༄༅།།རྒྱལ་བའི་བསྟན་སྲུང་རྣམས་ཀྱི་གཏོར་འབུལ་གྱི་སྐོར་བཞུགས་སོ།།

༄༅། །སྐྱབས་གསུམ་འདུས་ཞལ་རྩ་བའི་བླ་མ་དང༌། །དབྱེར་མེད་སྙིང་རྗེའི་རང་གཟུགས་མྱུར་མཛད་མགོན། །བཀའ་ཉན་འཁོར་ཚོགས་རྒྱ་མཚོའི་ཚོགས་རྣམས་ཀྱིས། །ཆོས་མཐུན་འཕྲིན་ལས་བསྒྲུབ་ལ་མ་གཡེལ་བར། །དཔལ་ལྡན་བླ་མའི་སྐུ་ཚེ་མཛད་འཕྲིན་དང༌། །དགེ་འདུན་སྡེ་འཕེལ་ཆོས་སྤྱོད་བྱ་བ་སོགས། །ཡར་ཟླའི་དཔལ་བཞིན་འཕེལ་ཞིང་རྒྱས་པ་དང༌། །མི་མཐུན་གནོད་པའི་བར་ཆད་ཉེར་འཚེའི་རིགས། །དམིགས་མེད་ཆོས་དབྱིངས་ཀློང་དུ་ཉེར་བཅོམ་སྟེ། །ཚེ་བསོད་ཡོན་ཏན་འདབ་སྟོང་པདྨོའི་ཚལ། །རབ་བཞད་ཆོས་སྲིད་དགེ་མཚན་སྦྲང་རྩིའི་བཅུད། །ཐར་འདོད་རྐང་དྲུག་དཔལ་དུ་རྒྱས་གྱུར་ཅིག །ཅེས་པ་འདི་ཡང་དད་ལྡན་དགེ་སློང་བློ་བཟང་བསྟན་འཕེལ་གྱི་མོས་པ་ལྟར། ྋདབྱངས་ཅན་བཞད་པས་བྲིས་པའོ།།  །།བྷྱེཿ རྒྱལ་ཀུན་ཡུམ་གཅིག་རྡོ་རྗེ་དབྱངས་ཅན་མ། །མ་རུང་དགྲ་བགེགས་གདུག་ཅན་གཤེད་པོའི་སྐུར། །རྣམ་རོལ་སྲིད་གསུམ་བདག་མོ་རེ་མ་ཏི། །བཀའ་ཉན་འཁོར་བཅས་ཐོགས་མེད་གནས་འདིར་གཤེགས། །ལྷ་སྔགས་ཏིང་འཛིན་རོལ་བའི་མཆོད་པའི་སྤྲིན། །ཡིད་འཕྲོག་མཆོད་ཡོན་ཉེར་སྤྱོད་རྣམ་པ་ལྔ༌། །གདུག་ཅན་རྦད་པའི་དྲག་པོའི་མཆོད་པ་དང༌། །རོ་བརྒྱའི་བཅུད་ལྡན་ཤ་ཁྲག་གཏོར་མའི་རི། །ཁྲག་ཞག་འདུད་རྩིའི་བཏུང་བ་མཚོ་ལྟར་འཁྱིལ། །མི་དབང་ཡོ་བྱད་རིན་ཆེན་སྣ་བདུན་དང༌། །བཀྲ་ཤིས་རྟགས་རྫས་འདོད་ཡོན་རྣམ་ལྔ་སོགས། །དགྱེས་བསྐྱེད་མ་ཚང་མེད་དགུའི་མཐུན་རྫས་དང༌། །ཁྱད་པར་དྲི་ཞིམ་དང་ལྡན་སྨན་སྤོས་སོགས། །བརྒྱ་ཕྲག་བསང་རྫས་གསེར་ཞུན་འབར་འདྲའི་མར། །བསྲེགས་པའི་བསང་མཆོད་ལྷ་ལམ་ཁྱོན་འགེངས་འདིས། །སྲིད་གསུམ་བདག་མོ་འཁོར་བཅས་མཆོད་པར་བགྱི། །ཐུབ་བསྟན་སྤྱི་དང་འཇམ་མགོན་བླ་མ་ཡི། །རིང་ལུགས་མཐའ་བྲལ་རྟེན་འབྱུང་ལྟ་བ་དང༌། །གསང་ཆེན་ཟབ་ལམ་ཟུང་འབྲེལ་བསྟན་པ་མཆོག །སྲིད་མཐའི་བར་དུ་དར་ཞིང་རྒྱས་པར་མཛོད། །དེ་འཛིན་སྐྱེས་བུས་ས་སྟེང་ཡོང་ཁྱབ་ཅིང༌། །ཡངས་པའི་ཁྱོན་ལ་དབང་བསྒྱུར་བསྟན་འགྲོའི་མགོན། །ཞབས་ཟུང་རྡོ་རྗེའི་ཁམས་སུ་རབ་བརྟན་ཏེ། །མཛད་འཕྲིན་སྣང་བས་ས་གསུམ་ཁྱབ་པར་མཛོད། །ཡང་དགོས་རྣལ་འབྱོར་དཔོན་སློབ་འཁོར་བཅས་ཀྱིས། །རྟག་ཏུ་ཁྱོད་བསྟེན་སྙིང་ནས་ཁྱོད་མཆོད་ན། །འབྲལ་མེད་ལུས་དང་གྲིབ་མ་ལྟར་འགྲོགས་ནས། །སྲུང་སྐྱོབ་སྡོང་གྲོགས་ནམ་ཡང་མི་གཡེལ་བར། །ནད་རིམས་མནན་གཏད་བྱད་ཕུར་རྦོད་གཏོང་དང༌། །ལོག་པར་འཁུ་བའི་དགྲ་བགེགས་བྲག་རིའི་ཐོད། །མཐུ་སྟོབས་གནས་ལྕགས་མཚོན་གྱིས་ཉེར་བཅོམ་སྟེ། །ནག་ཕྱོགས་བདུན་སྡེའི་གཡུལ་ལས་རྒྱལ་བར་མཛོད། མཐུན་རྐྱེན་ཚེ་བསོད་རྩ་བ་རབ་བརྟན་ཅིང་། དཔལ་འབྱོལ་ལོངས་སྤྱོད་ལོ་འདབ་འཁོར་ཡུག་ཁྱབ། །རྣམ་དཀར་ཀླུང་རྟའི་མེ་ཏོག་བཞད་པའི་རྩེར། །རབ་སྙན་གྲགས་བའི་ཟེའུ་འབྲུ་གཡོ་བར་མཛོད། །མདོར་ན་འཕྲལ་ཡུན་དུས་གནས་ཐམས་ཅད་དུ། །གང་བསམ་འདོད་དགུའི་རེ་འབྲས་མ་ལུས་ཀུན། །གེགས་མེད་ཡིད་བཞིན་ལྷུན་གྱིས་གྲུབ་གྱུར་ནས། །ཕུན་ཚོགས་སྡེ་བཞིའི་དགའ་སྟོན་རྒྱས་པར་མཛོད། །ཅེས་བ་འདི་ཡང་དད་བརྩོན་ཡོན་ཏན་དུ་མས་མངོན་པར་མཐོ་བ་དཔོན་པོ་ཚུལ་ཁྲིམས་རྒྱ་མཚོས་ཡང་ཡང་བསྐུལ་བ་ལྟར། ྋདབྱངས་ཅན་བཞད་པས་བྲིས་པའོ།། །།
རང་བཞིན་གནས་ནས་ཡང་གསང་ལྷ་དགུ་དང༌། །ལས་བྱེད་གིང་གཟའ་ལྕམ་སྲིང་འཁོར་བཅས་བྱོན། །བདེ་ཆེན་སྒྱུ་མའི་རྣམ་རོལ་མཆོད་པའི་སྤྲིན། །ཉེར་སྤྱོད་འདོད་ཡོན་སྨན་གཏོར་རཀྟ་སོགས། །ཕྱི་ནང་གསང་རྟེན་ལྷ་ལམ་ཁྱབ་པ་འདིས། །ཡི་དམ་བསྟན་སྲུང་གཉན་པོ་འཁོར་བཅས་གྱི། །ཐུགས་དམ་བསྐངས་ཤིང་ཉམས་ཆགས་ཀུན་བསལ་ནས། །ཕ་རོལ་མནན་གཏད་བྱད་ཕུར་རྦོད་གཏོང་ཟོར། །ནད་རིམས་གདོན་བགེགས་དུས་མིན་འཆི་བ་དང༌། །རྒྱལ་འགོང་དམ་སྲིའི་གདུག་རྩུབ་ཅི་བྱུང་ཡང༌། །དམིགས་མེད་ཆོས་དབྱིངས་ངང་དུ་ཞི་གྱུར་ནས། །མཐུན་རྐྱེན་བསམ་དོན་ལྷུན་གྱིས་འགྲུབ་པར་མཛོད། །ཅེས་ཡི་དམ་འགའ་སྲུང་བཅས་ཀྱི་གཏོར་འབུལ་འདོད་འཇོའི་བུམ་བཟང་ཞེས་བྱ་བ་འདི་ཡང་ ྋདབྱངས་ཅན་བཞད་པས་བྲིས་བ་དགེ་ལེགས་འཕེལ།།  །།རྟ་མཆོག་རོལ་བའི་ཐུགས་སྤྲུལ་གིང་གཟའ་རྣམ་གཉིས་ཀྱི་གཏོར་འབུལ་ནི། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུཾ། །རང་ཉིད་ཁྲག་འཐུང་རོལ་བའི་ཐུགས་ཀ་ནས། །འོད་འཕྲོས་གར་བཞུག་དག་པའི་གནས་མཆོག་ནས། །པདྨའི་བཀའ་ཉན་གིང་ལྡ་གཟའ་གདོང་སོགས། །མ་ལུས་འཁོར་བཅས་དགྱེས་བཞིན་གནས་འདིར་གཤེགས། །ཟག་མེད་བདེ་སྟེར་ཀུན་བཟང་མཆོད་པའི་སྤྲིན། །ཕྱི་ནང་གསང་མཆོད་སྨན་གཏོར་རཀྟའི་མཚོ། །རོ་མཆོག་བརྒྱ་ལྡན་བདུད་རྩིའི་གཏོར་མ་སོགས། །ཟག་མེད་བདེ་བ་བསྐྱེད་ཕྱིར་ལེགས་འབུལ་ན། །སྔོན་ཚེ་པདྨས་ཁྲག་འཐུང་དཀྱིལ་འཁོར་དུ། །བཅུག་ནས་བསྟན་བ་བསྲུང་བར་མངའ་གསོལ་བཞིན། །རྣལ་འབྱོར་ཚེ་བསོད་སྙན་གྲགས་སྲིད་པའི་རྩེར། །རབ་འཕགས་ལས་བཞིའི་འཕྲིན་ལས་ལྷུན་གྲུབ་མཛོད། །འདི་ཡང་ྋསྐྱབས་མགོན་རྡོ་རྗེ་འཆང་གི་བཀའ་ལྟར། ྋདབྱངས་ཅན་བཞད་པས་བྲིས་བ། ཛཡནྟུ།།  །།  ༈ ཧྲཱིཿ རང་ཉིད་ལྷར་གསལ་ཐུགས་ཀའི་ས་བོན་ལས། །འོད་འཕྲོས་ནོར་གྱི་དབང་ཕྱུག་ཛ་མྦྷ་ལ། །ནོར་ལྷ་གནོད་སྦྱིན་བྱེ་བའི་ཚོགས་དང་བཅས། །མ་ལུས་སྤྱན་འདྲེན་འདིར་གཤེགས་བརྟན་པར་བཞུགས། །སྔགས་རྒྱ་ཏིང་འཛིན་ཟབ་མོས་བྱིན་བརླབས་པའི། །ཆུ་གཉིས་ཉེར་སྤྱོད་རྒྱལ་སྲིད་རྣ་བདུན་དང༌། །བཀྲ་ཤིས་རྟགས་རྫས་འདོད་ཡོན་རྣམ་པ་ལྔ། །ཟག་མེད་བདུད་རྩིའི་གཏོར་མ་འདི་བཞེས་ལ། །ཕྱི་ནང་རྐྱེན་ངན་བར་ཆད་ཀུན་ཞི་ཞིང༌། །དབུལ་ཕོངས་སྡུག་བསྔལ་རྒྱུ་བཅས་ཉེར་བཅོམ་སྟེ། །ཟས་ནོར་མཁོ་དགུའི་ལོངས་སྤྱོད་དཔལ་དང་གཡང༌། །འདོད་དགུའི་དངོས་གྲུབ་ཆར་བཞིན་འབེབས་པར་མཛོད། །བསང་དང་གསེར་སྐྱེམས་སོགས་ལ། །ཟག་མེད་འདུད་རྩིའི་གཏོར་མ་ཞེས་པ། བསང་མཆོད་ཅེས་པ་དང༌། གསེར་སྐྱེམས་ཞེས་པར་ཁ་བསྒྱུར་བས་འཐུས་སོ། ། ཞེས་པ་འདི་ཡང་དགེ་སློང་ཆོས་དགའི་མོས་པ་ལྟར། ྋདབྱངས་ཅན་བཞད་པས་བྲིས་བའོ།།  །།
ཧཱུཾ། འདོད་དགུའི་ཆར་འབེབས་བླ་མ་ཡི་དམ་ལྷ། །མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས་རྣམས་དང༌། །རེ་མ་ཏི་དང་གནོད་སྦྱིན་བསྭེ་ཁྲབ་ཅན། །ནོར་ལྷ་སྐྱེས་བུ་འཁོར་བཅས་གནས་འདིར་གཤེགས། །རི་ལྟར་སྤུངས་པའི་དམར་ཆེན་གཏོར་མ་དང༌། །ཁྲག་ཞག་རྒྱ་མཚོ་རྟ་གཡག་ར་ལུག་སོགས། །མ་ཚང་མེད་དགུའི་ཕྱི་ནང་མཆོད་པའི་ཚོགས། །འབུལ་གྱི་བཞེས་ལ་སྲུང་སྐྱོབ་མ་གཡེལ་ཞིག །བསྟན་དང་བསྟན་འཛིན་བུ་བཞིན་སྐྱོང་བ་དང༌། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་རྣམས་ཀྱི། །ནད་གདོན་བར་ཆད་ཉེར་འཚེ་ཀུན་ཞི་ཞིང༌། །བསམ་དོན་ཡིད་བཞིན་འགྲུབ་པའི་འཕྲིན་ལས་མཛོད། །ཅེས་བ་འདི་ ྋདབྱངས་ཅན་བཞད་པས་བྲིས་པའོ།།  །།
བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དང༌། །ཁྱད་པར་གནོད་སྦྱིན་ཆེན་པོ་འཁོར་བཅས་ཀྱི། །དམ་ཚིག་ཉམས་ཆགས་ཉེས་པ་གང་བགྱིས་པ། །སྙིང་ནས་བཤགས་སོ་ཚངས་པར་མཛད་དུ་གསོལ། །ཀྱཻ། བསྟན་སྲུང་གནོད་སྦྱིན་སྤྲུལ་འཁོར་རྒྱ་མཚོའི་ཚོགས། །དགྱེས་བསྐྱེད་ཐུགས་དམ་བསྐང་བའི་དམ་རྫས་ནི། །གདུག་ཅན་རྦད་པའི་སྙིང་ཁྲག་མཆོད་ཡོན་དང༌། །ཉེར་སྤྱོད་རོལ་མོ་ཕྱི་ནང་འདོད་ཡོན་ལྔ༌། །རོ་མཆོག་བརྒྱ་ལྡན་གཏོར་མ་རི་ལྟར་སྤུངས། །དམར་ཆེན་རཀྟ་མྱོས་བྱེད་སྟོང་གི་བཅུད། །ལེགས་སྦྱར་སྨན་གྱི་བདུན་རྩིའི་རྒྱ་མཚོ་འདིས། །སྲོག་བདུད་གནོད་སྦྱིན་འཁོར་བཅས་ཐུགས་དམ་བསྐངས། །མྱུར་འགྱོགས་བཙན་རྟ་གཡག་ལུག་བྱ་ཁྱི་དང༌། །སྲ་བསྟན་གོ་ཆ་རྣོ་ངར་མཚོན་ཆའི་རིགས། །བདུད་སྡེའི་སྲོག་འཕྲོག་འབར་བའི་ཟངས་གྲི་དང༌། །དགྲ་སྙིང་བསྭེ་མདུད་སག་ལྷམ་དར་དམར་གོས། །ཐོད་སྐམ་དབུ་རྒྱན་མགོ་རློན་དོ་ཤལ་གྱིས། །བེ་གདོང་ལྕམ་དྲལ་འཁོར་བཅས་ཐུགས་དམ་བསྐངས། །བྲིས་སྐུ་བླ་རྡོ་སྲོག་འཁོར་མདའ་བོ་ཆེ། །སྲིན་བྱའི་སྒྲོས་བརྒྱན་དར་གྱི་ཅོད་པན་འཕྱང༌། །རྩ་གསུམ་དབྱེར་མེད་རང་སེམས་རིག་རྩལ་དུ། །དེས་རྙེད་ཡིད་ཆེས་བླ་མེད་རྟེན་མཆོག་འདིས། །གནོད་སྦྱིན་དྲེགས་པ་ལྕམ་དྲལ་ཐུགས་དམ་བསྐངས། །ལས་མཁན་གྲི་ཐོགས་ཚོགས་ཀྱི་ཐུགས་དམ་བསྐངས། །བཀའ་ཉན་འཁོར་དང་བཅས་པའི་ཐུགས་དམ་བསྐངས། །ཐུགས་དམ་གཉན་སྐོང་དབང་དང་དངོས་གྲུབ་སྩོལ། །ཧཱུཾ། འཇིགས་རུང་མཐུ་སྟོབས་ནུས་པའི་སྟོབས་ཤུགས་ཀྱིས། །རྣམ་མང་དྲེགས་པའི་གཙུག་ན་དབང་བསྒྱུར་བ། །ཆེ་བཙན་དགྲ་ལྷའི་རྒྱལ་པོ་རྡོ་རྗེ་ལེགས། །བེ་གདོང་ལྕམ་སྲིང་འཁོར་དང་བཅས་པ་རྣམས། །ཕྱི་ནང་གསང་རྟེན་མ་ཚང་མེད་དགུ་ཡིས། །སྙིང་ནས་མཆོད་དོ་སྔོན་གྱི་ཞལ་བཞེས་བཞིན། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་བསྐལ་བརྒྱར་བརྟན། །རྣམ་དཀར་འཕྲིན་ལས་སྲིད་གསུམ་ཁྱོན་ལས་བསྒལ། །བསླབ་གསུམ་ནོར་སྐྱོང་འདུས་སྡེ་མཚོ་ལྟར་འཕེལ། །སྒྲུབ་མཆོག་རྣལ་འབྱོར་བུ་ལྟར་སྐྱོར་མཛོད་ལ། །དཀར་མིན་ལས་ཀྱིས་བསྐྱེད་པའི་མི་མཐུན་ཕྱོགས། །ཉེར་བཅོམ་ཚེ་བསོད་སྙན་གྲགས་ཟླ་ལྟར་རྒྱས། །གང་བརྩམས་མཐར་ཕྱིན་རླུང་རྟ་སྲིད་རྩེར་བསྒྲེངས། །འབྱོར་ལྡན་བསྙེན་བཀུར་ཆུ་བོའི་རྒྱུན་བཞིན་འབེབས། །ལྷ་ཀླུ་མི་ཡི་ནོར་རྫས་ལོངས་སྤྱོད་དང༌། །མཁོ་དགུའི་ཕུན་ཚོགས་ཕྱྭ་དང་གཡང་དུ་ཁུག །ཕུན་ཚོགས་སྡེ་བཞིའི་ཡོན་ཏན་དཔལ་གཡང་ཀུན། །ཡིད་ཀྱི་ཁྱེ་འུའི་གྲོགས་སུ་ཉེར་བགུགས་ནས། །དཔག་བསམ་ཤིང་བཞིན་ཡིད་ལ་རེ་བའི་དོན། །འབད་མེད་ཡིད་བཞིན་ལྷུན་གྱིས་འགྲུབ་པར་མཛོད། །ཅེས་བེ་གཙེ་སྕམ་སྲིང་གི་བསྐངས་བཤགས་དང༌། ཆོས་སྐྱོང་རྣམ་གཉིས་ཀྱི་འཕྲིན་བཅོལ་འདི་རྣམས་ཞྭ་སེར་བསྟན་པའི་གསལ་བྱེད་སྙི་འགོ་སྤྲུལ་པའི་སྐུའི་བཀས་བསྐུལ་བ་ལྟར། ༈ །དབྱངས་ཅན་བཞད་པས་བྲིས་པ་དགེ་ལེགས་འཕེལ།།   །།
ཀྱཻ །། དབང་ལྡན་དུར་ཁྲོད་ཁྲག་ཞག་རྒྱ་མཚོའི་ཀློང༌། །བསྭེ་མཁར་ཐོད་པ་བརྩེགས་པའི་གཞལ་ཡས་ནས། །སྲོག་བདུད་ལྕམ་སྲིང་རྔམས་འཇིགས་དྲེག་པའི་འཁོར། །འཕྲིན་ལས་སྒྲུབ་ཕྱིར་གནས་འདིར་ད་ཚུལ་བྱོན། །མདུན་དུ་ཁྲག་མཚོར་པད་ཉི་རོ་གདན་སྟེང༌། །ཉི་འོད་འཐུང་པའི་པད་རག་ལྷུན་པོའི་དཔལ། །འཕྲོག་མཛད་སྒྲོལ་གྱིང་སྲོག་བདག་དམར་པོ་དང༌། །ལས་བྱེད་བཤན་པའི་ཚོགས་རྣམས་བརྟན་པར་བཞུགས། །ཀུན་ཁྱབ་ཆོས་དབྱིངས་བདེ་ཆེན་རོལ་བའི་རྩལ། །གང་འདོད་དངོས་པོར་འཆར་བའི་མཐུན་པའི་རྫས། །རཀྟའི་མཆོད་ཡོན་དབང་པོའི་མེ་ཏོག་དང༌། །ཤ་ཆེན་དུད་པ་ཞུན་ཆེན་སྒྲོན་མེ་མཆོག །ཁྲག་ཞག་དྲི་ཆབ་རོ་བརྒྱའི་བཅུད་ལྡན་བཤོས། །སྙན་བརྗིད་རྐང་གླིང་འདོད་ཡོན་རྣམ་པ་ལྔ༌། །རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་རྟགས་བརྒྱད། །ཁྲབ་རྨོག་མཚོན་ཆ་སྨན་གཏོར་རཀྟ་སོགས། །མ་ཚང་མེད་དགུའི་ཕྱི་ནང་གསང་བའི་རྟེན། །ཏིང་འཛིན་སྔགས་རྒྱས་བྱིན་བརླབ་མཐུན་རྫས་ཚོགས། །བསྟན་སྲུང་གནོད་སྦྱིན་ཆེན་པོ་འཁོར་བཅས་ལ། །འབུལ་གྱི་བཞེས་ལ་གང་བཅོལ་ལས་ཀུན་སྒྲུབས། །ཐུབ་བསྟན་སྤྱི་དང་འཇམ་མགོན་ཙོང་ཁ་པའི། །རིང་ལུགས་མདོ་སྔགས་ཟུང་འབྲེལ་བསྟན་པ་དང༌། །དེ་འཛིན་སྐྱེས་བུའི་སྐུ་ཚེ་མཛད་འཕྲིན་རྣམས། །ཡར་ཟླའི་དཔལ་ལྟར་རྒྱས་པའི་འཕྲིན་ལས་མཛོད། །ཁྱད་པར་རྣལ་འབྱོར་དཔོན་སློབ་དགེ་འདུན་སྡེ། །གཉེར་དུ་གཏད་དོ་སྙིང་ནས་མཆོད་བགྱིད་ན། །ཉིན་མཚན་དུས་དྲུག་འབྲལ་མེད་བུ་ལྟར་དུ། །སྡོངས་གྲོགས་མེལ་ཚེ་ནམ་ཡང་མ་གཡེལ་པར། །ནད་རིམས་བྱད་ཕུར་མནན་གཏད་རྦོད་གཏོང་སོགས། །མི་འདོད་རྐྱེན་ངན་བར་ཆད་མ་ལུས་ཀུན། །རྟ་བདུན་འོད་ཀྱིས་རེག་པའི་བ་མོ་བཞིན། །ལྷ་ཁྱོད་མཐུ་སྟོབས་རྩལ་གྱིས་རྨག་མེད་ཆོམ། །ཚེ་དཔལ་ལོངས་སྤྱོད་གྲགས་སྙན་མཐུན་པའི་རྐྱེན། །རབ་རྒྱས་ཁམས་གསུམ་སྣོད་བཅུད་ལེགས་པའི་ཚོགས། །དབང་བསྡུས་ཆོས་སྲིད་གདུགས་དཀར་གྲིབ་བསིལ་གྱིས། །འགྲོ་བའི་སྡུག་བསྔལ་ཚ་གདུངས་སེལ་བར་མཛོད། །ནག་ཕྱོགས་དགྲ་དང་གདོན་གསུམ་གནོད་པ་སོགས། །ཕྱི་ནང་ཉེར་འཚོའི་བར་ཆད་ཅི་བྱུང་ཡང༌། །རྣོ་མྱུར་དྲག་པོའི་ལས་ཀྱིས་ཚར་བཅད་ནས། །མི་མཐུན་བདུད་སྡེའི་གཡུལ་ལས་རྒྱལ་བར་མཛོད། །བླ་མ་ཡི་དམ་དམ་ཅན་ཆོས་སྲུང་ཚོགས། །རང་རིག་ཆོས་སྐུའི་ངོ་བོར་བསྟེན་བགྱིད་ན། །ཆོས་ལྡན་བསམ་དགུའི་རེ་འབྲས་མ་ལུས་པ། །འབད་