༄༅། །ཨོཾ་སྭ་སྟི་སི་དྡྷཾ། འདིར་རྒྱལ་ཀུན་བསྐྱེད་པའི་ཡུམ་མཆོག་རྡོ་རྗེ་གནོད་སྦྱིན་ཆེན་མོའི་གསོལ་མཆོད་ཐུགས་དམ་བསྐང་བའི་རིམ་པ་ལ། །རང་ཉིད་ཡི་དམ་གང་རུང་གི་ང་རྒྱལ་ལ་གནས་པས་མཆོད་གཏོར་བསྐང་རྫས་རྣམས་བྱིན་གྱིས་བརླབས་ཏེ། རང་གི་མདུན་དུ་རིན་ཆེན་ཕོ་བྲང་དབུས། །རིན་ཆེན་ཁྲི་སྟེང་སྨན་བཙུན་གནས་སྲུང་ཆེ། །མཚན་ནི་རྡོ་རྗེ་གནོད་སྦྱིན་མོ་རུ་གསོལ། །སྐུ་མདོག་དཀར་དམར་དར་སྔོན་ན་བཟའ་དང༌། །རིན་ཆེན་རྒྱན་མཛེས་ཕྱག་གཡས་བེ་ཅོན་བསྣམས། །གཡོན་པ་ནོར་གཞོང་འཛིན་ཅིང་མཛེས་པར་བཞུགས། །ནང་ལྟར་འདོད་ཁམས་དབང་ཕྱུག་ལྷ་མོ་ནི། །དཀར་གསལ་རིན་ཆེན་རྒྱན་མང་ན་བཟས་མཛེས། །ཕྱག་གཡས་ནོར་བུ་རིན་ཆེན་འབར་བ་བསྣམས། །གཡོན་པ་ནེའུ་ལེའི་རྐྱལ་བ་སྐབས་འགའ་རུ། །ནད་རྐྱལ་བསྣམས་ཤིང་བོང་བུ་ལ་བཅིབས་པ། །གསང་བ་ཡེ་ཤེས་མཁའ་འགྲོ་སྐུ་མདོག་མཐིང༌། །གྲི་ཐོད་འཛིན་ཅིང་རིན་ཆེན་རྒྱན་གྱིས་མཛེས། །དྲེལ་རྟ་ཞོན་ནས་སྟོང་གསུམ་ཀུན་ཏུ་ཉུལ། །འཁོར་དུ་སྨན་མོ་བྱེ་བ་འབུམ་སྡེར་བཅས། །གཞན་ཡང་ལྷ་སྲས་དེང་བཙན་འོད་དཀར་ནི། །འཕྲེང་བ་གླེགས་བམ་བསྣམས་ནས་དྲང་སྲོང་ཚུལ། །དགྲ་ལྷ་དབང་ཆེན་འོད་ལྡན་སྐུ་མདོག་དཀར། །མདུང་དར་གཏེར་བུམ་འཛིན་ཅིང་རྟ་དཀར་བཅིབས། །བཙུན་མོ་སྨན་བཙུན་དཀར་མཛེས་མདའ་དར་དང༌། །མེ་ལོང་འཛིན་ཅིང་སྲས་མཆོག་སྐུ་མདོག་དཀར། །ཤེལ་ཕྲེང་བུམ་པ་བསྣམས་ཤིང་བློན་པོ་ནི། །སྟག་ཤར་ཚུལ་འཛིན་མདོག་དམར་གྲི་ཕུབ་འཛིན། །སྟག་གཡག་གང་རུང་ཞོན་ཅིང་ཀླུ་ཡི་རྒྱལ། །ནོར་བུ་སྤྲུལ་ཞགས་བདུད་རྩིའི་བུམ་པ་བསྣམས། །རིན་ཆེན་རྒྱན་ལྡན་སྤྲུལ་མཇུག་མཛེས་པའི་ཚུལ། །ཀུན་ཀྱང་རང་འདྲའི་འཁོར་གྱིས་བསྐོར་ནས་བཞུགས། ཧཱུཾ། ཕྱི་ལྟར་ས་འཛིན་ནང་ཏུ་གཞལ་མེད་ཁང༌། །བཀོད་པ་ཡིད་འོང་གནས་མཆོག་དམ་པ་ནས། །ཕྱི་ལྟར་སྨན་བཙུན་རྡོ་རྗེ་གནོད་སྦྱིན་མོ། །ནང་དུ་འདོད་ཁམས་དབང་ཕྱུགས་མཁའ་འགྲོའི་ཚུལ། །གསང་བ་ཡེ་ཤེས་མཁའ་འགྲོ་ཆེན་མོ་སྟེ། །འཁོར་དུ་སྨན་ཕྲན་མང་པོའི་ཚོགས་དང་བཅས། །རྣལ་འབྱོར་བདག་གིས་དེང་འདིར་སྤྱན་འདྲེན་ན། །མ་ཐོགས་རིངས་པའི་ཚུལ་གྱིས་གནས་འདིར་བྱོན། །གཞན་ཡང་གནས་གཞིའི་བདག་པོ་འཁོར་བཅས་ནི། །རབ་བྱུང་གཟུགས་དང་དགེ་བསྙེན་ཆེན་པོ་དང༌། །བཙུན་མོ་སྨན་བཙུན་སྲས་མཆོག་ཤེལ་ཕྲེང་ཅན། །བློན་པོ་སྟག་ཤར་དཔའ་བོ་ཀླུ་ཡི་རྒྱལ། །ལ་སོགས་འཁོར་བཅས་ཐོགས་མེད་རྫུ་འཕྲུལ་གྱིས། །གནས་འདིར་གཤེགས་ཤིགས་མ་ཏི་ཥྛ་ལྷན། །ཨོཾ་བདེ་སྟོང་གཉིས་སུ་མེད་པའི་རོལ་བ་ལས། །བྱུང་བའི་ཕྱི་ནང་གསང་བའི་མཆོད་པའི་ཚོགས། །ས་དང་བར་སྣང་ནམ་མཁའི་ཁྱོན་བཀང་སྟེ། །ཁྱེད་རྣམས༌དགྱེས་པ་བསྐྱེད་ཕྱིར་འབུལ་བར་བགྱི། །རྣལ་འབྱོར་བདག་གི་ཏིང་འཛིན་གྱིས་སྤྲུལ་པའི། །འཇིག་རྟེན་འདི་ན་མཁོ་དགུ་ཡོད་དོ་ཅོག །སྤྲུལ་ནས་བཀོད་ལེགས་མཛེས་པར་བཤམས་པ་འདི། །དགྱེས་པ་བསྐྱེད་ཕྱིར་བདག་གིས་འབུལ་ལེགས་ན། །ཡུམ་གཅིག་ལྷ་མོ་རྡོ་རྗེ་གནོད་སྦྱིན་མོ། །སྨན་མོ་འབུམ་སྡེ་བཅས་པ་མཉེས་གྱུར་ཅིག །གནས་སྲུང་གཞི་བདག་མཆེད་ལྕམ་ཡུམ་སྲས་བློན། །མ་ལུས་ཐུགས་དམ་བསྐངས་ལ་བར་ཆད་སོལ། །ཁྱད་པར་ཟས་སྣ་དཀར་གསུམ་མངར་གསུམ་དང༌། །ཇ་ཆང་གསེར་སྐྱེམས་རྒྱ་མཚོའི་ཚོགས་དང་བཅས། །རྟ་གཡག་ར་ལུག་གོ་མཚོན་སྤྱན་གཟིགས་ཚོགས། །མཐུན་པའི་རྫས་ཀྱིས་ནམ་མཁའ་གང་བ་འདིས། །ཡུམ་གཅིག་ལྷ་མོ༌྾྾྾྾ ཡིད་འོང་ཤིང་སྣ་ཙན་དན་དཀར་དམར་སོགས། །མར་དང་ཟས་ཕུད་དཀར་མངར་བཅའ་བའི་རིགས། །རབ་འབར་ཞུགས་ལ་བསྲེགས་པའི་དུད་སྤྲིན་ཆེ། །མཁའ་དབྱིངས་བཻ་ཌར་བརྩེགས་པར་མཚུངས་པ་འདིས། །ཡུམ་གཅིག་ལྷ་མོ༌྾྾྾྾། ཧཱུཾ༑ དེ་ལྟར་རྣམ་མང་མཆོད་པ་རྒྱ་ཆེན་པོ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ཏེ་ལེགས་འབུལ་ན། །སྔོན་ཚེ་རྒྱལ་དབང་པདྨ་སཾ་བྷ་ཝ། །མི་ཏྲ་ཛོ་ཀི་གཏེར་ཆེན་ཐུགས་རྡོ་རྗེ། །རྣམས་ཀྱི་སྤྱན་སྔར་དམ་བཅས་ཉེར་དགོངས་ལ། །རྣལ་འབྱོར་བདག་ཅག་དཔོན་སློབ་སྡེ་བཅས་ཀྱི། །ཉམས་ཆགས་ཀུན་སོལ་འགལ་རྐྱེན་མ་ལུས་སོལ། །མཐུན་རྐྱེན་བསམ་དོན་ཡིད་བཞིན་འགྲུབ་པ་དང༌། །རྟག་ཏུ་བསྲུང་སྐྱོབ་གཡེལ་བ་མེད་པར་མཛོད། །ནད་གདོན་བར་ཆད་ཆག་ཆེ་ཉམ་པ་ཞི། །ཚེ་དཔལ་ལང་ཚོ་སྟོབས་འབྱོར་མངའ་ཐང་འཕེལ། །མོས་པ་རྣམ་བཞི་ཅི་འདོད་དབང་དུ་འདུ། །དགྲ་བགེགས་ལོག་པར་ལྟ་བ་ཚར་གཅོད་མཛོད། །ཁྱོད་གསོལ་ཁྱོད་བསྟེན་ཁྱོད་ཉིད་འབའ་ཞིག་ལ། །འབོད་ན་ཡིད་ལ་འདོད་དོན་མ་ལུས་པ།།བདེ་བླག་འགྲུབ་པའི་དགའ་བའི་བདུད་རྩིའི་ཆར། །ཡིད་ཀྱི་དཔལ་དུ་མྱོང་བར་མཛད་དུ་གསོལ། །བླ་མ་མཆོག་གི་ཞབས་པད་སྲིད་མཐར་བརྟན། །སྡེ་འདིའི་དགེ་འདུན་ཡར་ངོས་ཟླ་བ་ལྟར། །འཕེལ་ནས་བཤད་སྒྲུབ་བྱ་བ་བླ་ལྷག་རྒྱས། །ཡུལ་ཕྱོགས་བདེ་སྐྱིད་དཔལ་ལ་རོལ་བར་མཛོད། །བསྟོད་པ་ནི། ཨོཾ་འཆར་ཁའི་ཟླ་བའི་མདངས་འཛིན་དཀར་དམར་འོད། །འཕྲོ་ལྡན་རབ་མཛེས་ཞི་བའི་དང་ཚུལ་ཅན། །གོས་སྔོན་ལྷབ་ལྷུབ་རིན་ཆེན་རྒྱན་མང་འཕྱང༌། །བེ་ཅོན་ནོར་གཞོང་འཛིན་པའི་ཡུམ་ཁྱོད་བསྟོད། །ནང་ལྟར་འདོད་ཁམས་ལྷ་མོ་དཀར་མཛེས་འོད། །འཕྲོ་ལྡན་རིན་ཆེན་རྒྱན་སྤྲས་ནོར་བུ་དང༌། །ནེའུ་ལེའི་རྐྱལ་བ་སྐབས་འགར་ནད་རྐྱལ་འཛིན། །བོང་བུ་ལ་བཅིབས་གནས་བདག་ཆེན་མོར་བསྟོད། །གསང་བ་ཡེ་ཤེས་མཁའ་འགྲོ་སྐུ་མདོག་མཐིང༌། །ཞི་འཛུམ་གྲི་ཐོད་འཛིན་ཅིང་རིན་ཆེན་རྒྱན། །མཛེས་ལྡན་འཁོར་དུ་ཡིད་འོང་སྨན་མོ་ཚོགས། །དཔག་ཡས་དར་བཅས་མདོ་སྨད་སྐྱོང་ལ་བསྟོད། །གྲུབ་པའི་སློབ་དཔོན་པདྨ་སཾ་བྷ་ཝ། །རྡོ་རྗེ་ཆོས་དངོས་བསྟན་པའི་རྒྱ་མཚོ་དང༌། །གཏེར་ཆེན་པདྨ་དབང་རྒྱལ་བཞད་པ་རྩལ། །གང་གིས་བཀའ་བསྒོས་ཇི་ལྟར་གསུང་པའི་ཚུལ། །ཐུགས་ཀྱི་མེ་ལོང་དྭངས་པར་གསལ་བཀོད་པ། །དྲན་པར་མཛོད་ལ་དུས་རྣམ་ཐམས་ཅད་དུ། །ནམ་ཡང་གཡེལ་བ་མེད་པར་བྱ་བ་དང༌། །སྲུང་སྐྱོབ་སྡོངས་གྲོག་མཛོད་ཅིག་རྡོ་རྗེ་མོ། །ཞེས་དང༌། ཡུལ་སྐྱོང་ལ། ཨོཾ་རྭ་ཡི་ཡུལ་སྐྱོང་མཐུ་ལྡན་གཉན་པོ་ནི། །དགེ་སློང་བརྟུལ་ཞུགས་ཉེར་འཆང་བགྲང་ཕྲེང་དང༌། །གླེགས་བམ་གྱིས་ནི་ཕྱག་མཛེས་དཀར་ཕྱོགས་སྐྱོང༌། །མཐུ་ལྡན་དབང་ཆེན་འོད་ལྡན་ཁྱོད་ལ་བསྟོད། །དགེ་བསྙེན་ཆེན་པོ་དཀར་གསལ་རྟ་དཀར་བཅིབས། །མདུང་དར་གཏེར་གྱི་བུམ་པ་ཕྱག་ན་བསྣམས། །དཀར་པོའི་ཕྱོགས་སྐྱོང་ནག་པོའི་དཔུང་འཇོམས་པའི། །མཐུ་ལྡན་དབང་ཆེན་ལོ་དེར་དཀར་པོ་བསྟོད། །བཙུན་མོ་སྨན་བཙུན་དཀར་མཛེས་ཡིད་དུ་འོང༌། །མདའ་དར་མེ་ལོང་འཛིན་ཅིང་རྒྱན་མང་མཛེས། །དར་གྱི་ན་བཟའ་ཀླུབས་ལྡན་དཀར་པོའི་རིགས། །ལྷ་སྨན་དཔལ་མོ་བཙུན་ལ་བདག་གིས་བསྟོད། །སྲས་མཆོག་གཞོན་ནུའི་གཟུགས་ཅན་དཀར་ཞིང་མཛེས། །ཤེལ་དཀར་ཕྲེང་བ་གཡས་དང་བུམ་པ་གཡོན། །འཛིན་མཛད་དཀར་པོའི་ཕྱོགས་རྣམས་སྐྱོང་མཛད་པ། །གཉན་ཆེན་དེང་བཙན་འོད་དཀར་ཁྱོད་ལ་བསྟོད། །མདུན་གྱི་སྟག་པའི་རིར་གནས་བློན་པོ་ནི། །སྟག་ཤར་དཔའ་པོའི་ཆས་ལྡན་སྐུ་མདོག་དམར། །རལ་གྲི་ཕུབ་འཛིན་སྟག་གཡག་མ་ངེས་ཞོན། །གཉན་ཆེན་དྲག་པོ་མེ་འབར་ཁྱོད་ལ་བསྟོད། །བྲག་རིར་གནས་བཅས་ཀླུ་ཡི་རྒྱལ་བོ་ནི། །སྐུ་མདོག་སྔོན་པོ་སྦྲུལ་གྱི་ཞགས་པ་དང༌། །བདུད་རྩིས་གང་བའི་བུམ་པ་འཛིན་པ་ཡི། །སྦྲུལ་མཇུག་མཛེས་ལྡན་གདེངས་ཅན་ཁྱོད་ལ་བསྟོད། །གྲུབ་དབང་དམ་པ་རྣམས་ཀྱི་དམ་ཚིག་གིས། །བསྒོས་པ་ལས་ནི་མ་འདའ་བདག་ཅག་གི། །གྲོགས་ལ་ཉིན་མཚན་ཀུན་ཏུ་གཡེལ་མེད་པར། །མཛོད་ཅིག་ལྷ་ཡི་སྡེ་དཔོན་མཐུ་རྩལ་ཅན། །ཞེས་པས་བསྟོད། ཅེས་པ་འདི་ཡང་ཡབ་རྗེ་གོང་མའི་རྩོམ་ཐོ་སོར་བཞག་བྱས་ལ་ཅུང་ཟད་ཟུར་བཅོས་ཏེ། །དབྱངས་ཅན་བཞད་པས་བྲིས་པ་དགེ་ལེགས་འཕེལ།། །།པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།། དགེའོ།།