༄༅།།ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེངྒེའི་གླིང་གི་ཁྲི་བཤད་བཞུགས་སོ།།

༄༅། །འོ་ལགས་སོ། །དེ་ཡང་ཇི་སྐད་དུ། གང་གི་ཞབས་པད་གཙུག་ན་གུས་བསྟེན་པས། །སྲིད་ཞིའི་རྒུད་པ་གཅོད་པའི་དྲི་མེད་ལམ། །བརྩེ་བའི་ཐུགས་ཀྱིས་ཇི་བཞིན་མདོམས་མཛད་པ། །བཤེས་གཉེན་དམ་པ་རྣམས་ཀྱི་ཞབས་ལ་འདུད། །ཅེས་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཐུགས་རྗེ་བསྐུལ་བའི་བདེན་ཚིག་གིས་ཤིས་པར་བརྗོད་པས་ངག་ལམ་ཡངས་པར་བྱས་ཏེ། ཚུལ་ཁྲིམས་ཆུ་གཏེར་ཆེན་པོའི་ཀློང་ནས་ཐོན་པའི་མང་ཐོས་མཁས་བཙུན་བཟང་པོའི་ཆ་ཤས་ཡོངས་སུ་རྫོགས་ཤིང༌། ཐོས་དོན་བསམ་པ་དང་སྒོམ་པའི་རི་དྭགས་ཀྱི་མཚན་མས་མངོན་པར་མཛེས་པའི་འཕགས་ཆེན་མཁས་མང་འདུས་སྡེ་རིན་པོ་ཆེའི་དབུས་སུ་གང་ཞུ་བ་ཡིན་ན། མི་མཇེད་འཇིག་རྟེན་གྱི་ཁམས་འདིར་པདྨ་སྟོང་འབྱུང་བའི་རྟེན་འབྲེལ་དང་རྗེས་སུ་མཐུན་པར་སངས་རྒྱས་སྟོང་བྱོན་པའི་ནང་ནས་སྙིང་སྟོབས་མཆོག་ཏུ་གྱུར་པ་ནི། མཐའ་ཡས་རྒྱལ་བའི་སྙིང་སྟོབས་བཙན་པོའི་གོ །གཅིག་ཆར་ཡོངས་རྫོགས་མཚན་དཔེའི་ངོ་མཚར་མཆོག །སྐལ་བཟང་འགྲོ་བའི་སྣང་བྱེད་དགའ་སྟོན་ཅན། །རྣམ་འདྲེན་བུ་རམ་ཤིང་བ་རྒྱལ་གྱུར་ཅིག །ཅེས་བསྟོད་བསྔགས་ཀྱི་ཡུལ་མཆོག་ཏུ་གྱུར་བ་མཉམ་མེད་ཟས་གཙང་གི་སྲས་པོ་ཡིན་ལ། དེ་ཉིད་ཀྱི་སྙིགས་མའི་འགྲོ་བ་དགྲོལ་བའི་ཐུགས་བསྐྱེད་དུས་སུ་སྨིན་བའི་ཚེ་འཛམ་བུ་བྲྀཀྵའི་འབྲས་བུ་རྒྱ་མཚོར་ལྷུང་བའི་སྒ་ལས་ཉེ་བར་དྲངས་པའི་གླིང་མཆོག་རྣམ་འདྲེན་ཐམས་ཅད་གསར་དུ་འཚང་རྒྱ་ཚུལ་སྟོན་པའི་གནས། ཡུལ་དབུས་མ་ག་བྷ་རྡོ་རྗེ་གདན་དུ་སངས་རྒྱས་པའི་ཚུལ་བསྟན་ཏེ། སྐུ་གསུང་ཐུགས་ཀྱི་མཛད་པ་མཐའ་གླས་པའི་ནང་ནས་མཆོད་ཏུ་གྱུར་བ་ནི་ཆོས་འཁོར་བསྐོར་བའི་མཛད་པ་འདི་ཡིན་ལ། དེ་ཡང་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་སུ་དམན་པ་ལ་མོས་པ་ལྔ་སྡེ་བཟང་བོ་ལ་སོགས་བ་ཐེག་དམན་རིགས་ཅན་རྣམས་ལ་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར། རྒྱ་ཆེན་པོ་ལ་མོས་བ་རྣམས་ལ་བཀའ་བར་བ་མཚན་ཉིད་མེད་པའི་ཆོས་འཁོར་བསྐོར། ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་བསྐོར།ཟབ་མོ་ལ་མོས་པའི་གདུལ་བྱ་བློ་མཆོག་ཏུ་གྱུར་པ་རྣམས་ལ་གསང་སྔགས་ཀྱི་ཆོས་འཁོར་བསྐོར་ཏེ་ལྷར་བཅས་འགྲོ་བའི་ཕན་བདེའི་གཞི་རྟེན་བསྟན་པ་རིན་པོ་ཆེ་དར་རྒྱས་ཡུན་རིང་དུ་གནས་པར་བྱིན་གྱིས་བརླབས་བ་ཡིན་པས་འཕྲལ་ཡུན་ཀུན་ཏུ་བཀའ་དྲིན་ཆེ་བ་ཀུན་གྱི་རྩ་བ་ཡིན། དེ་ནས་རྒྱལ་བ་རང་ཉིད་ཀྱི་གདུང་འཚོབ་གཏད་རབས་བདུན་དང༌། ཆོས་ཉིད་ཟབ་མོའི་དོན་སྟོན་ཀླུ་སྒྲུབ་ཡབ་སྲས། རྒྱ་ཆེན་ལམ་གྱི་སྲོལ་བཏོད་ཐོགས་མེད་སྐུ་མཆེད། རིགས་པའི་དབང་ཕྱུག་ཕྱོགས་གླང་ཆོས་གྲགས། བླང་དོར་འབྱེད་མཛད་ཡོན་ཤཱཀ་རྣམ་གཉིས། མཁས་པའི་མཐར་སོན་ཙནྚ་གོ་མི། སྨྲ་བའི་དབང་པོ་སློབ་དཔོན་དཔའ་པོ། ཐམས་ཅད་མཁྱེན་པ་རིན་ཆེན་འབྱུང་གནས་སོགས་བཤད་སྒྲུབ་ཀྱི་ཁུར་འཛིན་པའི་བཎྚི་ཏ་དང་གྲུབ་པའི་དབང་ཕྱུག་རིམ་པར་བྱོན་པ་རྣམས་བཀའ་དྲིན་ཆེ། དེ་ནས་བསིལ་ལྡན་གངས་རིའི་དོ་ཤལ་ཚར་དུ་དངར་བའི་ལྗོངས་འདིར་ཡང་རྒྱལ་བ་རང་ཉིད་ཀྱིས་བསྟན་པ་བྱང་ནས་བྱང་དུ་དར་བའི་ཐུགས་བསྐྱེད་དང་རྟེན་འབྲེལ་བསྒྲིགས་པའི་མཐུས། བོད་ཀྱི་རྒྱལ་རབས་ཉེར་བདུན་པ་ལྷ་ཐོ་ཐོ་རིའི་རིང་ལ་མདོ་སྡེ་ཟ་མ་ཏོག་དང་གསེར་གྱི་མཆོད་རྟེན་ནམ་མཁའ་ནས་བབས་སྟེ་བསྟན་བའི་དབུ་བརྙེས། སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་ཆོས་རྒྱལ་སྲོང་བཙན་སྒམ་པོས་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་བཞེངས་པ་སོགས་བསྟན་པའི་སྲོལ་བཏོད། དེ་རྗེས་རྗེ་བཙུན་འཇམ་བའི་དབྱངས་ཀྱི་རྣམ་འཕྲུལ་ཁྲི་སྲོང་སྡེ་བཙན་གྱིས་མཁན་ཆེན་ཞི་བ་འཚོ་སྤྱན་དྲངས་ཏེ་མཁན་སློབ་ཆོས་གསུམ་གྱིས་བཤད་སྒྲུབ་འཛིན་པའི་སྡེ་བཙུག་པ་དང༌། ལོ་པཎ་དུ་མས་ཆོས་མང་དུ་བསྒྱུར་ནས་དར་རྒྱས་སུ་མཛད། ཁྲི་རལ་གྱི་དུས་སུ་ཀ་ཅོག་ཞང་གསུམ་སོགས་ལ་བརྟེན་ནས་སྐད་གསར་བཅད་ཀྱིས་གཏན་ལ་ཕབས་པ་ཡིན་བས་ཆོས་རྒྱལ་ལོ་པཎ་རྣམས་བཀའ་དྲིན་ཆེ། དེ་ནས་བསྟན་པ་ཕྱི་དར་ལ་འདུལ་བའི་བསྟན་པ་རིན་པོ་ཆེ་སྟོད་སྨད་ནས་མེ་རོ་གསར་དུ་གསོ་བར་མཛད་པའི་སྐྱེས་མཆོག་དམ་པ་རྣམས་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འཁོར་བྱང་ཆུབ་སེམས་དཔའ་བཟང་སྐྱོང་ཞེས་བྱ་བའི་སྐུའི་སྐྱེས་བ། བརྩེ་ཆེན་སྙིང་རྗེའི་བདག་ཉིད། ཕྱི་ནང་གི་གྲུབ་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པ་མཉམ་མེད་ཇོ་བོ་ཆེན་པོ་ལྷ་བླ་མ་ཁུ་དཔོན་གྱིས་སྤྱན་དྲངས་ཏེ་ལྷ་ཆོས་བདུན་ལྡན་གྱི་བསྟན་པའི་སྒྲོན་མེ་གསལ་བར་མཛད་པས་བཀའ་དྲིན་ཆེ། རྗེ་དེ་ཉིད་ཀྱི་ལམ་སྲོལ་འཛིན་པའི་སྐྱེས་བུ་དམ་པ་ཁུ་རྔོག་འབྲོམ་གསུམ། ལོ་ཆེན་རིན་ཆེན་བཟང་བོ་སོགས་དང༌། ཁྱད་པར་དུ། རླུང་གི་ཤིང་རྟ་བདུན་གྱིས་མ་དྲངས་ཤིང༌། །ཆ་ཤས་བཅུ་གཉིས་དག་དང་མི་ལྡན་པའི། །རྨོངས་བའི་མུན་ཚོགས་མ་ལུས་འཇོམས་མཛད་པ། །བློ་ལྡན་ཤེས་རབ་བརྒྱུད་པར་བཅས་པ་རྒྱལ། །ཞེས་བསྟོད་བསྔགས་ཀྱི་ཡུལ་དུ་གྱུར་བ་གངས་ལྗོངས་བསྟན་པའི་མངའ་བདག་རྔོག་བློ་ལྡན་ཤེས་རབ། ཕྱ་བ་ཆོས་ཀྱི་སེང་གེ་སོགས་བསྟན་འཛིན་རིམ་བྱོན་རྣམས་བཀའ་དྲིན་ཆེ། དེ་ནས། རྣམ་འདྲེན་ཀུན་གྱི་མཁྱེན་པའི་ཕུང་པོ་གང༌། །གཅིག་གྱུར་འཇམ་མགོན་མི་ཡི་སྲིད་པའི་གར། །བསམ་བཞིན་རྣམ་པར་རོལ་བའི་མཛད་པ་ལ། །བསྐལ་བཟང་རྒྱལ་བ་སྟོང་གིས་བསྒྲུན་དུ་མེད། །ཅེས་བསྔགས་བརྗོད་ཀྱི་ཡུལ་དམ་པར་གྱུར་པ་ཁམས་གསུམ་འགྲོ་བའི་བླ་མ་ཙོང་ཁ་བ་ཆེན་པོ་ཞེས་གྲགས་སྙན་འཆི་བ་མེད་པའི་རྔ་སྒྲ་སྲིད་བ་གསུམ་གྱི་ཁྱོན་ལས་མངོན་པར་བརྒལ་བ་དེ་ཉིད་ནི། མདོ་སྡེ་གདམས་ངག་འབོག་པའི་རྒྱལ་བོ་ལས། ད་ལྟ་ང་ལ་ཤེལ་དཀར་གྱི་ཕྲེང་བ་ཕུལ་ནས་སེམས་བསྐྱེད་པ། མ་འོངས་དུས་ཀྱི༌སྙིགས་མ་ལ། །འབྲི་དང་ལྡན་གྱི་ས་མཚམས་སུ། །དགེ་ཞེས་བྱ་བའི་དགོན་པ་འདེབས། །བློ་བཟང་ཞེས་བྱའི་མཚན་ཅན་འབྱུང༌། །ཞེས་སོགས་བཀའ་དང་བསྟན་བཅོས་དུ་མ་ནས་བསྟན་པའི་བདག་པོར་ལུང་བསྟན་ཅིང༌། རྗེ་རང་ཉིད་ཀྱིས་ཀྱང་སྔོན་རྒྱལ་བ་དབང་པོའི་ཏོག་གི་སྤྱན་སྔར་ཟབ་མོ་དབུ་མའི་ལྟ་བ་དང༌། གསང་སྔགས་ཀྱི་ལམ་བཟང་རྒྱས་པར་མཛད་པའི་ཐུགས་བསྐྱེད་དང་སྨོན་ལམ་གནང་བ་ལྟར། །གངས་ཅན་མཁས་པ་སུས་ཀྱང་མ་ཐོན་པའི་ཟབ་རྒྱས་ཀྱི་གནད་ཚང་ལ་མ་ནོར་བ་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་ནུབ་ཛ་ཏིའི་མེ་ཏོག་བཞད་པའི་ཡུལ་གྲུ་ནས་བཟུང༌། ཤར་ཟ་འོག་གོས་ཀྱི་རི་མོ་ཐགས་སུ་བསྐྲུན་པའི་བར་ཁྱབ་བདལ་དུ་སྤེལ་ནས་བསྟན་པ་ལོ་སྟོང་གི་བར་དུ་བསྲིངས་བར་མཛད་པས་བཀའ་དྲིན་ཆེ། རྗེ་བླ་མ་དེ་ཉིད་གྱི་སྲས་ཀྱི་ཐུ་པོ་རྒྱལ་ཚབ་དར་མ་རིན་ཆེན། འདུལ་འཛིན་གྲགས་པ་རྒྱལ་མཚན། ནང་ཐུགས་ཀྱི་སྲས་གཅིག་མཁས་གྲུབ་རྗེ་དང༌། གཞན་ཡང་བུ་ཆེན་བཞི། དག་པ་རྣམ་བརྒྱད། འཕྲིན་ལས་ནམ་མཁའ་དང་མཉམ་པ་ལྔ་སོགས་དགེ་ལྡན་བསྟན་པའི་གསལ་བྱེད་སྐྱེས་མཆོག་རིམ་བྱོན་རྣམས་དང༌། བོད་ཆེན་པོ་མདོ་སྨད་ཀྱི་ལྗོངས་འདིར་ཐུབ་བསྟན་ཡིད་བཞིན་དབང་གི་རྒྱལ་པོ་བཤད་སྒྲུབ་རྒྱལ་མཚན་གྱི་རྩེ་མོར་འགོད་པར་མཛད་པའི་སྐྱེས་མཆོག་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་སྐུ་ཕྲེང་རིམ་བྱོན་དང༌། འཇམ་མགོན་མཁྱེན་གཏེར་གཞོན་ནུ་ངུར་སྨིག་འཆང་བའི་རྣམ་རོལ་མཁས་བའི་གཙུག་རྒྱན་ཁྲི་ཆེན་གུང་ཐང་སྐུ་འཕྲེང་རིམ་བྱོན་རྣམས་བཀའ་དྲིན་ཆེ། ཁྱད་པར་འཇམ་མགོན་ལུགས་བཟང་སྤེལ་བའི་བྱེད་པོ་རང་ཅག་རྣམས་ཀྱི་འདྲེན་མཆོག་དམ་པ་མེ་ཏོག་ཕོག་པའི་ལྷ་སྐལ་འཇམ་དཔལ་སྤྲིན་རྒྱ་མཚོ་ཉིད་ནས་ཆོས་སྡེ་ཆེན་པོ་འདི་ཉིད་ཕྱག་འདེབས་མཛད་ཅིང༌། མདོ་སྔགས་ཟུང་འབྲེལ་གྱི་བསྟན་པའི་རྨང་གཞི་བཙུགས་ཏེ་བཀའ་བོད་ལྔས་མཚོན་མདོ་སྔགས་ཀྱི་གཞུང་ལ་ཐོས་བསམ་དང༌། ཐོས་དོན་རྒྱུད་ལ་སྦྱར་བའི་ཉམས་ལེན། བསྟན་པའི་ནང་མཛོད་འདུལ་བའི་བཅས་ཁྲིམས་སོགས་སྔར་སྲོལ་གང་ཡོད་གྲྭ་མ་ཆག །གྲུ་མ་ཉམས་པར་གནས་ཡོད་པ་འདི་བྱུང་བ་ཡིན་པས་སྐྱབས་རྗེ་ཡབ་སྲས་བརྒྱུད་བར་བཅས་པ་རྣམས་བཀའ་དྲིན་ཆེ། ཉེ་ལམ་དགོས་དོན་གྱི་དབང་དུ་བཏང་ན། ཡོན་ཏན་ཀུན་གྱི་གཞི་རྟེན་ཚུལ་ཁྲིམས་མིག་འབྲས་ལྟར་བསྲུངས་པ་གཞིར་བཞག་གི་སྟེང༌། ལུང་སྡེ་སྣོད་གསུམ་དགོངས་འགྲེལ་དང་བཅས་པ་ལ་མཁས་བར་སྦྱངས། དེ་དོན་སེམས་རྒྱུད་འདུལ་བའི་ཐབས་སུ་སྦྱར་ཏེ། སྒོམ་སྒྲུབ་ཀྱི་སྒོ་ནས་ཉམས་སུ་བླངས་ནས་དལ་འབྱོར་དོན་ལྡན་ཞིག་གཙོ་བོར་གནང་དགོས། འོན་ཀྱང་བདག་ལྟ་བུ་ལ་སྐྱེས་སྟོབས་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་ཡོན་ཏན་དམན་པས། ཁྱོད་མཁས་བའི་དབང་པོ་སྡེ་སྣོད་གསུམ་ལ་འཆད་ཉན་གྱིས་སྒྲོ་འདོགས་བཅད་ཅིང༌། བསམ་སྒོམ་གྱིས་མྱོང་བྱང་ཆུབ་བ་རྣམས་ལ་འཆད་ཉན་བྱེད་རྒྱུ་དཀའ་ནའང༌། ྋསྐྱབས་མགོན་མཆོག་གི་བཀའ་གྱེན་བཟློག་མ་ནུས་པས། དེ་རིང་གཟའ་སྐར་ཚེས་གྲངས་ཕུན་སུམ་ཚོགས་པར་དམ་པ་རིམ་བྱོན་གྱིས་བྱིན་གྱི་བརླབས་པའི་ཆོས་གྱི་གདན་ཁྲིར་འཁོད་པ་ལ། སྤྱི་སྒེར་ཀུན་ནས་ལེགས་འབུལ་སོགས་རྒྱ་ཆེར་བསྟར་བ་འདི་དག་བསྔོ་བྱའི་རྫས་སུ་བྱས་ཏེ་བསྔོ་བ་རེ་བྱེད་པའི་ཕྱག་སྲོལ་འདུག་པ་བཞིན་བྱེད་པ་ལ། ཕུན་སུམ་ཚོགས་པའི་དགེ་འདུན་པ་རྣམས་ནས་སྤྱིར་དུས་གསུམ་རྒྱལ་པ་ཀུན་གྱིས་བསྔགས་པའི་སྨོན་གནས་རྣམ་པར་དག་པ་ལྷུན་གྱིས་གྲུབ་པ་དང༌། ཁྱད་པར་དུ་རང་ཅག་དཔོན་སློབ་རྣམས་ཀྱིས་གཞུང་བཀའ་བོད་ལྔས་མཚོན་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་འཆད་ཉན། བསླབ་གསུམ་རིམ་གཉིས་ཀྱི་ཉམས་ལེན་སོགས་བསྟན་པའི་བྱ་བ་འདུན་པ་ཆིག་དྲིལ་གྱི་སྒོ་ནས་བྱེད་པ་ལ་ཕྱི་ནང་གི་ཉེར་འཚོའི་རིགས་གང་ཡང་མི་འབྱུང་ཞིང༌། འདོད་དོན་མཐའ་དག་ཇི་ལྟར་སྨོན་པ་བཞིན་དུ་འགྲུབ་སྟེ། འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་བསྟན་པ་རིན་པོ་ཆེའི་མཛེས་རྒྱན་དུ་འགྱུར་པ་དང༌། མཁའ་མཉམ་ལུས་ཅན་ཡོངས་ཀྱི་ཕན་བདེའི་དཔལ་དུ་འགྱུར་བ་སོགས་ཀྱི་སྤྱན་དམིགས་རྒྱ་གང་ཆེ་གསལ་བཏབ་སྟེ་བསྔོ་བའི་མཐུན་འགྱུར་ཐུགས་ལ་འདོགས་པར་ཞུ། བསྔོ་བ་བྱ། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང༌། །ཞེས་སོགས་ཤོ་ལོ་ཀ་གཉིས། གཙུག་ལག་ཁང་རྣམས་གློག་པ་དར། སོགས། འཇིག་རྟེན་བདེ་ཞིང་ལོ་ལགས་དང༌། །སོགས། ཆོས་ཀྱིས་རྒྱལ་བོ་ཞེས་པ་ནས་བསྟན་པ་ཡུན་རིང་འབར་གྱུར་ཅིག །ཅེས་པ་འདི་ནི་སྨན་བ་སྤྲུལ་པའི་སྐུ་ཆོས་སྡེ་འདི་ཀའི་ཁྲིར་བཞུགས་སྐབས་ཁྲི་བཤད་ཅིག་དགོས་ཚུལ་བྱུང་བ་ལྟར། ྋདབྱངས་ཅན་བཞད་བས་བྲིས་པའོ།།    །།དགེ་བསྐོས་ཀྱིས་ཞུ་རྒྱུས་བཟོད་གསོལ་བཞུགས་སོ། །གང་ཞུ་ན། དེ་ཡང་བསྟན་པའི་བདག་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཁོར་ལྔ་སྡེ་ལ་ཆོས་འཁོར་བསྐོར་བ་ནས་བཟུང༌། མཐའ་དབུས་ཀྱི་དགེ་འདུན་གྱི་སྡེ་མང་དུ་འཕེལ། ལོ་བཅུ་གསུམ་ཙམ་ནས་གླེང་གཞིར་ལ་བརྟེན་ཏེ་ཁྲིམས་ཀྱི་བཅས་བ་མཛད་ནས། གནས་བརྟན་དང༌། དགེ་བསྐོས་སོགས་ཀྱིས་དགེ་འདུན་གྱི་ལས་ཁུར་འཛིན་པའི་སྲོལ་ཚུགས་པ་ལྟར། བོད་དང་བོད་ཆེན་གྱི་ཡུལ་གྲུ་ཀུན་ཏུ་ད་ལྟའི་སྲོལ་དར་རྒྱས་ཆེ་མོད། རང་རེའི་ཆོས་སྡེ་འདིར་ཡང་སྐྱབས་མགོན་གོང་མ་དེ་ཉིད་ཀྱིས་སྡེ་འདི་ཕྱག་འདེབས་མཛད་པ་ནས་བཟུང་ལོ་རེ་བཞིན་དགེ་བསྐོས་བསྐོ་བཞག་བྱེད་རྒྱུས་ལུགས་སྲོལ་བཟང་པོ་ཡོད་པ་འདི་བཞིན་ལགས་ལ། འོན་ཀྱང་བདག་ལྟ་བུ་ལ་ལུགས་གཉིས་གང་གི་ངོས་ནས་བསམ་ཀྱང་དེ་འདྲའི་ཁ་སྟབས་དང་འོས་མེད་ནའང༌། སྐྱབས་མགོན་མཆོག་གི་བཀའ་གྱེན་བཟློག་མ་ནུས་པར་གསུང་གི་མེ་ཏོག་སྤྱི་བོའི་རྒྱན་ཏུ་བཅིང་སྟེ་ལོ་གཅིག་གི་ལས་ཁུར་མཐར་ཕྱིན་པའི་ཁུལ་ཡིན། དེ་ཡང་རང་གི་ངོས་ནས་ཤེས་ཚོད་ཀྱིས་བཅའ་ཡིག་དང་ལས་འབྲས་དཔང་པོར་བཞག་པ་ལས། རྒྱང་ཆད་ཕྱོགས་སུ་མ་ལྷུང་བར་གྲྭ་ཚང་རིན་པོ་ཆེའི་འགྲིག་ལམ་གྱི་རྟིང་བསྐུལ་གྲིམ་ལྷོད་མེད་པར་མི་ཉམས་གོང་འཕེལ་དུ་འགྲོ་བའི་ཐབས་སུ་འབད་ཁུལ་བྱས་པ་ཡིན་ན་ཡང༌། བདག་ནི་སོ་སོའི་སྐྱེ་བོ་འཆིང་བ་ཀུན་ལྡན་ཉོན་མོངས་པའི་ལིང་ཏོག་གིས་བླང་དོར་གྱི་མིག་བསྒྲིབས་པའི་དབང་གིས་སྒོ་གསུམ་གྱིས་ཉེས་སྤྱོད་གང་བགྱིས་པ་ཐམས་ཅད་འགྱོད་སེམས་དྲག་པོའི་སྒོ་ནས་བཤགས་ཤིང་བཟོད་པར་གསོལ་བར་འཚལ་ན། དྲང་སྲོང་བཟོད་པར་སྨྲ་བའི་རྣམ་མཐར་ལྟར་ཐུགས་བརྩེ་བ་ཆེན་པོའི་ངང་ནས་བཟོད་པར་མཛད་དགོས། དེ་ཅིའི་ཕྱིར་ན། དཔལ་ལྡན་ཟླ་བའི་ཞབས་ཀྱིས། མི་སྡུག་གཟུགས་སུ་བྱེད་ཅིང་དམ་པ་མིན་པར་བཀྲི། །ཚུལ་དང་ཚུལ་མིན་ཤེས་པའི་རྣམ་དཔྱོད་འཕྲོག་བྱེད་ཅིང༌། །མི་བཟོད་པ་ཡིས་མྱུར་དུ་ངན་འགྲོར་སྐྱུར་བར་བྱེད། །ཅེས་གསུངས་པ་ལྟར་གྱི་ཁོང་ཁྲོའི་ཉེས་དམིགས་དང༌། བཟོད་པས་མཛེས་ཤིང་སྐྱེ་བོ་དམ་པ་ལ། །ཕངས་དང་ལུགས་དང་ལུགས་མིན་ཤེས་པ་ལ། །མཁས་བར་འགྱུར་ཞིང་དེ་ཡི་འོག་ཏུ་ནི། །ལྷ་མིའི་སྐྱེས་དང་སྡིག་པ་ཟད་པར་འགྱུར། །ཞེས་གསུངས་པ་ལྟར་གྱི་བཟོད་པའི་ཕན་ཡོན་ཐུགས་ལ་བཞག་ནས། བདག་གིས་ལུས་ངག་ཡིད་གསུམ་སྒོ་ནས་དགེ་འདུན་པ་རྣམས་ཀྱི་ཐུགས་ཟུར་སྤྱན་ཟུར་ལ་ཕོག་པ་སོགས་མི་དགེ་བའི་ཉེས་སྤྱོད་གང་བགྱིས་པ་ཐམས་ཅད་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་བཟོད་པར་བཞེས་ཏེ། ཉེས་པའི་ཚོགས་རྣམས་བྱང་ཞིང་དག་ནས་འཕྲལ་དང་ཡུན་དུ་སྒྲིབ་པར་མི་འགྱུར་བ་དང༌། བདག་ཀྱང་བླ་མེད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བླ་མ་འདུས་སྡེ་དང་བཅས་པ་དང་འབྲལ་བ་མེད་པར་ས་ལམ་གྱི་འགྲོད་པ་མཐར་ཕྱིན་ནས་སྐུ་བཞིའི་གོ་འཕང་མྱུར་དུ་ཐོབ་པའི་སྐྱབས་འཇུག་མི་འདོར་བ་མཁྱེན་མཁྱེན། ཅེས་གསོལ་བ་རྩེ་གཅིག་ཏུ་འདེབས་པ་ལགས་ན། དབུ་མཛད་ཆེན་མོ་ནས་ལྟུང་བ་བཤགས་པ་དང༌། སྤྱི་བཤགས་གསུངས་བར་ཞུ། །འདི་ཡང་རྗེ་ཉིད་ཀྱིས་གསུངས་བ་ཡིན་ནོ།།    །།པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།།       དགེའོ། །

དཔྱད་མཆན་སྤེལ།