མེད་ཡིད་བཞིན་ལྷུན་གྱིས་འགྲུབ་པར་མཛོད། །ཅེས་རྒྱལ་བའི་བསྟན་སྲུང་ཆེན་པོ་དྲེགས་པ་ལྕམ་སྲིང་ལ་གཏོར་འབུལ་འཕྲིན་བཅོལ་ཚོགས་འདོན་རུ་ཆུགས་རྒྱུ་ཞིག་བྱེད་དགོས་ཞེས་མཁར་དགུའི་དཔོན་བོ་ཚུལ་ཁྲིམས་རྒྱ་མཚོའི་གཙོས་ཚོ་བདུན་དགོན་གྱི་འདུས་སྤྱི་ནས་ལྷ་རྫས་བཅས་ཡང་ཡང་བསྐུལ་བ་ལྟར། །མཉྫུ་གྷོ་ཥབྲ་ཛྙའི་མིང་ཅན་གྱིས་བྲིས་པ་ཛཡནྟུ།། །
ན་མོ་གུ་རུ་བཛྲ་དྷ་ར་ཡ། འདིར་རྒྱལ་བའི་བསྟན་སྲུང་དཔལ་ལྡན་ལྷ་མོའི་རྣམ་རོལ་ཤ་ཟ་ཧོར་མོའི་ཐུགས་དམ་བསྐང་བའི་ཚུལ་ནི། བསྐང་རྫས་རྣམས་བྱིན་གྱིས་བརླབས་ལ། ཧཱུཾ། རྣལ་འབྱོར་དགྲ་ལྷ་ཐུབ་བསྟན་སྲུང་མའི་གཙོ། །ཤ་ཟ་མཁའ་འགྲོ་སྤུན་དགུ་འཁོར་བཅས་རྣམས། །དགྱེས་བསྐྱེད་མཐུན་རྫས་ཉེར་སྤྱོད་འདོད་ཡོན་ལྔ། །གོ་མཚོན་རྒྱན་གོས་སྨན་རག་མཆོད་པ་དང༌། །ཤ་ཁྲག་གཏོར་མ་ཕྱི་ནང་གསང་བའི་རྟེན། །འཛད་མེད་བདེ་སྟོང་རྣམ་རོལ་མཆོད་སྤྲིན་གྱིས། །ངན་སྔགས་བདག་མོ་འཁོར་བཅས་ཐུགས་དམ་བསྐངས། །ཐུགས་དམ་བསྐང་ངོ་དངོས་གྲུབ་མ་ལུས་སྩོལ། །ཅེས་མྱུར་མགྱོགས་ཤ་ཟ་ཧོར་མོའི་བསྐང་བ་གྲངས་མེད་འཚོགས་སྐབས་ཚིགས་ཉུང་འཁྱེར་བདེ་ཞིག་དགོས་ཞེས་སོག་ཚང་མི་རྒྱབ་མ་ཅིག་གི་འདོད་མོས་ལྟར། ྋདབྱངས་ཅན་བཞད་པས་བྲིས་པའོ།།  །།
ཧཱུཾ། བླ་མ་ཡི་དམ་དཔའ་པོ་མཁའ་འགྲོ་དང༌། །ཁྱད་པར་དགྲ་སྡེའི་སྲོག་གཅོད་སྲུང་མའི་གཙོ། །ཤ་ཟ་ཧོར་མོ་སྤུན་དགུ་འཁོར་བཅས་ཀྱིས། །ཟག་མེད་བདུད་རྩིའི་ཞལ་སྐྱེམས་འདི་བཞེས་ལ། །འགལ་རྐྱེན་ཀུན་ཞི་ཚེ་བསོད་རབ་རྒྱས་ཤིང༌། །ཟས་ནོར་མཁོ་དགུའི་ལེགས་ཚོགས་དབང་དུ་བསྡུས། །གནོད་བྱེད་དགྲ་བགེག་ཆོམ་རྐུན་ཚར་བཅད་ནས། །བསམ་དོན་ཡིད་བཞིན་འགྲུབ་པའི་གྲོགས་མཛོད་ཅིག །ཅེས་པ་འདི་ཡང་དབྱངས་ཅན་བཞད་པས་བྲིས་པའོ།།  །།
