༄༅།།རྒྱལ་བའི་བསྟན་སྲུང་རྣམས་ལ་འཕྲིན་ལས་བཅོལ་བའི་ཚུལ་འདོད་དོན་ལྷུན་གྲུབ་སོགས་བཞུགས་སོ།།

༄༅། ཧཱུཾ ༑ སྦྲོས་བྲལ་ཆོས་ཀྱི་དབྱིངས་ལས་གཡོ་མེད་ཀྱང༌། །རྔམས་འཇིགས་གཏུམ་དྲག་ཉམས་བརྒྱས་དགྲ་སྡེའི་དཔུང༌། །འཇོམས་མཛད་དྲེགས་པའི་རྗེ་བོར་མངའ་གསོལ་བ། །དམ་ཅན་སྲུང་མའི་ཚོགས་རྣམས་བདག་ལ་དགོངས། །ཐུགས་བསྐྱེད་རྩིབས་སྟོང་གསེར་སྦྱངས་འཁོར་ལོ་ཡིས། །ཐུབ་བསྟན་སྲིད་ལ་དབང་བསྒྱུར་ཆོས་ཀྱི་རྒྱལ། །སྐྱེས་མཆོག་དམ་པའི་ཞབས་ཟུང་བསྐལ་བརྒྱའི་བར། །རྟག་བརྟན་འཕྲིན་ལས་ས་གསུམ་ཡོངས་ཁྱབ་མཛོད། །ཐུབ་བསྟན་སྤྱི་དང་འཇམ་མགོན་ཙོང་ཁ་པའི། །རིང་ལུགས་དྲི་མེད་ཕྱོགས་མཐར་རྒྱས་པ་དང༌། །མང་ཐོས་ཁྲིམས་ལྡན་དགེ་འདུན་འདུས་པའི་སྡེ། །དབྱར་མཚོ་ལྟ་བུར་རྒྱས་པའི་ལས་མཛོད་ཅིག །ཁྱད་པར་རྣམ་འབྱོར་དཔོན་སློབ་འཁོར་བཅས་ཀྱི། །ནད་གདོན་བར་ཆད་ཉེར་འཚེ་ཀུན་ཞི་ཞིང༌། །ཚེ་དཔལ་འབྱོར་བ་དབྱར་མཚོ་ལྟར་རྒྱས་ཏེ། །སྡང་དགྲ་གནོད་བྱེད་རྡུལ་བཞིན་བརླག་པ་དང༌། །ཕ་རོལ་མི་བསྲུན་བསམ་སྦྱོར་ངན་པ་ཡིས། །ས་ཆུར་མནན་གཏད་ཟོར་དུ་རྦད་པ་དང༌། །ཧོམ་དུ་བསྲེགས་སོགས་གང་བརྩམས་ལས་རྣམས་ཀུན། །བྱད་མ་རང་ཐོག་བཟློག་བསྒྱུར་འཕྲིན་ལས་མཛོད། །བླ་མ་ཆོས་སྲུང་རང་རིག་དབྱེར་མེད་དུ། །ཡིད་ཆེས་གསོལ་འདེབས་གནད་ནས་ལེགས་བསྐུལ་ན། །སྲིད་ཞིའི་ཕུན་ཚོགས་སྡེ་བཞིའི་དཔལ་དང་གཡང༌། །མགྲོན་དུ་འགུགས་པའི་འཕྲིན་ལས་མྱུར་འགྲུབ་མཛོད། །བསླུ་མེད་མཆོག་གསུམ་བྱིན་རླབས་དང་འགྲོགས་པའི། །གཞན་ཕན་སྙིང་རྗེའི་རང་མདངས་འོད་མར་གྱིས། །གང་ལ་དམིགས་པའི་སྐྱེ་འགྲོའི་རླུང་སེམས་ཀུན། །མྱུར་དྲངས་ཡང་དག་ལམ་དུ་བཀྲི་བར་མཛོད། །མདོར་ན་སྲིད་གསུམ་སྣོད་བཅུད་ལེགས་པའི་ཚོགས། །འགུག་བྱེད་རབ་འབྱམས་དབང་གི་འཕྲིན་ལས་ཀྱིས། །འཕྲལ་ཡུན་འདོད་དགུའི་རེ་འབྲས་མ་ལུས་པ། །ཡིད་བཞིན་ནོར་ལྟར་ལྷུན་གྱིས་འགྲུབ་པར་མཛོད། །ལྷག་བསམ་དག་པས་ཚུལ་དེར་བརྩོན་པ་ན། །ཚངས་དང་དབང་པོ་འཇིག་རྟེན་སྐྱོང་བ་དང༌། །བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱིས། །གཡེལ་བ་མེད་པར་རྟག་ཏུ་གྲོགས་བྱེད་ཤོག །ཅེས་རྒྱལ་བའི་བསྟན་སྲུང་ཆེན་པོ་རྣམས་ལ་འཕྲིན་ལས་བཅོལ་བའི་ཚུལ་འདོད་དོན་ལྷུན་གྲུབ་ཅེས་བྱ་བ་འདི་ཡང་དད་ལྡན་རིག་འཛིན་གྱི་མོས་པ་ལྟར། ྋདབྱངས་ཅན་བཞད་པས་སྦྱར་པའོ།།   །།
