གྱ་སྟོན་རྟེན་འབྲེལ་ཞུ།

འཇིག་རྟེན་མེས་པོའི་ཀུན་རྟོག་སྒྱུ་མའི་འཕྲུལ། །སྙན་འཇེབས་དབྱངས་ཀྱི་འགྲོས་སུ་ཤར་བ་ཡི།།
ཤེས་རབ་དཔལ་མོའི་རྒྱུད་དྲུག་པི་ཝང་གིས། །བདག་མགྲིན་སྒོ་མོ་འབྱེད་པའི་རམ་འདེགས་མཛོད། །
སྲས་བཅས་རྒྱལ་བའི་བརྩེ་ཆེན་འོ་མའི་མཚོ། །ཐུགས་བསྐྱེད་རླུང་གིས་གཡོ་བའི་རྦ་རླབས་ཀྱིས། །
མ་དག་སྙིགས་མའི་མྱ་ངམ་ཐང་ཆེན་དུ། །གང་འདོད་གར་གྱི་གཟེགས་མ་ཆར་དུ་སྙིལ། །
ཁྱད་པར་གངས་ལྗོངས་སྣོད་བཅུད་གཉན་འཕྲང་སྐབས། །འཇིག་རྟེན་མགོན་པོ་རླབས་ཆེན་དགོངས་དབྱིངས་སུ། །
ཆོས་ཚན་ཉི་ཟླ་དུས་གཅིག་འདྲེན་མཁས་པའི། །སྔོན་མེད་ཤིང་རྟ་ཆེན་པོའི་འཁྲུངས་སྐར་བསུ། །
བློ་བཟང་རིང་ལུགས་ཐུབ་བསྟན་པད་ཚལ་དུ། །འཕྲིན་ལས་ཟེར་བརྒྱའི་མཁྱེན་རབ་འོད་སྟོང་གིས། །
ཡེ་ཤེས་བཅུད་བཟང་ཡོངས་སུ་སྨིན་པ་ཡི། །གཞུང་ལུགས་རྒྱ་མཚོ་འདོམས་པའི་པཎྜི་ཏ། །
འཕགས་པའི་ཡུལ་ནས་གངྒའི་རླབས་ཕྲེང་གིས། །མཁས་ཤིང་གