༄༅།།ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་གི་རྩོད་ཡིག་མ་ལི་ཀའི་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ།།

༄༅། །ཨོཾ་སྭ་སྟི་པྲ་ཛ་བྷྱཿ དཀོ༷ན་མཆོ༷ག་མཐུ་བྱིན་ཟླ་ཡུམ་ལས་འཁྲུངས་ཤིང༌། །ལུང་རྟོགས་བསྟན༷་བའི༷་དཀྱིལ་འཁོར་ཡོངས་སུ་རྫོགས། །རྒྱ༷ལ་སྲས་སྤྱོད་པའི་རི་དྭགས་མཚ༷ན་མས་མཛེས། །སྐྱབས་མཆོག་སྨྲ་བའི་ཟླ་བ་གཙུག་ན་རྒྱལ། །མང་ཐོས་དཔལ༷་གྱི་བསིལ་ལྡན༷་ལྷུན་པོའི་སྤོར། །དྲི་བྲལ་ལུང་རིགས་སྨྲ༷་བའི༷་གད་རྒྱིང་ཅན། །བགྲང་ཡས་དྲན་དབང་སེ༷ང་གེ༷འི་ཁྱུ་འཁྲིག༷ས་པའི། །མཛམ་གླིང༷་རྒྱན་མཆོག་ཆོས་ཀྱི་སྡེ་ཆེན་རྒྱལ། བཀའ་པོད་རྣམ་ལྔའི་ཚིག་དོན་རིན་ཆེན་ཚོགས། །བློ་གསལ་སྒེག་མོའི་མགྲིན་པའི་མཛེས་རྒྱན་དུ། །
ཚིག་སྦྱོར་དར་གྱི་སྲད་བུ་ལ་བརྒྱུས་བའི། །སྔོན་མེད་རྩོད་ཡིག་ཕྲེང་མཛེས་སྤེལ་བར་བྱ། །དེ་ལ་འདིར་ཕྱོགས་ལས་རྣམ་པར་རྒྱལ་བའི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་ཞེས་མཚན་སྙན་འཆི་བ་མེད་པའི་རྔ་སྒྲ་སྲིད་པ་གསུམ་གྱི་ཁོང་ལས་བརྒལ་བ་འདི་ཉིད་ཀྱི་བློ་གསལ་རྣམས་ཀྱིས་རྒྱལ་བའི་གཞུང་ལ་ཐོས་བསམ་ཚུལ་བཞིན་དུ་བྱེད་པ་ལ། རྗོད་བྱེད་བཀའ་པོད་རྣམ་པ་ལྔ་ཡ་བྲལ་དུ་མ་སོང་བའི་སྒོ་ནས། བརྗོད་བྱ་བསླབ་པ་གསུམ་དང༌། ལྟ་སྒོམ་སྤྱོད་གསུམ་གཅིག་དྲིལ་དུ་ཉམས་སུ་ལེན་བ་ཞིག་གལ་ཆེ་སྟེ། འཇམ་མགོན་གུང་ཐང་བ་ཆེན་པོའི་གསུང་ལས། དབུ་ཚད་ཟུང་དུ་འཇུག་བའི་ལྟ་བ་དང༌། །ཆོས་མངོན་མཛོད་དང་ཕ་རོལ་ཕྱིན་པའི་སྒོམ། །བསྟན་བའི་ནང་མཛོད་འདུལ་བའི་སྤྱོད་པ་རྣམས། །མ་ཚང་བསླབ་གསུམ་ཡ་བྲལ་འགྱུར་པའི་ཕྱིར། བཀའ་པོད་ལྔ་ལ་ཚང་པར་སྦྱོངས་ཤིག་ཨང༌། ཞེས་གསུངས་པ་ལྟར་ཡིན་པས། དེས་ན་ཆོས་སྡེ་ཆེན་པོ་འདིའི་བློ་གསལ་དོན་གཉེར་ཅན་རྣམས་ཀྱིས་བཀའ་པོད་ལྔའི་ཚིག་དོན་མ་ལུས་པར་བྱེད་བའི་ཐབས་སུ་འཛིན་གྲྭ་བཅུ་གསུམ་ཡོད་ཅིང༌། དེ་ཡང་འཛིན་གྲྭ་རེ་རེའི་ནང་དུ་ལོ་གཉིས་རེ་བཞུགས་དགོས་པ་སོགས་དང་བསྟུན་ནས་རྩོད་པའི་འགྲོ་ཚུལ་འབྲི་བ་ལ། བསྡུས་ཆུང་འཛིན་གྲྭ་རྣམས་ཀྱིས་ལོ་གཉིས་ཀྱི་རིང་ལ་ཁ་དོག་དཀར་དམར་ནས། ལྡོག་པ་ངོས་འཛིན་པར་རྩོད། ༈ །བསྡུས་འབྲིང་འཛིན་གྲྭའི་ལོ་གཉིས་ཀྱི་རིང་ལ་གཅིག་ཐ་དད་ནས།ཁས་ལེན་སོང་ཚུལ་བར་རྩོད།
བསྡུས་ཆེན་འཛིན་གྲྭའི་ལོ་གཉིས་ཀྱི་རིང་ལ་དྲུག་སྒྲ་ནས། བསྡུས་གྲྭའི་མཇུག་རྫོགས་པར་བྱེད། ༈ །རྟགས་རིགས་འཛིན་གྲྭའི་ལོ་དང་པོའི་དགུན་ཆོས། སྨོན་ལམ། དཔྱིད་ཆོས་ཆེན་མོ་གསུམ་ལ། རྟགས་རིགས་ཀྱི་སྤྱི་བཤད། ཚུལ་གསུམ་སོ་སོའི་མཚན་ཉིད་སྐབས་འགལ་མ་ངེས་མ་གྲུབ་རྣམས་སྔོན་དུ་བླངས་ནས་རྩོད། དཔྱིད་ཆོས་གཉིས་པ། དབྱར་ཆོས་གཉིས། རིགས་གྲྭ་དང་བཞི་ལ། འབྲས་རྟགས། སྟོན་ཆོས་ཆེན་མོ་ལ་རང་བཞིན། སྟོན་ཆོས་གཉིས་བ། ལྔ་མཆོད། ལོ་གཉིས་པའི་དགུན་ཆོས་ཆེན་མོ་སྨོན་ལམ་བཅས་ལ་མི་དམིགས་པ།  དཔྱིད་ཆོས་གཉིས། དབྱར་ཆོས་གཉིས། རིགས་གྲྭ་བཅས་ལ་བསྒྲུབ་བྱ་སྒྲུབ་ངག་རྟགས་འཛིན་སེམས། རྟགས་ཅན་རྗེས་དཔག །གཞལ་བྱའི་གནས་གསུམ་རྩོད། སྟོན་ཆོས་གཉིས་དང་ལྔ་མཆོད་ལ་རྟགས་དཔེ་ཕྱོགས་གསུམ་གྱི་སྐྱོན་ཡོན་རྩོད། ༈ །བློ་རིག་འཛིན་གྲྭའི་ལོ་དང་པོའི་དགུན་ཆོས་ཆེན་མོ་སྨོན་ལམ། དཔྱིད་ཆོས་ཆེན་མོ་དང་གསུམ་ལ་བློ་རིག་གི་དབུ་ནས། རང་ལས་ངེས་ཀྱི་ཚད་མ་དང་གཞན་ལས་ངེས་ཀྱི་ཚད་མའི་བར་དང༌། དཔྱིད་ཆོས་གཉིས་པ་དང་དབྱར་ཆོས་གཉིས་དང༌། རིག་གྲྭ་བཅས་ལ་རང་ངེས་གཞན་ངེས་ཀྱི་ཚད་མ་ནས་མཐའ་དཔྱོད་ཀྱི་འཇུག་རྫོགས། སྟོན་ཆོས་གཉིས་ལ་ཚད་འབྲས་ཀྱི་རྣམ་བཞག །ལྔ་མཆོད་ལ་དོན་བདུན་ཅུ་ཚུགས། ༈ །ལོ་གཉིས་པའི་དགུན་ཆོས་ཆེན་མོ་དང༌། སྨོན་ལམ་གཉིས་ལ་སྐབས་དང་པོ། །དཔྱིད་ཆོས་གཉིས་ལ་སྐབས་གཉིས་པ། དབྱར་ཆོས་གཉིས་དང་རིག་གྲྭ་ལ་སྐབས་གསུམ་པ། སྟོན་ཆོས་གཉིས་ལ་སྐབས་ལྷག་མ་རྣམས་བརྩད་ནས་མཇུག་རྫོགས་པར་བྱེད། ལྔ་མཆོད་ལ་ཕར་ཕྱིན་མཆོད་བརྗོད། ༈ །གཞུང་གསར་ལོ་དང་པོའི་དགུན་ཆོས་དང་སྨོན་ལམ་གཉིས་ལ་ཐལ་ཕྲེང་ཤིང་རྟའི་སྲོལ་འབྱེད། ཟུར་བཀོལ་དགེ་འདུན་ཉི་ཤུའི་སྤྱི་བཤད། དཔྱིད་ཆོས་ཆེན་མོ་ལ་ཐལ་ཕྲེང་སྐྱེས་བུ་ཆེ་ཆུང༌། ཟུར་བཀོལ་རྒྱུན་ཞུགས། དཔྱིད་ཆོས་གཉིས་པ། དབྱར་ཆོས་གཉིས་དང་གསུམ་ལ་ཐལ་ཕྲེང་བྱམས་གཞུང༌། ཟུར་བཀོལ་རྒྱུན་ཞུགས་རྫོགས། རིགས་གྲྭ་ལ་ཐལ་ཕྲེང་ཉན་ཐོས་ཞི་ཚོལ་མ། ཟུར་བཀོལ་ཕྱིར་འོང༌། སྟོན་ཆོས་གཉིས་དང༌། ལྔ་མཆོད། ལོ་གཉིས་པའི་དགུན་ཆོས་དང་བཞི་ལ་ཐལ་ཕྲེང་གཅིག་དུ་བྲལ། ཟུར་བཀོད་ཕྱིར་མི་འོང་། ༈ །ལོ་གཉིས་པའི་སྨོན་ལམ་ལ་ཐལ་ཕྲེང་མྱང་འདས། ཟུར་བཀོད་ཕྱིར་མི་འོང་། དཔྱིད་ཆོས་གཉིས་དང་། དབྱར་ཆོས་གཉིས་དང་བཞི་ལ་ཆོས་འཁོར་ཀྱི་སེམས་ཙམ་སྐོར། ཟུར་བཀོལ་དགྲ་བཅོམ། རིགས་གྲྭ་དང༌། སྟོན་ཆོས་གཉིས། ལྔ་མཆོད་བཅས་ལ་ཆོས་འཁོར་རྫོགས། ཟུར་བཀོལ་མཚོན་བྱ་དོན། ༈ །གཞུང་གོང་མའི་ལོ་དང་པོའི་དགུན་ཆོས། སྨོན་ལམ། དཔྱིད་ཆོས་གཉིས་དང་བཞི་ལ་ཐལ་ཕྲེང་ཡང་དག་མཐའ། ཟུར་བཀོལ་རྟེན་འབྲེལ་སྤྱི་བཤད་དང༌། ཡན་ལག་དང་པོ། དབྱར་ཆོས་གཉིས་ལ་ཐལ་ཕྲེང་དགོས་སོགས་ཆོས་བཞི། ཟུར་བཀོལ་ཡན་ལག་དང་པོ་རྫོགས། རིགས་གྲྭ་དང་སྟོན་ཆོས་ཆེན་མོ་གཉིས་ལ། ཐལ་ཕྲེང་བཀའ་བསྟན་བཅོས། ཟུར་བཀོལ་ཡན་ལག་གཉིས་པ། སྟོན་ཆོས་གཉིས་པ་ལ་ཐལ་ཕྲེང་ཤེར་ཕྱིན། ཟུར་བཀོལ་ཡན་ལག་གཉིས་པ། ལྔ་མཆོད་ལ་ཐལ་ཕྲེང་སེམས་བསྐྱེད་ཚུགས། ཟུར་བཀོལ་ཡན་ལག་གཉིས་པ་རྫོགས། ༈ །ལོ་གཉིས་པའི་དགུན་ཆོས་ལ་ཐལ་ཕྲེང་སེམས་བསྐྱེད་རྫོགས། ཟུར་བཀོལ་ཡན་ལག་གསུམ་པ་ཚུགས། སྨོན་ལམ། དཔྱིད་ཆོས་གཉིས་དང༌། དབྱར་ཆོས་གཉིས་ཏེ་ལྔ་ལ། ཐལ་ཕྲེང་གདམས་ངག་དང་བདེན་གཉིས། ཟུར་བཀོལ་ཡན་ལག་གསུམ་པ་དང༌། ཀུན་གཞི། རིགས་གྲྭ་ལ་ཐལ་ཕྲེང་བདེན་བཞི། ཟུར་བཀོལ་ཉོན་ཡིད། སྟོན་ཆོས་གཉིས་ལ་ཐལ་ཕྲེང་སྐྱབས་གསུམ། ཟུར་བཀོལ་ཡན་ལག་ཕྱི་མ་རྣམས་རྩོད། ལྔ་མཆོད་ལ་ཐལ་ཕྲེང་སྤྱན་ལྔ༌།ཟུར་བཀོལ་དྲང་ངེས་མཆོད་བརྗོད། ༈ །སྐབས་དང་པོའི་ལོ་དང་པོའི་དགུན་ཆོས་ལ་ཐལ་ཕྲེང་མངོན་ཤེས་དང་གདམས་ངག་ལྷག་མ་རྣམས་དང༌། ཟུར་བཀོལ་རྣམ་ཐར་སྒོ་གསུམ། སྨོན་ལམ། དཔྱིད་ཆོས་གཉིས་དང༌། དབྱར་ཆོས་གཉིས་དང་ལྔ་ལ་ཐལ་ཕྲེང་སྦྱོར་ལམ། ཟུར་བཀོལ་རྟོན་བཞི་དང་མདོ་སྡེ་ལས་ཇི་ལྟར་གསུངས་ཚུལ་འགོད་བ། རིགས་གྲྭ་ལ་ཐལ་ཕྲེང་གཟུང་རྟོག་འཛིན་རྟོག །ཟུར་བཀོལ་སྒྲོ་སྐུར། སྟོན་ཆོས་གཉིས་དང༌། ལྔ་མཆོད་ལ་ཐལ་ཕྲེང་རིགས། ཟུར་བཀོལ་རྫས་བཏགས། ༈ །ལོ་གཉིས་པའི་དགུན་ཆོས་ལ་ཐལ་ཕྲེང་སྤོང་གཉེན་དང༌། དགོངས་ལྡེམ། ཟུར་བཀོལ་ཡེ་ཤེས་རང་རིག་དང༌། དགག་བྱ་ངོས་འཛིན། སྨོན་ལམ། དཔྱིད་ཆོས་གཉིས་ལ་ཐལ་ཕྲེང་ཐེག་ཆེན་སྒྲུབ་པའི་དམིགས་པ་དང༌། ཆེད་དུ་བྱ་བ། ཟུར་བཀོལ་སྔོན་པོ། དབྱར་ཆོས་གཉིས་ལ་ཐལ་ཕྲེང་སྒྲུབ་པ་སྤྱིར་བསྟན། ཟུར་བཀོལ་ཕྱི་དོན་འགོག་བྱེད་ཀྱི་རིགས་པ། རིགས་གྲྭ་ལ་ཐལ་ཕྲེང་གོ་སྒྲུབ་དང༌། འཇུག་སྒྲུབ། ཟུར་བཀོལ་རིགས་པ་རྫོགས། སྟོན་ཆོས་ཆེན་མོ་ཐལ་ཕྲེང་སའི་ཚོགས་སོགས་སྒྲུབ་པ་ལྷག་མ་བཅས་སྐབས་དང་པོ་རྫོགས། ཟུར་བཀོལ་ཤེས་བཞི་ཚོལ་བཞི། སྟོན་ཆོས་གཉིས་པ་དང༌། ལྔ་མཆོད་ལ་ཐལ་ཕྲེང་སྐབས་གཉིས་པ། ཟུར་བཀོལ། དགོངས་འགྲེལ་རྩོད་སྤོང་སོགས་དྲང་ངེས་རྫོགས་ནས་ཐོས་བསམ་སྒོམ་གསུམ་ཚུགས། ༈ །སྐབས་བཞི་བའི་ལོ་དང་པོའི་དགུན་ཆོས་དང༌། སྨོན་ལམ་གཉིས་ལ་ཐལ་ཕྲེང་རྣམ་བ་མདོར་བསྟན་དང༌། གཞི་ཤེས་ཀྱི་རྣམ་པ། ཟུར་བཀོལ་ལུས་རྟེན་སེམས་རྟེན་དང་ཞི་ལྷག་སྤྱི་བཤད། དཔྱིད་ཆོས་གཉིས་དང༌། དབྱར་ཆོས་གཉིས་བཅས་བཞི་ལ་ཐལ་ཕྲེང་ལམ་ཤེས་ཀྱི་རྣམ་པ། ཟུར་བཀོལ་ཞི་གནས། རིགས་གྲྭ་ལ་ཐལ་ཕྲེང་རྣམ་མཁྱེན་གྱི་རྣམ་པ་མདོར་བསྟན་དང་བྱང་ཕྱོགས། ཟུར་བཀོལ་ཞི་གནས་རྫོགས། སྟོན་ཆོས་ཆེན་མོ་ལ་ཐལ་ཕྲེང་རྣམ་མཁྱེན་གྱི་རྣམ་པ་སོ་བཞི། ཟུར་བཀོལ་ལྷག་མཐོང༌། སྟོན་ཆོས་གཉིས་པ་དང༌། ལྔ་མཆོད་ལ་ཐལ་ཕྲེང་རྣམ་མཁྱེན་གྱི་རྣམ་པ་རྫོགས། ཟུར་བཀོལ་ལྷག་མཐོང༌། ༈ །ལོ་གཉིས་པའི་དགུན་ཆོས་ལ་ཐལ་ཕྲེང་སྦྱོར་བའི་རྟེན་དང༌། སྦྱོར་བ་ཉི་ཤུ། ཟུར་བཀོལ་ཉེར་བསྡོགས། སྨོན་ལམ་དང༌། དཔྱིད་ཆོས་ཆེན་མོ་ལ་ཐལ་ཕྲེང་སྦྱོར་བའི་སྐྱོན་ཡོན་ཟུར་བཀོལ་ཉེར་བསྡོགས་རྫོགས། དཔྱིད་ཆོས་གཉིས་པ་དང༌། དབྱར་ཆོས་གཉིས་ཏེ་གསུམ་ལ་ཐལ་ཕྲེང་ཤེས་མཚན་ཁྱད་མཚན། ཟུར་བཀོལ་བསམ་གཏན་དངོས་གཞི། རིགས་གྲྭ་ལ་ཐལ་ཕྲེང་ཤེས་མཚན་ཁྱད་མཚན་རྫོགས། ཟུར་བཀོལ་གཟུགས་མེད་ཀྱི་དངོས་གཞི། སྟོན་ཆོས་ཆེན་མོ་ལ་ཐལ་ཕྲེང་ཐར་ཆ་དང་ངེས་འབྱེད་ཆ་མཐུན། ཟུར་བཀོལ་སྙོམས་པར་འཇུག་ལྡང༌། སྟོན་ཆོས་གཉིས་པ་ལ། ཐལ་ཕྲེང་ཕྱིར་མི་ལྡོག་པའི་རྟགས། ཟུར་བཀོལ་བསམ་གཏན་གྱི་ཡན་ལག །ལྔ་མཆོད་ལ་ཐལ་ཕྲེང་ཐབས་མཁས་སྦྱོར་བ་དང༌། བདུད་བཞི་ངོས་འཛིན་སོགས་སྐབས་བཞི་པ་རྫོགས། ཟུར་བཀོལ་བསམ་གཟུགས་ཀྱི་མཇུག་རྫོགས་པར་བྱེད། ༈ །དབུ་མ་གསར་པའི་ལོ་དང་པོའི། དགུན་ཆོས་ལ་ཐལ་ཕྲེང༌། དབུ་མའི་དབུ་ནས་ཟབ་རྒྱས། ཟུར་བཀོལ་ཀླུ་སྒྲུབ་ལུང་བསྟན། སྨོན་ལམ་དང་དཔྱིད་ཆོས་ཆེན་མོར་ཐལ་ཕྲེང་ཟབ་རྒྱས་དང༌། ཟུར་བཀོལ་ཀླུ་སྒྲུབ་ལུང་བསྟན་རྫོགས། དཔྱིད་ཆོས་གཉིས་པར་ཐལ་ཕྲེང་འགྱུར་ཕྱག་དང༌། ཟུར་བཀོལ་མཉམ་ཉིད། དབྱར་ཆོས་དང་པོར་ཐལ་ཕྲེང་ཐུབ་དབང་གསུང་སྐྱེས་ཚུགས། ཟུར་བཀོལ་མཉམ་ཉིད་རྫོགས།
དབྱར་ཆོས་ཆེན་མོར་ཐལ་ཕྲེང་ཐུབ་དབང་གསུང་སྐྱེས་རྫོགས། ཟུར་བཀོལ་དགག་བྱ་ངོས་འཛིན། རིགས་གྲྭར་ཐལ་ཕྲེང་འདིར་བསྟན་ཆོས་གསུམ་ཚུགས། ཟུར་བཀོལ་དགག་བྱ་ངོས་འཛིན། སྟོན་ཆོས་ཆེན་མོར་ཐལ་ཕྲེང་འདིར་བསྟན་ཆོས་གསུམ། ཟུར་བཀོལ་དགག་བྱ་ངོས་འཛིན་རྫོགས། སྟོན་ཆོས་གཉིས་པ་དང༌། ལྔ་མཆོད་ལ་ཐལ་ཕྲེང་སྙིང་རྗེ། ཟུར་བཀོལ་ཐལ་བཟློག་ཚུགས། ༈ །ལོ་གཉིས་བའི་དགུན་ཆོས། སྨོན་ལམ། དཔྱིད་ཆོས་གཉིས་དབྱར་ཆོས་གཉིས་བཅས་ལ་ཐལ་ཕྲེང་སྙིང་རྗེ། ཟུར་བཀོལ་ཐལ་བཟློག །རིགས་གྲྭར་ཐལ་ཕྲེང་བསྟན་བཅོས་ལུས། ཟུར་བཀོལ་ཐལ་བཟློག་རྫོགས། སྟོན་ཆོས་གཉིས། ལྔ་མཆོད་བཅས་ལ། ཐལ་ཕྲེང་བསྟན་བཅོས་ལུས། ཟུར་བཀོལ་བདེན་གཉིས། ༈ །དབུ་མ་རྙིང་པའི་ལོ་དང་པོའི་དགུན་ཆོས། སྨོན་ལམ། དཔྱིད་ཆོས་གཉིས། དབྱར་ཆོས་གཉིས་བཅས་ལ་ཐལ་ཕྲེང་དབུ་མའི་རིང་སོང༌། ཟུར་བཀོལ་བདག་འགོག །རིགས་གྲྭར་སྟོན་ཆོས་གཉིས། ལྔ་མཆོད། ལོ་གཉིས་པའི་དགུན་ཆོས་དང་ལྔ་ལ་ཐལ་ཕྲེང་རིང་སོང་རྩོད་ལན་དང༌། ཟུར་བཀོལ་ཆུ་འབབ། སྨོན་ལམ། དཔྱིད་ཆོས་གཉིས་དང༌། དབྱར་ཆོས་དང་པོ་བཅས་ལ་ཐལ་ཕྲེང་སེམས་བསྐྱེད་དང་པོ་དང་གཉིས་བ། ཟུར་བཀོལ་རང་རིག་ཚུགས། དབྱར་ཆོས་ཆེན་མོ་དང༌། རིགས་གྲྭ་གཉིས་ལ་ཐལ་ཕྲེང་སེམས་བསྐྱེད་གསུམ་པ། ཟུར་བཀོལ་རང་རིག །སྟོན་ཆོས་གཉིས་དང༌། ལྔ་མཆོད་བཅས་ལ། ཐལ་ཕྲེང་སེམས་བསྐྱེད་བཞི་བ་དང་ལྔ་བ། ཟུར་བཀོལ་དབུ་མའི་འཇུག་རྫོགས་པར་བྱེད། ༈ །མཛོད་ཀྱི་ལོ་དང་པོའི་དགུན་ཆོས་ལ། མཚན་དོན་ནས། དགོས་སོགས་ཆོས་བཞིའི་བར། ཟུར་བཀོལ་གནས་གསུམ་པའི་དབུ་ནས་སྐྱེ་གནས་དབྱེ་བ་དང་བཅས་པ་རྫོགས། སྨོན་ལམ་དང༌། དཔྱིད་ཆོས་ཆེན་མོ་ཐལ་ཕྲེང་བསྟན་བཅོས་ལུས་མདོར་བསྟན་ནས། ཞར་བྱུང་འབྱུང་བ་དང་བཅས་པ་རྫོགས། ཟུར་བཀོལ་བར་སྲིད་ནས་བྱེ་སྨྲའི་ལུགས་ཀྱི་རྟེན་འབྲེལ་རྫོགས། དཔྱིད་ཆོས་གཉིས་པར་ཐལ་ཕྲེང་ཁམས་དང་སྐྱེ་མཆེད་དུ་འཇོག་ཚུལ་ནས། ཆོས་གསུམ་གྱི་གོ་རིམ་བཤད་པ་དང་བཅས་པ་རྫོགས། ཟུར་བཀོལ་མདོ་སྡེ་པའི་ལུགས་ཀྱི་རྟེན་འབྲེལ་ནས་སེམས་ཅན་ཀྱི་ཚོགས་གསུམ་དུ་བསྡུ་ཚུལ་གྱི་བར་རྫོགས། དབྱར་ཆོས་དང་བོར། ཐལ་ཕྲེང་ཆོས་ཕུང་བསྡུ་ཚུལ་ནས། ཁམས་དང་སྐྱེ་མཆེད་གཞན་གྱིས་བསྡུས་ཚུལ་བར་རྫོགས། ཟུར་བཀོལ་ཆགས་རིམ་ནས་ལྷ་མིན་གྱི་གནས་བཤད་པའི་བར་རྫོགས། དབྱར་ཆོས་ཆེན་མོར་ཐལ་ཕྲེང་ཁམས་ཀྱི་རྣམ་བའི་རབ་དབྱེ་བསྟན་ཡོད་བསྟན་མེད་ནས་ཕྱི་ནང་གི་ཁམས་ཀྱི་དབྱེ་བ་དང་བཅས་བ་རྫོགས། ཟུར་བཀོལ་ལྷའི་གནས་བཤད་པ་ནས་ལོ་བཤད་པ་དང་བཅས་པ་རྫོགས། རིགས་གྲྭར་ཐལ་ཕྲེང་རྟེན་བཅས་རྟེན་མཚུངས་ཀྱི་དབྱེ་བ་ནས། གནས་དང་པོའི་མཇུག་རྫོགས། ཟུར་བཀོལ་བསྐལ་བའི་རྣམ་བཞག་ནས་གནས་གསུམ་པ་རྫོགས་པར་བྱེད། སྟོན་ཆོས་ཆེན་མོར་ཐལ་ཕྲེང་གནས་དྲུག་པའི་མཐོང་སྒོམ་གྱི་ལམ་བཤད་པ་ནས། ཐེག་པ་གསུམ་གྱི་ལམ་གྱི་རྣམ་བཞག་དང་བཅས་པ་རྫོགས། ཟུར་བཀོལ་གནས་བརྒྱད་པའི་བསམ་གཏན་གཟུགས་མེད་ཀྱི་སྙོམས་འཇུག་བཤད་པ་ནས། བསམ་གཏན་གྱི་སྙོམས་འཇུག་ཁྱད་པར་ཅན་བཤད་པ་དང་བཅས་པ་རྫོགས། སྟོན་ཆོས་གཉིས་བ་དང༌། ལྔ་མཆོད་ལ་ཐལ་ཕྲེང་བདེན་པ་མངོན་རྟོགས་བཅུ་དྲུག་སྒོམ་ཚུལ་ནས། དགྲ་བཅོམ་དགུར་དབྱེ་བ་ཞར་བྱུང་དང་བཅས་པ་དང༌། ལམ་གྱི་ཁྱད་ཆོས་རིགས་བསྡུས་བཞིར་བཤད་པ་ན་གནས་དྲུག་པ་རྫོགས་བར་བྱེད། ཟུར་བཀོལ་ཏིང་ངེ་འཛིན་གྱི་དབྱེ་བ་ལ་ཁམས་ཀྱི་སྒོ་ནས་རྟོག་བཅས་སུ་བཤད་པ་ནས། བསྟན་པའི་གནས་ཚད་སོགས་གནས་བརྒྱད་པ་རྫོགས་བར་བྱེད། ༈ །ལོ་གཉིས་བའི་དགུན་ཆོས་ལ་ཐལ་ཕྲེང་གནས་གཉིས་པའི་དབུ་ནས་དབང་པོ་རྙེད་གཏོང་དང་བཅས་པ་རྫོགས། ཟུར་བཀོལ་གནས་བཞི་བའི་ལས་མདོར་བསྟན་པ་ཡིད་དང་དབང་བོའི་སྡོམ་པའི་བར་རྫོགས། སྨོན་ལམ། དཔྱིད་ཆོས་ཆེན་མོར་ཐལ་ཕྲེང་དབང་པོ་དུས་ཐོབ་ནས། སེམས་སེམས་བྱུང་གི་མིང་གི་རྣམ་གྲངས་དང་བཅས་པ་རྫོགས། ཟུར་བཀོལ་རྣམ་རིག་མ་ཡིན་པའི་ལྡན་ཚུལ་ནས་སྡོམ་པ་ལྡན་ཚུལ་གྱི་བར་རྫོགས། དཔྱིད་ཆོས་གཉིས་པ་ལ་ཐལ་ཕྲེང་ཐོབ་པ་ནས་ཆོས་གཞན་གྱི་ཁྱད་པར་བསྟན་པའི་སྒོ་ནས་དོན་བསྡུ་བ་དང་བཅས་པ་རྫོགས། ཟུར་བཀོལ་ལས་ཀྱི་རྣམ་གྲངས་ཐུན་མོང་དུ་བཤད་པ་ནས། ལས་ཀྱི་དབྱེ་བ་བཤད་པ་སྤྱིར་བསྟན་བའི་བར་རྫོགས། དབྱར་ཆོས་དང་པོ་ལ་ཐལ་ཕྲེང་རྒྱུ་དྲུག་དང༌། འབྲས་བུའི་རྣམ་བཞག །ཟུར་བཀོལ་ལས་ལམ་མདོར་བསྟན་ནས་རྫོགས་པར་འགྲུབ་བྱེད་གསུམ་དུ་བསྟན་པའི་བར་རྫོགས། དབྱར་ཆོས་ཆེན་མོ་ལ་ཐལ་ཕྲེང་རྒྱུ་འབྲས་གཉིས་ཀའི་ཐུན་མོང་གི་ཆོས་བཤད་པ་ནས་གནས་གཉིས་པ་རྫོགས། ཟུར་བཀོལ་ལས་ལམ་སོ་སོའི་ངོ་བོ་བཤད་པ་ནས། མི་དགེ་བའི་ལས་ལམ་གྱི་གེགས་ངོས་བཟུང་བའི་བར་རྫོགས། རིགས་གྲྭར་ཐལ་ཕྲེང་གནས་ལྔ་བའི་མཚམས་སྦྱར་ནས་ང་རྒྱལ་གྱི་དབྱེ་བ་སྤྲོས་པ་དང་བཅས་པ་རྫོགས། ཟུར་བཀོལ་བྱང་སེམས་ངེས་གནས་ཀྱི་ཁྱད་ཆོས་བཤད་པ་ནས་ཐར་བ་བླ་ན་མེད་པའི་བར་གནས་བཞི་པ་རྫོགས། སྟོན་ཆོས་ཆེན་མོར་ཐལ་ཕྲེང་རྒྱུ་ལ་ལྟོས་བའི་རབ་དབྱེ་ནས། ཐ་མའི་ཆ་མཐུན་གྱི་བར་རྫོགས། ཟུར་བཀོལ་གནས་བདུན་པའི་བཟོད་ཤེས་ནས་འཐོབ་བའི་དབྱེ་བ་དང་བཅས་པ་རྫོགས། སྟོན་ཆོས་གཉིས་པ་དང༌། ལྔ་མཆོད་ལ་ཐལ་ཕྲེང་གོང་མའི་ཆ་མཐུན་ལྔ་ནས། གཉེན་པོའི་རབ་དབྱེ་ཞར་བྱུང་དང་བཅས་པ། འབྲས་བུ་ཡོངས་ཤེས་བཅས་གནས་ལྔ་པ་རྫོགས་པར་བྱེད། ཟུར་བཀོལ་ཐུན་མོང་མ་ཡིན་པའི་ཡོན་ཏན་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ནས། རབ་མཐའི་བར་དང༌། ཐུན་མོང་གི་ཡོན་ཏན་མངོན་ཤེས་ནས་གནས་བདུན་པའི་མཇུག་རྫོགས་པར་བྱེད། ྋ །དཀའ་རམས་པ་ལ་གསར་དུ་སླེབ་པའི་ལོ་དང་པོའི་དགུན་ཆོས་ལ་ཐལ་ཕྲེང་རྣམས་འདུལ་པའི་དབུ་ནས་མཁན་སློབ་བླ་མའི་རྣམ་བཞག་པར། སྨོན་ལམ་ལ་མཁན་སློབ་བླ་མའི་རྣམ་བཞག །ཕམ་བཞི་དང་བཅས་པ། དཔྱིད་ཆོས་དང་པོ་ལ་ལྷག་མ། དཔྱིད་ཆོས་གཉིས་པ་དང༌། དབྱར་ཆོས་གཉིས་པ་དང་གསུམ་ལ་སྤོམ་པོ། རིགས་གྲྭ་དང༌། སྟོན་ཆོས་ཆེན་མོ་ལ་སྤངས་ལྟུང༌། སྟོན་ཆོས་གཉིས་པ་དང༌། ལྔ་མཆོད་ལ་འབའ་ཞིག་པ་མན་ཆད་དེ་མཇུག་རྫོགས། ༈ །ལོ་གཉིས་པའི་དགུན་ཆོས་ལ་གཞི་སྨད་ཀྱི་དབུ་ནས། རབ་བྱུང་གི་གཞི་དང་གཞི་གསུམ། སྨོན་ལམ་ལ་གོ་པགས་ཀྱི་གཞི་དང༌། སྨན་གཞི་གོས་གཞི། དཔྱིད་ཆོས་གཉིས་ལ་སྲ་བརྐྱང་དང་གོ་ཤམ་པའི་གཞི། དབྱར་ཆོས་གཉིས་དང༌། རིགས་གྲྭ་དང༌། སྟོན་ཆོས་ཆེན་མོ་བཞི་ལ་ལས་གཞི། སྟོན་ཆོས་གཉིས་པ་དང༌། ལྔ་མཆོད་ལ་གཞི་སྨད་རྫོགས་པར་བྱེད། ༈ །འདུལ་བའི་ཟུར་བཀོལ། ལོ་དང་པོའི་དགུན་ཆོས་དང་སྨོན་ལམ་ལ། གནས་དང་པོའི་དབུ་ནས་གཟུགས་སེམས་མ་ཡིན་བའི་ཕུང་པོའི་བར། དཔྱིད་ཆོས་གཉིས་དང༌། དབྱར་ཆོས་གཉིས་དང་བཞི་ལ་གནས་དང་པོ་རྫོགས། རིགས་གྲྭ་ནས་ལྔ་མཆོད་པར་གནས་གཉིས་པ་རྫོགས། གནས་དང་པོ་གཉིས་རྩོད་སྐབས་གནས་ལྔ་བ་དང་སྒྲགས་ནས་རྩོད། ༈ །ལོ་གཉིས་པའི་དགུན་ཆོས་སྨོན་ལམ་གཉིས་ལ་གནས་གསུམ་པ་རྫོགས། དཔྱིད་ཆོས་གཉིས་དང༌། དབྱར་ཆོས་གཉིས་ཏེ་བཞི་ལ་གནས་བཞི་པ་རྫོགས། རིགས་གྲྭ་དང༌། སྟོན་ཆོས་ཆེན་མོ་གཉིས་ལ་གནས་དྲུག་བ་བདུན་པ་རྫོགས། སྟོན་ཆོས་གཉིས་པ་ལྔ་མཆོད་ལ་གནས་བརྒྱད་པ་རྫོགས་པར་བྱེད། དེ་ལྟར་ཐལ་ཕྲེང་ཟུར་བཀོལ་རྣམས་དང༌། གཞན་ཡང་བཅའ་ཡིག་ཆེན་མོ་ནས་གསུངས་པ་ལྟར་སྲོད་ཆོས་དང་བཅས་ཏེ་བཀའ་པོད་ཡོངས་རྫོགས་ལ་རྩོད་པ་མ་ལུས་པར་བྱེད། འོན་ཀྱང་ཚིག་གི་མཁར་པ་ལ་བརྟེན་ནས་དོན་གྱི་རྒན་བོ་ལྡང་དགོས་གསུངས་པ་ལྟར། ཚིག་རྒྱུགས་གལ་ཆེ་པས་བསྡུས་ཆུང་གི་ལོ་དང་པོའི་དཔྱིད་རྒྱུགས་དང་སྟོན་རྒྱུགས་ལ་ཡིག་རྒྱུགས་སྤྲད། ལོ་གཉིས་པའི་དཔྱིད་རྒྱུགས་ལ་ཁ་དོག་དཀར་དམར། སྟོན་རྒྱུགས་ལ་ཡོད་རྟོགས་མེད་རྟོགས་ནས་གཅིག་ཐ་དད་པར། ༈ །བསྡུས་འབྲིང་གི་ལོ་དང་པོའི་དཔྱིད་རྒྱུགས་ལ་གཅིག་ཐ་དད་ནས་ཤོག་གུ་བཅོ་ལྔ། སྟོན་རྒྱུགས་ནས་གཟུང་རྒྱུགས་ཐེབས་རེ་ལ་ཤོག་གུ་ཉི་ཤུ་རེ་སྤྲད། ཁས་ལེན་སོང་ཚུལ་གྱི་མཇུག་ཏུ་བསྡུས་གྲྭའི་རྩ་ཚིག་སྤྲད། ༈ །བསྡུས་ཆེན་གྱི་ལོ་གཉིས་ཀྱི་རྒྱུགས་ལ་དྲུག་སྒྲ་ནས་བསྡུས་གྲྭའི་མཇུག་རྫོགས་ནས། ས་ལམ་རྣམ་བཞག་བཅས་རྒྱུགས་ཐེབས་རེ་ལ་ཤོག་གུ་ཉེར་ལྔ་རེ་སྤྲད། རྟགས་རིགས་ཀྱི་ལོ་གཉིས་ལ་རྟགས་རིགས་ཀྱི་དབུ་ནས་མཇུག་རྫོགས་ནས་གྲུབ་མཐའ་རྩ་བ་བཅས་ཤོག་གུ་ཉི་ཤུ་རེ་སྤྲད། ༈ །བློ་རིག་གི་ལོ་དང་པོ་ལ་བློ་རིག་གི་དབུ་ནས་མཇུག་རྫོགས་ནས་དོན་བདུན་ཅུའི་ཤོག་གུ་དྲུག་བཅས་སྤྲད། ལོ་གཉིས་པ་ལ་སྟོན་དཔྱིད་ཀྱི་རྒྱུགས་ལ་དོན་བདུན་ཅུའི་འཕྲོ་དང༌། སྐབས་དང་པོའི་ཤོག་གུ་བཅུ་བཞི་སྤྲད། ༈ །གཞུང་གསར་ལོ་དང་པོའི་དཔྱིད་རྒྱུགས་ལ་སྐབས་དང་པོའི་སོ་བཞིའི་བར། སྟོན་རྒྱུགས་ལ་སོ་ལྔ་ནས་ང་བཞིའི་བར། ལོ་གཉིས་པའི་དཔྱིད་རྒྱུགས་ལ་ང་བདུན་ནས་དོན་དྲུག་པར། སྟོན་རྒྱུགས་ལ་དོན་བདུན་ནས་གོ་དྲུག་པར། ༈ །གཞུང་གོང་མའི་ལོ་དང་པོའི་དཔྱིད་རྒྱུགས་ལ། སྐབས་དང་པོའི་གོ་བདུན་ནས་བརྒྱ་དང་བཅུ་དྲུག་པར། སྟོན་རྒྱུགས་ལ་བརྒྱ་དང་བཅུ་བདུན་ནས་བརྒྱ་དང་སོ་དྲུག་པར། ལོ་གཉིས་པའི་དཔྱིད་རྒྱུགས་ལ་བརྒྱ་དང་ཞེ་དགུ་ནས་བརྒྱ་དང་རེ་བརྒྱད་པར། སྟོན་རྒྱུགས་ལ་བརྒྱ་དང་རེ་དགུ་ནས་བརྒྱ་དང་གྱ་བརྒྱད་པར། ༈ །སྐབས་དང་པོའི་ལོ་དང་པོའི་དཔྱིད་རྒྱུགས་ལ་བརྒྱ་དང་གོ་དགུ་ནས། ཉིས་བརྒྱ་དང་བཅྭོ་བརྒྱད་པར། སྟོན་རྒྱུགས་ལ་ཉིས་བརྒྱ་དང་ཉེར་གཉིས་ནས་ཉིས་བརྒྱ་དང་ཞེ་གཅིག་པར། ལོ་གཉིས་པའི་དཔྱིད་རྒྱུགས་ལ་ཉིས་བརྒྱ་དང་ཞེ་བརྒྱད་ནས། ཉིས་བརྒྱ་དང་རེ་བདུན་པར། སྟོན་རྒྱུགས་ལ་ཉིས་བརྒྱ་དང་རེ་བརྒྱད་ནས།ཉེས་བརྒྱ་དང་གྱ་བདུན་པར། ༈ །སྐབས་བཞི་པའི་ལོ་དང་པོའི་དཔྱིད་རྒྱུགས་ལ་སྐབས་བཞི་པའི་དབུ་ནས་ཉི་ཤུའི་བར། སྟོན་རྒྱུགས་ལ་ཉེར་གཅིག་ནས་བཞི་བཅུའི་བར། ལོ་གཉིས་པའི་དཔྱིད་རྒྱུགས་དང༌། སྟོན་རྒྱུགས་གཉིས་ལ་སྐབས་བཞི་བའི་བསྡུས་དོན་དང༌། སྐབས་བཞི་པའི་མཐའ་དཔྱོད་འཛིན་འདོད་པ་རྣམས་ཀྱིས་དཔྱིད་རྒྱུགས་ལ་སྐབས་བཞི་པའི་ཞེ་གཅིག་ནས་དྲུག་ཅུའི་བར། སྟོན་རྒྱུགས་ལ་རེ་གཅིག་ནས་བརྒྱད་ཅུའི་བར། ༈ །དབུ་མ་གསར་བའི་ལོ་དང་པོའི་དཔྱིད་རྒྱུགས་ལ་དབུ་མའི་དབུ་ནས་བཅོ་ལྔའི་བར། སྟོན་རྒྱུགས་ལ་ཟུར་བཀོལ་སེམས་བསྐྱེད་དྲུག་པ་ནས་བཅོ་ལྔ་འཛིན། ལོ་གཉིས་པའི་དཔྱིད་རྒྱུགས་ལ་བཅུ་དྲུག་ནས་སུམ་བཅུའི་བར། སྟོན་རྒྱུགས་ལ་ཟུར་བཀོལ་འཕྲོ་བཅོ་ལྔ་འཛིན། ༈
དབུ་མ་རྙིང་བའི་ལོ་དང་པོའི་དཔྱིད་རྒྱུགས་ལ་སོ་གཅིག་ནས་ཞེ་ལྔའི་བར། སྟོན་རྒྱུགས་ལ་ཞེ་དྲུག་ནས་དྲུག་ཅུའི་བར། ལོ་གཉིས་པའི་དཔྱིད་རྒྱུགས་ལ་རེ་གཅིག་ནས་དོན་ལྔའི་བར། སྟོན་རྒྱུགས་ལ་དོན་དྲུག་ནས་དགུ་བཅུའི་བར། ༈ །མཛོད་ཀྱི་སྟོན་དཔྱིད་ཀྱི་རྒྱུགས་བཞི་ལ་མཛོད་རྩ་ཤོག་གུ་བདུན་རེ་སྤྲད་དགོས། དེ་ལྟར་གཞུང་བཀའ་པོད་ལྔ་ལ་ཐོས་བསམ་བྱེད་པ་ལ་འཛིན་སྐྱོར་དང་རྩོད་པ་ཟུང་དུ་འབྲེལ་བ་གལ་ཆེ་བར་མཐོང་ནས་རྩོད་པའི་འགྲོ་ཚུལ་རྒྱུགས་མཚམས་བཅས་བྲིས་པ་ཡིན་པས། དཔོན་སློབ་ཁྲི་རིན་པོ་ཆེས་གཙོར་མཛད། དགེ་བསྐུལ་ཚང་དང༌། འཛིན་གྲྭ་སོ་སོའི་སྐྱོར་དཔོན་སློབ་གཉེར་བ་རྣམས་ཀྱིས་དང་བླངས་དང་ཐུགས་ཁུར་ཆེ་བཞེས་ཀྱི་སྒོས་རྩོད་ཡིག་འདི་བཞིན་གནས་བ་གལ་ཆེ། གཞན་ཡང་དགེ་བཤེས་གོང་མ་རྣམས་ཀྱིས་དབང་རྗེས་གནང༌། ཁྲིད་ལུང་སོགས་ཀྱི་རྒྱུན་སྔར་ཡོད་མ་ཉམས་པར་བྱེད། ཁང་ཚན་དགེ་རྒན་རྣམས་ཀྱིས་ཀྱང་རང་རང་གི་ཁང་ཚན་གྱི་གྲྭ་པ་གསར་བ་རྣམས་ལ་རང་རང་གི་ཆོ་གའི་རྒྱུགས་དང༌། འདོན་རྟ་དབྱངས་ཕྱག་རྒྱ་ཕྱག་ལེན། ཐིག་ས་ཆོག་སོགས་ལ་སློབ་པའི་རྟིང་བསྐུལ་བྱེད། འཛིན་གྲྭ་གོང་མ་རྣམས་ཀྱིས། སྒྲ་སྙན་སྨན་རྩིས་སོགས་རིགས་གནས་དང༌། ལམ་རིམས་བློ་སྦྱོང༌། བསྐྱེད་རྫོགས་སོགས། སྔགས་ལ་སློབ་གཉེར་བྱེད། ཆོས་ཐོག་སྔ་མ་སྔ་མའི་མཇུག་ཏུ། ཆོས་ཐོག་ཕྱི་མའི་རྩོད་མཚམས་དང་བསྟུན་ནས་ཁྲི་རིན་པོ་ཆེ་ལ། རྩི་བཞག་ཀི་མཚམས་ཞུ་དགོས། དེ་ལྟར་དཔེ་འཛིན་སྐྱོར་སྦྱངས་དཔེ་ཁྲིད། རྩོད་བ་གང་ཐད་ནས་སློབ་གཉེར་གྱི་གེགས་ཀྱི་དབང་དུ་མ་སོང་བ་ཞིག་གལ་ཆེ་སྟེ། ཀུན་མཁྱེན་འཇིག་མེད་དབང་པོའི་གསུངས་ལས། དཔེ་ཆ་མི་འཛིན་དཔེ་ཀློག་ཙམ་ལ་རེ། །
རྩོད་གྲྭ་མི་ནུས་ཆོས་གྲྭ་དོན་མེད་འདའ། །སྐྱོར་སྦྱངས་མི་ནུས་གཉིད་དང་འདུ་འཛིར་ཆགས། །འདི་དག་སློབ་གཉེར་གེགས་ཀྱི་གཙོ་པོ་ཡིན། ཞེས་གསུངས་པས། རྣམ་གཡེང་དང་འདུ་འཛི་སོགས་ཀྱི་དབང་དུ་མ་སོང་པར་སྙིང་རུས་ལྕག་གིས་བྲབས་ཏེ། སྐྱེས་སྦྱངས་ཀྱི་ཤེས་རབ་དང༌། གུས་རྟག་གི་བརྩོན་འགྲུས་ཟུང་འབྲེལ་གྱི་སྒོ་ནས་སློབ་གཉེར་ཚུལ་མཐུན་བྱས་དེ་རང་རྒྱུད་འདུལ་པའི་ཐབས་སུ་འགྲོ་བ་ཞིག་ཐལ་མོ་སྦྱར་ནས་གསོལ་བ་འདེབས་པ་ལགས་བས། མཁྱེན་ཀློང་ཡངས་པོར་སྨོན་པར་ཞུ་ཞུ། སྨྲས་པ། འཇམ་དཔལ་རྡོ་རྗེའི་ཐུགས་བསྐྱེད་མ་ལ་ཡར། །མཁས་མང་ས་ཧ་ཀ་རའི་དགའ་ཚལ་ལས། །འཆད་རྩོད་རྩོམ་པའི་གསུང་ཞིམ་འབུམ་འཕྲོ་བ། །སྐལ་བཟང་རྐང་དྲུག་ཡོངས་ཀྱི་ཉེར་འཚོར་གྱུར། །ཧ་ས་བཛྲ་མཁྱེན་དགོངས་ཁང་བཟང་རྩེར། །བཀའ་པོད་རྣམ་ལྔའི་ཁ་པར་མངོན་མཐོ་ཞིང༌། །རྩོད་ཡིག་གསེར་གྱི་རྒྱལ་མཚན་གྱིས་མཛེས་པ། །དྲན་དབང་ལྷ་བརྒྱའི་ཚོགས་ཀྱིས་འཇུག་ངོགས་ཡིན། །དགེ༷་བ་འདི་ཡིས་དགེ༷་ལྡན་ལུགས་བཟང་རྒྱས། །བསྟན༷་པའི་དཔལ་གྱུར་བསྟན༷་འཛིན་ཞབས་པད་བརྟན། །ཆོ༷ས་སྡེ་ཆེན་པོའི་ཆོ༷ས་སྲིད་མཚོ་ལྟར་འཕེལ། །རྣམ༷་མང་འགྲོ་པས་རྣམ༷་འདྲེན་མྱུར་ཐོབ་ཤོག །  །།ཅེས་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་གི་རྩོད་ཡིག་མ་ལི་ཀའི་ཕྲེང་མཛེས་ཞེས་བྱ་བ་འདི་ནི། དགེ་ལྡན་བསྟན་པའི་གསལ་བྱེད་དམ་པ་ཁྲི་ལས་ཐོག་པ་སྤྲུལ་པའི་སྐུ་ཚུལ་ཁྲིམས་ཡར་འཕེལ་དང༌། གཞུང་ལུགས་རབ་འབྱམས་སྨྲ་བ་ཞལ་ངོ་དགེ་བཤེས་མཁས་གྲུབ་རྒྱ་མཚོ་རྣམ་གཉིས་ཀྱིས་དངུལ་ཊཾ་ལྔ་དང་ལྷ་རྫས་རེ་རེ་བཅས་བསྐུལ་མ་ནན་ཏན་མཛད་བའི་ངོ་མ་བཟློག་པར་ྋདབྱངས་ཅན་བཞད་པས་སྦྱར་བ་འདིས་ཀྱང་ཆོས་སྡེ་ཆེན་པོའི་འཆད་ཉན་དབྱར་མཚོ་ལྟར་འཕེལ་པར་གྱུར་ཅིག །  །།པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་པའི་སེང་གེའི་གླིང་དུ་བཞུགས།།    སརྦ་མངྒ་ལམ།།

དཔྱད་མཆན་སྤེལ།