ཧཱུཾ་བྷྱོཿ རྒྱལ་ཡུམ་དྲག་མོའི་རྣམ་རོལ་མཁའ་འགྲོའི་གཙོ། །ཧོར་མོ་ཤ་ཟ་སྤུན་དགུ་འཁོར་བཅས་ཀྱིས། །དགྱེས་བསྐྱེད་དམ་རྫས་མཆོད་གཏོར་འདི་བཞེས་ལ། །མཐུ་དཔུང་ཆེར་བསྐྱེད་བཟློག་བསྒྱུར་འཕྲིན་ལས་བསྒྲུབ། །དཔལ་ལྡན་བླ་མའི་སྐུ་ཚེ་མཛད་འཕྲིན་ལ། །སྙིང་ནས་འཚོ་བའི་དགྲ་བགེགས་གནོད་པ་བཟློག །ཐུབ་བསྟན་སྤྱི་དང་འཇམ་མགོན་ཙོང་ཁ་པའི། །རིང་ལུགས་འཕེལ་ཞིང་རྒྱས་པའི་འགལ་རྐྱེན་བཟློག། །དམ་ཆོས་ཚུལ་བཞིན་བསྒྲུབ་ལ་གེགས་བྱེད་པའི། །རྣལ་འབྱོར་ཡོངས་ཀྱི་དགོས་དགྲ་མ་ལུས་བཟློག །ཕ་རོལ་གནོད་བྱེད་བན་བོན་སྔགས་འཆང་གི །མནན་གཏད་ཟོར་དང་བསྲེག་འཕང་སྦྱོང་བ་བཟློག །ལྷ་ཀླུ་བདུད་བཙན་གཤིན་རྗེའི་གནོད་པ་དང༌། །རྒྱལ་འགོང་དམ་སྲི་འབྱུང་པོའི་གནོད་པ་བཟློག །ལོ་ཟླ་ཞག་དུས་སྤར་སྨེ་གེགས་ཀྱི་རིགས། །ནད་རིམས་གདོན་དང་བགེགས་ཀྱི་ཉེར་འཚེ་བཟློག །དཀར་མིན་ལས་དང་གློ་བུར་རྐྱེན་ངན་གྱིས། །དུས་མིན་འཆི་བའི་འཇིགས་པ་མ་ལུས་བཟློག །ལོག་པར་འཁུ་བའི་བསྟན་དགྲ་སྡིག་ཅན་གྱི། །བསམ་པ་ངན་དང་སྦྱོར་བ་རྩུབ་པ་བཟློག །དངོས་དང་བརྒྱུད་ནས་གནོད་ཅིང་འཚེ་བ་དང༌། །དོ་བསྔོ་ཕོང་བཙུག་ཡ་བཟུང་བྱེད་པ་བཟློག །མ་ཉེས་ཉེས་ཟེར་ཐབས་ཀྱིས་མནར་བ་དང༌། །ཁ་སྨྲས་གླེང་བརྗོད་མཁོན་བཅུག་གཤེགས་འདེབས་བཟློག །སྟོབས་ཀྱིས་གཉའ་གནོན་འཇབ་བུས་རྐུ་བ་སོགས། །དམག་ཇག་ཆོམ་རྐུན་འཇིགས་པ་མ་ལུས་བཟློག །མདོར་ན་ཕན་གནོད་སྒྱུ་མའི་རོལ་རྩེད་བཞིན། །བདེན་པར་མེད་ཀྱང་གཉིས་འཛིན་འཁྲུལ་བའི་ངོར། །ཤར་བའི་གདོན་བགེགས་བར་ཆད་མི་མཐུན་ཕྱོགས། །དམིགས་མེད་སྤྲོས་བྲལ་ཆོས་ཀྱི་དབྱིངས་སུ་བཟློག །བཟློག་བསྒྱུར་མ་རུང་དམ་ཉམས་དགྲ་བགེགས་སྟེང༌། །བཟློག་ཅིང་བསྒྱུར་པའི་འཕྲིན་ལས་དུས་ལ་བབས། །ཧཱུཾ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི། །ཚེ་དཔལ་སྙན་གྲགས་རྣམ་དཀར་བཤད་སྒྲུབ་སོགས། །ཆོས་ལྡན་བསམ་དོན་ལེགས་ཚོགས་མ་ལུས་པ། །རྒྱས་པར་མཛོད་ཅིག་བསྟན་སྲུང་མཐུ་རྩལ་ཅན། །ཞེས་པ་འདི་ནི་སོག་ཚང་མི་རྒྱབ་མ་ཅིག་གི་འདོད་མོས་ལྟར།  །དབྱངས་ཅན་བཞད་པས་བྲིས་པའོ།།  །། པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།

དཔྱད་མཆན་སྤེལ།