༄༅། །ཟབ་ཡངས་ཐུགས་བསྐྱེད་ཆུ་གཏེར་ལས་འཁྲུངས་ཤིང་། །དགེ་ལེགས་གསང་གསུམ་ཡོན་ཏན་ཆ་རྫོགས་པ། །འཕྲིན་ལས་འོད་དཀར་སྣང་བའི་དགའ་སྟོན་དཔལ། །འགྱེད་མཁས་སྨྲ་བའི་ཟླ་བ་གཙུག་ན་རྒྱལ། །ཐུབ་བསྟན་གསལ་མཛད་བསྟན་པའི་གཏད་རབས་བདུན། །ཡངས་པའི་རྒྱན་མཆོག་རྒྱན་དྲུག་མཆོག་གཉིས་དང་། །མཁྱེན་གཏེར་འཇམ་མགོན་ཡབ་སྲས་བརྒྱུད་པར་བཅས། །འཕགས་བོད་མཁས་གྲུབ་རིམ་བྱོན་ཕྱག་གི་ཡུལ། །རྨད་བྱུང་ཁྲིམས་གྱི་ལུས་རྩལ་རབ་ཏུ་རྫོགས། །ཐོས་བསམ་སྒོམ་པའི་རལ་ཁུར་གྱིས་མཛེས་པ། །གསང་ཆེན་རིག་པ་འཛིན་པའི་འདུས་པའི་སྡེའི། །བླང་དོར་ཁྲིམས་སུ་བཅའ་བ་འདིར་འགོད་བྱ། དེ་ཡང་བསྐལ་བཟང་རྣམ་འདྲེན་སྟོང་ལས་སྙིང་སྟོབས་ཕུལ་དུ་ཕྱིན་པ་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་བོ་དེ་ཉིད་ཀྱིས་གདུལ་བྱའི་ཁམས་བསམ་པ་དབང་པོའི་རིམ་པ་དང་འཚམས་བར་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་ཏེ། བསྟན་པ་རིན་པོ་ཆེ་འཕགས་པའི་ཡུལ་དུ་དར་རྒྱས་ཡུན་རིང་དུ་གནས་པར་མཛད་པ་དང་། ལྷག་པར་བསྟན་པ་བྱང་ནས་བྱང་དུ་དར་ཞིང་རྒྱས་པར་མཛད་པའི་ཐུགས་བསྐྱེད་གྱི་མཐུས། རབ་དཀར་གངས་ཀྱི་རི་བོའི་དོ་ཤལ་ཚར་དུ་དངར་བའི་ཡུལ་ལྗོགས་འདིར་བསྟན་པ་དར་རྒྱས་སུ་གྱུར་པ་ཡིན་ལ། ཁྱད་པར་བྱང་སེམས་བཟང་སྐྱོང་གི་སྐྱེས་འཕྲེང་དཔལ་ཨ་ཏི་ཤས་ལྷ་ཆོས་བདུན་ལྡན་གྱི་ལམ་བཟང་གསལ་བར་མཛད་པ་དང་། ཕྱིས་སུ་རྒྱལ་བས་ལུང་གིས་ཟིན་པའི་བསྟན་པའི་བདག་པོ་མཉམ་མེད་ཙོང་ཁ་པ་ཆེན་པོས། ཕྱི་བསྟན་པའི་ནང་མཛོད་འདུལ་བའི་ཀུན་སྤྱོད་རྣམ་བར་དག་པའི་ཉམས་ལེན་དང་། ནང་གསང་སྔགས་ཀྱི་རྣལ་འབྱོར་ཟུང་དུ་འབྲེལ་བའི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་ཅིང་། མཛད་ཆེན་བཞི་ལ་བརྟེན་ནས་བསྟན་པ་ལོ་སྟོང་གི་བར་དུ་བསྲིང་བར་མཛད་པ་ཡིན་ལ། རྗེ་བླ་མའི་རིང་ལུགས་འཛིན་པའི་སྐྱེས་མཆོག་བོད་དང་བོད་ཆེན་གྱི་ལྗོངས་འདིར་མང་དུ་བྱོན་པའི་ནང་ནས་སྒྲིབ་བྲལ་ཡེ་ཤེས་ཀྱིས་ལེགས་ཉེས་གསལ་བར་གཟིགས་པའི་བདག་ཉིད་ཆེན་པོ་རྗེ་བསོད་ནམས་ཆོས་འཕེལ་བའི་གདན་ས་དབེན་གནས་བྱམསཔ་གླིང་གི་དགེ་འདུན་རྣམས་ཀྱིས་ཉམས་སུ་བླང་བྱའི་བཅའ་ཁྲིམས་ཀྱི་རིམ་པ་ལ། ཐོག་མར་གསར་ཞུགས་པ་སོགས་ཀྱང་ཕྱོགས་གཞན་ནས་གནས་དབྱུང་བྱས་པ་དང་། ལྟ་གྲུབ་མི་མཐུན་པ་མ་ཡིན་པ། རབ་ཏུ་བྱུང་བའི་རྟགས་ཆ་ལུགས་ཚང་ཞིང་། ཚུལ་ཁྲིམས་མིག་འབྲས་ལྟར་བསྲུང་བ་ལ་བརྩོན་པ་གལ་ཆེ་སྟེ། འདི་བསྟན་པའི་རྩ་བ་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་ཡིན་པ་དང་། བསྟན་པ་རིན་པོ་ཆེ་གནས་མི་གནས་ཡང་ལས་བྱེད་པ་ལ་ནན་ཏན་ཡོད་ལ་རག་ལས་པར་གསུངས་པ་ལྟར་རོ། །གསར་ཞུགས་པ་རྣམས་ཀྱི་དགེ་རྒན་ཡང་ཡོན་ཏན་ཆེ་ཞིང་།དགེ་ཕྱོགས་སུ་བློ་སྣ་གོང་འཕེལ་དུ་གཏོང་མཁན་རེ་བསྟེན་ཏེ་ཀློག་དང་ཚོགས་འདོན་འགྲིག་ལམ་གྱི་རིམ་བ་ངེས་པར་བྱ་དགོས་སོ། །དེ་ལྟར་སྤང་བླང་ཇི་ལྟར་བྱ་བའི་ཚུལ་དང་། ཕན་ཡོན་དང་ཉེས་དམིགས་སོགས་ཀྱི་ཁྱད་བར་ཅུང་ཟད་ཙམ་ཡང་མི་ཤེས་པར་སྔགས་གྲངས་བ་སོགས་པ་དང་བླུན་སྒོམ་ཙམ་གྱིས་བོགས་ཐོན་པ་མི་འོང་བས། དེས་ན་རྗེ་མི་ལ་བཞད་པས། ཐོས་པ་མེད་པའི་སྒོམ་པ་དེ། །ལག་ཟླུམ་བྲག་ལ་འཛེག་པ་འདྲ། །གསུངས་པ་ལྟར། ཐོག་མར་མི་ཤེས་པ་ལྟུང་བ་འབྱུང་བའི་སྒོ་ཁེགས་ཆེན་སྡོམ་གསུམ་བསླབ་བྱ་ལམ་རིམ་སོགས་ལ་ཐོས་པ་གལ་ཆེ། དེའང་ཐོས་ལོ་ཙམ་དང་། རྙེད་བཀུར་སྙན་གྲགས་སོགས་ཚེ་འདིའི་ལག་ཆར་མ་སོང་བར་སྒོ་གསུམ་ཉེས་སྤྱོད་ལས་བཟློག་ཆེད་རྒྱུད་ཐོག་ཏུ་སྦྱར་ནས་ཉམས་ལེན་ལ་བརྩོན་པ་དགོས་བས། རྒྱུན་དུ་ཞོག་ཀ་སྔ་བར་བཞེངས་པའི་ཚེ་ཞུ་བ་གླུས་བསྐུལ་བའི་དམིགས་པ་དང་བཅས། ཉིན་དེར་དགེ་སྦྱོར་ལ་བརྩོན་འདུན་ཤུག་དྲག་བྱས་རྗེས། ངག་བྱིན་རླབས། འགྱུར་སྔགས་ཕྲེང་སྔགས། དུས་དྲན་བསྟེན་པ། གནས་ཁང་ཕྱི་དོར་དང་། མཆོད་པ་འབུལ་བ། བླ་མའི་རྣལ་འབྱོར། ལམ་རིམ་བློ་སྦྱོང་། ཡི་དམ་ལྷའི་བསྒོམ་བཟླས་ལ་འབད་པ། ཐུན་དྲུག་གི་རྣལ་འབྱོར་ཆགས་མེད་ཀྱི་སྒོས་ལྟུང་བས་སྔོ་བགྲང་བྱས་ཏེ་ལྟུང་བ་བྱུང་མ་བྱུང་བརྟགས་ནས། བྱུང་ན་བཤགས་བསྡོམ་བྱ་བ་དང་། རྡོར་སེམས་བསྒོམ་བཟླས་ཀྱི་སྒོ་ནས་ཡིག་བརྒྱ་ཉེར་གཅིག་རེ་མ་ཆགས་ན་ལྟུང་བའི་འཕེལ་ཁ་ཆོད་པར་གསུངས་པ་ལྟར་བྱེད། རུང་ཁང་དང་ཡོ་བྱད་བྱིན་བརླབས་བྱ། ཆབ་ལེན་ལྷམ་ཕུད་རུང་ཆུ་འདེབས་པ་སོགས་ལག་ལེན་ལ་ཐེབས་པར་བྱ། ཐུན་མཚམས་སུ་ཕྱག་དང་བསྐོར་བ་སོགས་དགེ་སྦྱོར་ལ་འབད་ནས་སྤྱིར་འཁོར་བ་དང་། ལྷག་པར་ངན་འགྲོའི་སྐྱེ་སྒོ་ཁེགས་པ་ཞིག་བྱ་དགོས། དེ་ལྟར་ཉམས་ལེན་ལ་མི་བརྩོན་པར་ཟས་ནོར་ལ་སྲེད་པས་ཚོང་དང་བུན་བསྐྱེད་སོགས་གཞན་མགོ་བསྐོར་ཐབས་ལ་འབད་པ་ཕྱུགས་ཀྱི་བྱ་བ་ལས་ཁྱད་མ་ཞུགས་ཤིང་། ཆོས་དང་ཉམས་ལེན་གྱི་གེགས་སྡུག་ཤོས་ཡིན་བས། ས་སྐྱ་པན་ཆེན་གྱིས། དད་དང་འདུས་པས་སེམས་རྒྱུད་མ་ཐུལ་བར། །འགྲན་འདོད་དབེན་པའི་རི་ལ་གནས་བཅས་ཏེ། །འདོད་དོན་དགོས་དགུ་རྟག་ཏུ་ཡིད་བྱེད་པ། །གཅན་གཟན་རི་ལ་ཉལ་བའི་སྒོམ་ཆེན་ཡིན། །གསུངས་པ་དང་། ཙ་ན་ཀའི་བསྟན་བཅོས་ལས། ལྟོ་བ་འགེང་བ་འབའ་ཞིག་འདོད་གྱུར་བ། །དེ་ཡི་བསམ་པ་ཕྱུག་དང་ཁྱད་བར་ཅི། །ཞེས་གསུངས་པ་ལྟར་རོ། །སྔོན་གྱི་ལེགས་སྨོན་གྱི་སྟོབས་ཀྱིས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་ཆོས་སྡེ་འདི་འདྲའི་གྲལ་དུ་ཞུགས་སྐབས་འདིར་ལྟོ་གོས་གང་བྱུང་ཙམ་གྱིས་ཆོག་ཤེས་བསྟེན་པ་གནད་ཆེ། ཚོགས་ཀྱི་འགྲིགས་ལམ་དངོས་ལ་་་་་་་་མཁར་བརྡ་དང་བསྟུན་ཏེ། རྒན་རིམ་བཞིན་ནང་དུ་ཕེབས་ནས། ས་གཞི་བྱིན་བརླབས། ཚོགས་ཞིང་སྤྱན་འདྲེན། ལམ་རིམ་གསོལ་འདེབས། ཡོན་ཏན་གཞིར་གྱུར་མ། ཡན་ལག་བདུན་པ། ལྟུང་བཤགས་དང་སྤྱི་བཤགས། མཎྜལ་སོགས་ཕྱག་དང་སྦྲགས་ནས་འདོན་དགོས། ན་ཚོད་ཧ་ཅང་བགྲེས་པ་དང་། ནད་པ་ལྟ་བུའི་དམིགས་བསལ་ཅན་རེ་གཉིས་ཡིན་ན་མ་གཏོགས་ཐམས་ཅད་གྱིས་ཕྱག་འཚལ་དགོས། དེ་ནས་གྲྭལ་ལ་འཁོད་དེ། སྐྱབས་སེམས་ཚ་གསུར་བསྔོ་སྨོན་བྱ་བ་ཕལ་ཆེར་ཐམས་ཅད་ལ་འདྲ། ཇ་རྒྱབ་ཏུ་མདོ་བཟློག །སེང་གདོང་བཟློག་བསྒྱུར་འཕྲོར། ཧོར་ཟླ་དང་པོའི་ཚེས་གཅིག་ནས་བཟུང་། རྡོ་རྗེ་རྣལ་འབྱོར་མའི་སིནྡྷུ་རའི་སྒྲིབ་མཆོད་བྱ་དགོས་པས། དེ་ལ་སྐྱབས་འགྲོ་ནས་ཆོ་ག་བཟླས་པའི་བར་དང་། ཇ་གཉིས་པའི་ཐོག་སྦྱིན་བདག་ཡོད་ཚེ་འདོན་པ་གང་དགོས་སྤྱི་བས་སྙན་གསན་ཕབས་ནས་འདོན། གྲྭལ་དུ་བཞུགས་སྐབས་རྩིག་པ་དང་། ཀ་པ་སོགས་ལ་བསྙེལ་བ། གཡས་གཡོན་དུ་བལྟ་བ། ལོང་གཏམ་སྨྲ་བ། ཟླ་གམ་གྱི་མཐུ་ཕྱེ་ནས་སྡོད་པ། གྲྭལ་མདུན་རྒྱབ་ཏུ་འཁྱོགས་པོར་བསྒྲིགས་པ་སོགས་མིག་ལམ་དུ་མི་མཛེས་པའི་སྤྱོད་ལམ་སྤངས་ནས་དབུ་མཛད་ཀྱིས་དབུ་བསྐུལ་བ་དང་། འདོན་བཟང་བ་རྣམས་ཀྱི་གཙོས་མང་མས་ཁུར་དུ་སླངས་ཏེ། སྔ་ཆད་བཞུགས་ལུས་སུ་མ་སོང་བར་ཞལ་འདོན་ལ་ཐུགས་གཞོལ་པར་མཛད་དགོས། བཟའ་བཏུང་ལ་ལོངས་སྤྱོད་ཚུལ་འདུལ་གཞུང་ནས་གསུངས་པ་ལྟར་ཚུལ་མཐུན་བྱ། ཚེས་དྲུག་ལ་བླ་མ་ཐམས་ཅད་མཁྱེན་པའི་གདུང་མཆོད་དུ་གནས་བརྟན་ཕྱག་མཆོད་འགྱེད་གསུམ་དང་གླིང་མེ་ཡོད། ཚེས་བཅོ་ལྔ་ལ་འཇིགས་བྱེད་ལྷ་བཅུ་གསུམ་མའི་བདག་འཇུག་དང་། གསོ་སྦྱོང་གྲུབ་འཕྲལ་ཚོགས་གྲོལ། དབོ་ཟླའི་ཚེས་གཅིག་ལ་བཟང་སྤྱོད་ཚར་ཉེར་གསུམ། འགྱེད་གསུམ། ལོ་གཅིག་གི་རིང་དུས་བཟང་བ་མི་བཞིས་ཟླ་བ་རེ་རེ་བཞིན། ཚེས་གཅིག་ལ་ཤེར་སྙིང་བཟློག་པ། སེང་གདོང་བཟློག་པ། སྐྱབས་འགྲོ། གནས་བཅུ། རྒྱལ་ཀུན་མཁྱེན་བརྩེ་མ། དཀོན་མཆོག་རྒྱལ་བ་མ། ཚོགས་གཉིས་ཟླ་བ་མ། སངས་རྒྱས་ཀུན་དངོས་མ། བླ་མ་མཆོད་པ། སྨོན་ལམ་ཡོངས་རྫོགས། བཟང་སྤྱོད་ཚར་ཉེར་གཅིག་གཏོར་འབུལ། ཚེས་གསུམ་ལ་སྨན་བླ་ཚར་བཅོ་ལྔ། ཚེས་བཞི་ལ་བཟང་སྤྱོད་ཚར་བཅུ་བཞི། ཚེས་དྲུག་ལ་གནས་བཅུ་ཕྱག་མཆོད། ཚེས་བརྒྱད་ལ་གསང་འདུས། ཚེས་བཅུ་ལ་བདེ་མཆོག་བདག་འཇུག །བཅུ་གསུམ་ལ་བཟང་སྤྱོད་ཚར་ཉེར་གཅིག །བཅོ་ལྔ་དང་། ཉེར་གཉིས་དང་། ཉེར་ལྔ་རྣམས་ལ་འཇིགས་བྱེད་བདག་འཇུག །གནམ་གང་ལ་བཟང་སྤྱོད་ཉེར་གཅིག་བཅས་ཉིན་བཅུ་གཅིག་རེ་ལ་འཚོགས་དགོས། དུས་བཟང་པ་རྣམས་ཐབས་མེད་ཀྱིས་འགྲོ་དགོས་བྱུང་ན་བླ་མ་ལ་དགོངས་པ་ཞུ་ཞིང་། རང་གི་འཚབ་ཏུ་འདོན་པ་ཤེས་མཁན་རེ་བཞག་ནས་བླ་མ་ངོ་སྤྲོད་བྱེད་དགོས། དབོ་ཟླའི་ཚེས་བཅུ་གསུམ་ལ་དུས་བཟང་འགྱེད་གཅིག་ཅན། བཅོ་ལྔ་ནས་རྡོ་རྗེ་མི་འཁྲུགས་པའི་སྒྲུབས་མཆོད་ཉིན་བརྒྱད། གནམ་གང་ལ་དུས་བཟང་འགྱེད་གཉིས་ཅན། ནག་ཟླའི་ཚེས་བརྒྱད་ནས་དཔལ་འཁོར་ལོ་སྡོམ་པའི་སྒྲུབས་མཆོད་ཉིན་བདུན། སྦྱིན་སྲེག་གི་ཐེབས་སྔར་ཡོང་ལྟར་བྱ། དེ་རྗེས་སྐུ་རིམ། ས་ཀ་ཟླ་བའི་ཚེས་བཅོ་ལྔ་ལ་སྨྱུང་གནས། ཆུ་སྟོད་ཟླ་བའི་ཚེས་བཅུ་དྲུག་ནས་དབྱར་ཁས་ལེན། ཞོག་ཁའི་འདོན་པ་ཡོངས་གྲགས་ལྟར་ལ། ཇ་རྒྱབ་ཏུ་མདོ་ཚར་གསུམ་རེ་འདོན་རྒྱུ་དབྱར་གནས་དགུ་གཏོར་གཉིས་འདྲ། སྤྱི་བ་མ་གཏོགས་ཐམས་ཅད་ཀྱིས་དབྱར་ཁས་ལེན་དགོས། ཐབས་མེད་ཀྱིས་ཁས་ལེན་རྒྱུ་མ་བྱུང་ཚེ་དགོངས་པ་ཞུ། དབྱར་གནས་ལ་དང་བོ་ཉིན་བདུན་ལ་བསྐང་གསོ། དེ་ནས་གསང་བ་འདུས་པ་དང་། འཁོར་ལོ་བདེ་མཆོག །འཇིགས་བྱེད་རྣམས་རིམ་པ་ལྟར་རས་བྲིས་ལ་བརྟེན་ཏེ་དཀྱིལ་འཁོར་སྒྲུབ་མཆོད་ཉིན་བདུན་རེ་དང་། མཇུག་ཏུ་སྦྱིན་སྲེག་རེ་འབུལ་དགོས་པས། རྫས་འཐེབ་ཆེ་བ་གང་རེ་དང་། མར་རྒྱ་མ་བརྒྱད་རེ་སྤྱི་བ་ནས་སྤྲད་དགོས། དེ་ནས་སྨན་བླའི་མདོ་ཆོག་ཉིན་གསུམ། གནས་བརྟན་ཕྱག་མཆོད་ཉིན་གཅིག །དབྱར་གནས་ཀྱི་སྐབས་མཆོད་པ་བརྒྱ་འཐེབ་ལན་གཉིས་རེ། དབྱར་གནས་ཀྱི་མགོ་མཇུག་ཐམས་ཅད་དུ་དགེ་འདུན་པ་རྣམས་ཀྱིས་ཕུད་མཆོད་བཟོས་ཏེ། དཀོན་མཆོག་རྗེས་དྲན་དང་རྒྱུན་ཆགས་གསུམ་པ་གསུངས་ཏེ། དགོང་བཅད་མ་ཆགས་པ་ངེས་བར་བྱེད། དེར་མ་ཟད་རྒྱུན་དུ་ཕྱི་དྲོའི་ཁ་ཟས་སྤོང་བ་དང་། ཟླ་བ་བྱུང་ངོ་ཅོག་གི་ཡར་ངོ་དང་། མར་ངོ་གཉིས་ལ་གསོ་སྦྱོང་ཚུལ་བཞིན་དུ་བྱ་བ་སོགས་བསླབ་པ་ཡོངས་སུ་སྤྱོད་བའི་གཞི་གསུམ་གྱི་ལག་ལེན་ལ་བརྩོན་པར་བྱ་བ་གལ་ཆེ། དུས་མཆོད་རྣམས་ལ་བགྲེས་གཞོན་ཚང་མ་ཕེབས་དགོས། ཧ་ཅང་བགྲེས་པ་དང་། ནད་བ་སོགས་ཐབས་མེད་བྱུང་ན་བླ་མ་ལ་དགོངས་བ་ཞུ། ལྔ་མཆོད་ལ། ཉི་ཤུ་གསུམ་ལ་སྨོན་ལམ་ཆ་ལྔ། བདེ་མཆོག་བདག་བསྐྱེད། ཆོས་སྐྱོང་རྣམས་ཀྱི་གཏོར་འབུལ། ཉི་ཤུ་བཞི་ལ་གསང་འདུས་བདག་མདུན་གཉིས། གཏོར་འབུལ། ཉི་ཤུ་ལྔ་ལ་བླ་མ་མཆོད་པ། སྨོན་ལམ་ཆ་ལྔ། འཇིགས་བྱེད་བདག་འཇུག །གཏོར་འབུལ། སྲོད་ཀྱི་དུས་སུ་འཚོག་ནས་སྤྱན་འདྲེན་ཁྲུས་གསོལ་དང་། གླིང་མེ་སྤར། ཉི་ཤུ་དྲུག་ལ་འཇིགས་བྱེད་དང་གཏོར་བསྔོ། སྤྱི་བ་ནས་རྩིས་སྤྲོད་ཀྱང་བྱེད། ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ནས་ལས་སྣེས་དོ་དམ་མཛད་ནས་ཐམས་ཅད་དགུན་མཚམས་ལ་འདུག་དགོས། ཟླ་བ་བཅུ་གཉིས་པའི་ཉི་ཤུ་གཉིས་ལ་དགུ་གཏོར་བཅའ་བཤམས་བྱས་ནས། དགུང་མོ་ཡར་འཚོག་ལ་མདོ་ཚར་གསུམ། སེང་གདོང་མ་བཟློག་པ་དང་བཅས་པ། དེ་ནས་སངས་རྒྱས་ཆོས་ཚོགས་མ་ལན་གསུམ། སྐད་ཅིག་དཀྲོང་བསྐྱེད། ནང་མཆོད་དང་བསྐང་རྫས་བྱིན་བརླབས། བདག་གི་བསམ་པའི་ཞེས་པའི་མཇུག་ཏུ་བཀྲ་ཤིས་ཡར་འགྲོ་བརྡུང་། དེའི་མཇུག་ཏུ། ཕན་བདེ་འབྱུང་བའི་གནས་གཅིག་བུ། །ཞེས་སོགས་བརྗོད། དེ་ནས་ཇ་ཐོག་ཏུ་བླ་མས། ལྕགས་མཁར་ཡོད་ཚེ་ལྕགས་མཁར་གྱི་ལོ་རྒྱུས། གཏོར་མའི་དམིགས་རིམ། བསྐྱེད་རིམ་སོགས་དང་འབྲེལ་བའི་འཚོག་གཏམ་ཞིབ་རྒྱས་གཏོང་། དངོས་གཞི་ནམ་གྱི་ཕྱི་ཐུན་ནས་འཚོག་ནས་ཚ་གསུར་གཏོང་། ཇ་དང་པོ་དང་ཤེར་སྙིང་ཚར་གསུམ་བཟློག་པ་དང་བཅས། འགྱུར་སྔགས། སྐྱབས་འགྲོ། གནས་བཅུ། རྒྱལ་ཀུན་མཁྱེན་བརྩེ་མ། དཀོན་མཆོག་རྒྱལ་བ་མ། ཚོགས་གཉིས་ཟླ་བ་མ་རེས་མོ། རྗེའི་འཇམ་དབྱངས་བསྟོད་པ། དགའ་ལྡན་ལྷ་བརྒྱ་མ། དམིགས་བརྩེ་མ་བརྒྱ་རྩ། དེ་ནས་ཚེ་རབས་ཀུན་ཏུ་ཞེས་སོགས་བརྗོད། འཇིགས་བྱེད་བླ་བརྒྱུད་ནས་བཟུང་སྟེ་སྨོན་ལམ་བར་དང་། ཇ་གཉིས་པ་བཏང་ནས་ཚོགས་གྲོལ། དེ་ནས་ནང་མཆོད་དང་བསྐང་རྫས་བྱིན་བརླབས། ཆོས་སྐྱོང་ཡོངས་རྫོགས་གསེར་ཞུན་མ་དང་བཅས་པའི་སྤྱན་འདྲེན། དེ་རྣམས་ཀྱི་བསྐང་བཤགས་བཟློག་པ་གསུམ་བཞུར་འདོན། དེ་ནས་དེ་རྣམས་ཀྱི་བཤགས་པ་གསུངས་ནས་ཇ་གསུམ་པ་གཏོང། ཡར་འཚོགས་ནས་བསྐང་རྫས་བྱིན་བརླབས། བསྐང་བ་ཡོངས་རྫོགས་བཟློག་པ་དང་བཅས་རྔ་འཆིང་དང་། སླར་ཡང་བཞུར་འདོན་བྱེད། དེ་ནས་ཆོས་རྒྱལ་རྣམ་སྲས་བསྭེ་ཁྲབ་ཅན་རྣམས་ཀྱི་བསྐང་བཤགས་གཏོང་། བསྭེ་ཁྲབ་ཅན་དང་རྣམ་སྲས་གཉིས་ཀྱི་གཏོར་བསྔོས་རེས་མོ། དེ་ནས་ཇ་བཞི་པ་གཏོང། དེ་ནས་བཟླས་པ་ནས་བསྟོད་པ་དང་རི་རབ་ལྷུན་པོ་མ་བཟློག་པ་དང་བཅས་པ་འདོན། ཇ་ལྔ་བ་གཏོང། དེ་ནས་བསྒྲལ་ཆོག །མཆོད་བསྟོད། ཤིས་བརྗོད་པར་གཏོང་། ཉིན་རྗེས་མ་ལ་བསྒྲལ་ཆོག་མཇུག་ཏུ་གྲོལ། དེ་ནས་ལྷ་བཏེགས་ནས་གཏོར་རྒྱག་གི་བར་དང་། སྒོ་ཐེམ་ནས་མངའ་གསོལ། མཆོད་བསྟོད། ཆོས་རྒྱལ་གྱི་གཤེགས་གཏོར། འཇིགས་བྱེད་ཤིས་བརྗོད། ལམ་རིམ་སྨོན་ལམ། ཇ་བཞེས་ནས་ཚོགས་གྲོལ། འཚོགས་མེད་ཚེ་རྒྱུན་དུ་གསར་བ་རྣམས་ཀྱིས་གསང་བདེ་འཇིགས་གསུམ་གྱི་ཆོ་ག་བསྐང་གསོ། ཆོས་སྤྱོད་སོགས་བློ་འཛིན་གཤར་སྦྱངས་བྱེད། སྡེ་འདིའི་ཉམས་བཞེས་ཀྱི་འདོན་རྒྱུག་རྫོགས་རྗེས་བློ་ཁ་མཐོ་བ་རྣམས་ཀྱིས་བདེ་ལམ་དང་། འཇམ་དཔལ་ཞལ་ལུང་ལྟ་བུ་རེ་བློ་འཛིན་བྱ་བ་དང་། རང་གི་བློ་ཚོད་དང་བསྟུན་ཏེ། ལམ་རིམ། བློ་སྦྱོང། བསྐྱེད་རྫོགས་སོགས་ལ་དཔེ་ཁྲིད་དང་། དཔེ་བལྟས་བྱས་ཏེ་ཉམས་ལེན་ལ་འདྲས་པར་བྱེད། དུས་རྒྱུན་དུ་རབ་ཏུ་བྱུང་བའི་རྟགས་ཆ་ལུགས་ཚུལ་མཐུན་བྱ་བ་དང་། བུད་མེད་གླིང་གསེབ་ཏུ་མི་གཏོང་ཞིང་། མཆོད་འཇལ་བྱེད་མཁན་ཡིན་ན་དགོངས་པ་ཞུ། མཆོད་མཇལ་ཚར་མ་ཐག་ནས་གླིང་གི་ཕྱི་རོལ་ཏུ་འགྲོ། རྩ་བ་བཞི་ཆང་སོགས་ལ་མཐོང་ཐོས་དོགས་གསུམ་བྱུང་ཚེ་གནས་དབྱུང་བྱ། གཞན་གང་ལ་ཉེས་པ་ཆེ་ཆུང་དང་འཚམས་པའི་ཆད་པ་འགེལ། བླ་མ་ལས་སྣ་ཚང་མས་རྒྱུ་འབྲས་དྲང་བཞག་གི་ངོས་ནས་འགྲིགས་ལམ་དོ་དམ་དང་ཁུར་ལེན་གང་དྲག་བྱེད། རྒན་གཞོན་ཚང་མས་ལས་སྣེ་རྣམས་བརྩི་བཀུར་བྱས་ཏེ་མགོ་འོག་ལུས་ཆུད་བྱ་བ་དང་། སྔོན་དུད་འགྲོ་གཞོན་པས་རྒན་པ་རྣམས་ལ་བཀུར་བཟོ་བྱས་བས་བཀྲ་ཤིས་པ་འབྱུང་བ་ལྟར། རྒན་གཞོན་གྱི་བརྩི་འཇོག་གལ་ཆེ། ནད་པ་ལ་གྲྭ་མང་གིས་ཁུར་ལེན་གྱིས་དོ་དམ་སྨན་དང་རིམ་གྲོར་འབད། ཆ་རྐྱེན་མེད་མཁན་ཡིན་ན་སྐམ་འཚོགས་ཀྱིས་རིམ་གྲོ་བྱ། གྲྭ་པ་རེ་གཤེགས་ཚེ་བཅའ་ལག་རྒྱུ་རྫས་གང་ཡོད་ཆུད་ཟོས་སུ་མི་གཏོང་བར་དགེ་འདུན་མང་ནས་བལྟ་རྟོགས་བྱེད་ཅིང་། ཉོ་ཚོང་སོགས་ལ་ཐམས་ཅད་ཀྱིས་གྲོས་བྱས་ནས་ཞིང་ཁྱད་པར་ཅན་ལ་གཏོང་དགོས་པས་ཀུན་གྱིས་ཁུར་དུ་ལེན། རང་ལ་ཉེ་བ་དང་། ཁ་བལྟ་བཟང་པོ་བཅའ་ལག་ལ་བདག་བྱེད་མཁན་ཡོད་ན་བྱེད་ཆོག ཉོ་ཚོང་གང་ལ་ཉེ་ཁ་ཕྱོགས་སྐྱོར་དཔེ་སྲོལ་མིག་ལྟོས་ངན་པ་ཟ་ཐབས་འཆའ་ཐབས་བྱེད་མི་རུང་། སྟོན་དུས་སུ་གྲྭ་རྐྱང་རེས་རྩྭ་བཏུ་དགོས་ན་གཞན་ལ་བཏུ་བར་བྱེད་པ་མ་གཏོགས་དགེ་ཚུལ་སློང་གང་ཡིན་ཀྱང་རང་གིས་རྩྭ་འཐུ་གཏན་ནས་མི་ཆོག །འདོན་བཅོལ་སོགས་ཀྱི་རྒྱུ་རྫས་ཕྲན་བུ་ཡིན་ཀྱང་དགེ་འདུན་སྤྱི་ལ་དབང་བའི་རྫས་ཡིན་པས་ཉོ་ཚོང་གང་ལ་བགྲེས་གཞོན་ཚང་མས་གྲོས་བྱས་ནས་ཁུར་དུ་ལེན། འདུ་ཁང་དང་བྱམས་ཁང་གཉིས་ལ་དབྱར་ཝ་ཁ་ཐིག་འཛག་ཐིག་ཆུ་སོགས་ཀྱིས་སྐུ་གསུང་ཐུགས་རྟེན་ལ་གནོད་མི་གནོད་སྤྱི་བ་ནས་བལྟ་རྟོགས་བཟང་པོ་བྱེད་དགོས། དེ་ལྟར་ཉམས་སུ་བླངས་པའི་དགོས་པ་བསྟན་པ་རིན་པོ་ཆེ་ནི་འདུལ་བའི་ཀུན་སྤྱོད་རྣམ་པར་དག་པ་ལ་རག་ལས་པའི་ཕྱིར་ན་རྒྱུན་དུ་རང་གིས་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་བ་གཞིར་བཞག་སྟེ། ཐོས་བསམ་སྒོམ་གསུམ་ལ་འབད་ན་ལུང་རྟོགས་ཀྱི་ཡོན་ཏན་རྒྱུད་ལ་སྐྱེ་བར་ཚེགས་མེད་ཅིང་། འདོད་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་འགྱུར་བ་ཡིན་ནོ།། །།སྨྲས་པ། བསྟན་པའི་ནང་མཛོད་ཆོས་འདུལ་ཟླ་བའི་གྲོགས། །རྣམ་དཔྱོད་བརྩོན་པས་བསྲུབ་པ་ལས་ཐོན་པའི། །སྔོན་མེད་བཅའ་ཁྲིམས་མཚན་མོའི་ནོར་བུ་མཆོག །སྐལ་བཟང་བདེ་འབྱུང་རལ་བའི་རྒྱན་དུ་བསྐྲུན། །འདིའི་མཚོན་དགེ་ཚོགས་ཟླ་བ་ལྟར་དཀར་དེས། །ཁྲིམས་ལྡན་བློ་གསལ་འདུས་སྡེ་ཆེར་འཕེལ་ཞིང་། །ཆོས་སྲིད་ལེགས་ཚོགས་དབྱར་གྱི་དཔལ་མོ་བཞིན། །རབ་རྒྱས་དགེ་ལེགས་ཤིས་པས་ས་ཁྱབ་ཤོག །ཅེས་དབེན་གནས་དཀར་ཆེན་བྱམས་པ་གླིང་གི་བཅའ་ཁྲིམས་བླང་དོར་ཀུན་གསལ་ཞེས་བྱ་བ་འདི་ཡང་ཆོས་སྡེ་དེ་གའི་བླ་མ་ལྔ་རིག་ཕྲེང་བའི་རྒྱུན་གྱིས་མགུལ་བ་མཛེས་པ་བསྟན་པའི་གསལ་བྱེད་སྐལ་བཟང་སྙན་གྲགས་ཀྱིས་ལྷ་རྫས་བཅས་ནན་ཆེར་བསྐུལ་བའི་ངོར་ ༸དབྱངས་ཅན་བཞད་པའི་རྡོ་རྗེའམ། འཇམ་དབྱངས་མཁྱེན་རབ་རྒྱ་མཚོས་བྲིས་པ་ཛ་ཡནྟུ།། །།པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།།
༄༅། །དབེན་གནས་དཀར་ཆེན་བྱམས་པ་གླིང་གི་བཅའ་ཡིག་བླང་དོར་ཀུན་གསལ་ཞེས་བྱ་བ་བཞུགས་སོ།།
- Post author:GasharSockpa
- Post published:2023-11-02
- Post category:སྐུ་ཕྲེང་གསུམ་པའི་གསུང་རྩོམ།
- Post comments:0 Comments