྱལ་འགོང་དམ་སྲི་རྦོད་གཏོང་བྱད་ཕུར་སྲི། །མ་ལུས་ཞི་ཞིང་ཚེ་བསོད་ཤེས་རབ་དང༌། །ཆོས་མཐུན་འབྱོར་བ་ཟླ་ལྟར་རྒྱས་བར་མཛོད། །ཡུལ་ཕྱོགས་འདིས་མཚོན་འཇིག་རྟེན་ཁམས་རྣམས་སུ། །ནད་མུག་འཁྲུག་རྩོད་མི་མཐུན་རྒུད་པ་ཞི། །ཆར་ཆུ་དུས་འབབས་ལོ་ཕྱུག་ལེགས་པ་སོགས། །དགེ་ལེགས་ཤིས་བས་ས་གསུམ་ཁྱབ་པར་མཛོད། །དགོས་དབང་གིས་དྲག་བསྐུལ་རེ་བྱེད་དགོས་ཚེ། རིག་འཛིན་བརྒྱུད་པའི་ཐ་ཚིག་དྲན་པར་མཛོད། །ཅེས་པའི་འབྲོར།བདག་ཅག་དཔོན་སློབ་དགོན་གནས་སྡེར་བཅས་ལ། །སྔ་དགྲ་ལག་བརྡར་ཕྱི་དགྲ་ཡིད་ལ་སེམས། །ད་དགྲ་གནོད་བྱེད་དམ་ཉམས་དགྲ་བགེགས་འདི། །སྟེང་འོག་བར་གསུམ་ས་ཕྱོགས་གར་གནས་ཀྱང༌། །ཚེ་བསོད་ཁ་རྗེ་དབང་ཐང་ཀླུང་རྟ་ཆོམས། །ལྟས་ངན་ཆོ་འཕྲུལ་མི་རུང་སྣ་ཚོགས་ཐོངས། །ནད་རིམས་འཁྲུག་རྩོད་ཉེར་འཚེ་ཆར་ལྟར་ཕོབས། །གནམ་གྱི་འཇུ་ཐག་ས་ཡི་རྟེན་ཕུར་ཕྱུངས། །མྱུར་དུ་བླ་སྲོག་ཚེ་གསུམ་ཞལ་དུ་ཐོབ། །འདུན་བརྒྱུད་ཚུན་གྱི་མི་རབས་རྩད་ནས་ཆོད། །མིན་པ་གླིང་གཞི་དྲག་པོའི་ཐོག་རྒོད་ཕོབས། །སྟོབས་འབྱོར་མངའ་ཐང་མཐུན་སྟོབས་ཐལ་བར་རློག །སྔོན་ཚེ་སློབ་དཔོན་པད་མ་ཀཱ་ར་སོགས། །རྩ་བརྒྱུད་བླ་མ་རྣམས་ཀྱི་སྤྱན་སྔ་རུ། །རྣལ་འབྱོར་བཀའ་བཞིན་བསྒྲུབ་པར་དམ་བཅས་པའི། །འཕྲིན་ལས་གཉན་པོ་བསྒྲུབ་པའི་དུས་ལ་བབས། །དྲག་བསྐུལ༌འདི་གལ་ཆེ་དུས་མ་བཏོགས་རྒྱུན་འདོན་བྱ་མི་རུང་ངོ༌། །མཇུག་གི་བྱ་བ་རྣམས་སྤྱི་ལྟར་བྱའོ། །སྤྱིར་ཨ་ཕྱི་ཆོས་སྒྲོལ་འདི་ལ་ཕྱག་མཚན་ཕྱག་གཡས་མེ་ལོང་དང༌། ཌ་མ་རུ་དང་མདའ་དར་འཛིན་པ་དང༌། ཕྱག་གཡོན་ནོར་གཞོང་ཐོད་པ་ཁྲག་གང་དང༌། ཐོད་བ་ནོར་བུས་གང་བ་འཛིན་པ་དང༌། རྒྱན་ཆ་མི་འདྲ་བ་སྣ་ཚོགས་དང༌། རྟ་སྔོན་ཞོན་པ་དང༌།ཞོན་པ་མེད་པ་བཞེངས་སྟབས་སུ་བཞུགས་པ་སོགས་སྐུའི་རྣམ་འགྱུར་མི་འདྲ་བ་མང་དུ་མཆིས་ཀྱང༌། འདི་ནི་བདེན་གྱི་གཞན་ནི་གཏི་མུག་གོ།ཞེས་སྨྲ་པར་མི་བྱ་སྟེ་རྒྱལ་དང་རྒྱལ་སྲས་རྣམས་ཀྱིས་གང་ལ་གང་འདུལ་གྱི་ཆ་ལུགས་སྣ་ཚོགས་འཛིན་པར་རྡོ་རྗེ་འཆང་གིས་ལན་གཅིག་མ་ཡིན་པར་གསུངས་སོ། །ཞེས་པ་འདི་ནི་དགེ་སློང་བསོད་ནམས་གྲགས་པའི་འདོད་མོས་ལྟར། ྋདབྱངས་ཅན་བཞད་པས་མཚམས་ཀྱི་ཐུན་བར་དུ་བྲིས་པའོ།། །།པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།།