ཧཱུཾ། དངོས་གྲུབ་ཆར་འབེབས་བླ་མ་ཡིད་དམ་ལྷ། །བསྟན་སྲུང་འཁོར་ཚོགས་ལྷན་སྐྱེས་བདེ་ཆེན་གྱི། །རྣམ་རོལ་ཁོ་ནར་ངེས་རྙེད་གདུངས་ཤུགས་ཀྱིས། །གནད་ནས་བསྐུལ་ཚེ་མཐུ་རྩལ་མ་ཆུང་བར། །རིག་འཛིན་བརྒྱུད་པའི་ཐ་ཚིག་ཉེར་དགོངས་ལ། །བསྟན་དང་བསྟན་འཛིན་དགེ་འདུན་འདུས་པའི་སྡེ། །འཁོར་འབངས་ཆབ་སྲིད་དབྱར་གྱི་ཆུ་མཚོ་ལྟར། །འཕེལ་ཞིང་རྒྱས་བའི་འཕྲིན་ལས་གཡེལ་མེད་མཛོད། །ཁྱད་པར་རྣལ་འབྱོར་དཔོན་སློབ་འཁོར་བཅས་རྣམས། །མ་ཡིས་བུ་ལྟར་བརྩེ་བས་སྐྱོང་མཛོད་ལ། །གཞི་ལམ་བྱེས་གསུམ་གང་བརྩམས་བྱ་བ་ཀུན། །གེགས་མེད་ལྷུན་གྱིས་འགྲུབ་པའི་གྲོགས་མཛོད་ཅིག །མི་བསྲུན་རྒྱལ་བཙན་གཟའ་ཀླའི་གནོད་པ་དང༌། །ཕ་རོལ་བསམ་སྦྱོར་ངན་པས་བསྐྱེད་པ་ཡི། །ནད་རིམས་འཇིགས་ཆེན་དུས་མིན་འཆི་བ་དང༌། །ཁ་སྨྲས་གླེང་བརྗོད་བྱུར་དང་ཆོམ་རྐུན་དགྲ །དམག་ཇག་འཁྲུག་རྩོད་བྱད་ཕུར་རྦོད་གཏོང་སོགས། །མི་འདོད་རྐྱེན་ངན་བར་ཆད་ཅི་བྱུང་ཡང༌། །ལྷ་ཁྱོད་མཐུ་སྟོབས་རྩལ་གྱིས་ཉེར་བཅོམ་སྟེ། །དམིགས་མེད་ཆོས་དབྱིངས་ཀློང་དུ་ཞི་བར་མཛོད། །འཆི་མེད་བདག་པོའི་ཚེ་དང་བསོད་ནམས་དང༌། །རྨུགས་འཛིན་ནོར་ལྷའི་དགོས་འདོད་ནོར་གྱི་གཏེར། །སྙན་གྲགས་ཀླུང་རྟ་སྲིད་ཞིའི་དཔལ་འབྱོར་སོགས། །འབད་མེད་ངང་གིས་འདུ་བའི་ཕྱྭ་གཡང་སྩོལ། །མདོར་ན་བདག་ཅག་མི་ནོར་འཁོར་བཅས་རྣམས། །བསྟན་སྲུང་ཆེན་པོ་ཁྱེད་ལ་གཉེར་གཏད་ན། ཉིན་མཚན་དུས་དྲུག་སྲུང་སྐྱོབ་མ་གཡེལ་བར། །གང་བཅོལ་ལས་བཞིའི་འཕྲིན་ལས་ལྷུན་གྲུབ་མཛོད། །ཅེས་པ་འདི་ནི་དཔྱོད་ལྡན་རིག་འཛིན་གྱི་འདོད་མོས་ལྟར།  ྋདབྱངས་ཅན་བཞད་པས་བྲིས་པའོ།།   །།བླ་མ་ཡི་དམ་སྲུང་མའི་ཚོགས་རྣམས་ཀྱིས། །དམ་རྫས་སྤྱན་གཟིགས་མཆོད་གཏོར་རྒྱ་མཚོའི་ཚོགས། །དགྱེས་པར་རོལ་ལ་རྣལ་འབྱོར་བདག་ཅག་རྣམས། །བུ་ལྟར་བརྩེ་བས་འབྲལ་མེད་སྐྱོང་མཛོད་ལ། །དཀར་མིན་ལས་ཀྱིས་བསྐྲུན་པའི་ནད་རིམས་བགེགས། །ཁ་སྨྲས་གླེང་བརྗོད་བྱད་ཕུར་རྦོད་གཏོང་སྲི། །མ་ལན་ཉེས་བརྗོད་བྱུར་དང་ཆོམ་རྐུན་དགྲ །མི་འདོད་རྐྱེན་ངན་དམིགས་མེད་ཀློང་དུ་ཆོམ། །ཚེ་བསོད་སྟོབས་འབྱོར་མངའ་ཐང་ལོངས་སྤྱོད་སོགས། །དབྱར་མཚོ་ལྟར་རྒྱས་མཁོ་དགུ་དབང་བསྡུས་ཤིང༌། །མངོན་སྤྱོད་དྲག་པོས་སྡིག་ཅན་ཚར་བཅད་ནས། །གང་བསམ་ལྷུན་གྱིས་འགྲུབ་པའི་འཕྲིན་ལས་མཛོད། །ཅེས་བ་འདི་ཡང་དཔྱོད་ལྡན་མགོ་དགེ་སློང་ཡེ་ཤེས་བཟང་པོས་བསྐུལ་བ་ལྟར།  ྋདབྱངས་ཅན་བཞད་པས་སྦྱར་བ་དགེ་ལེགས་འཕེལ།།   །།པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།།           །།        

དཔྱད་མཆན་སྤེལ།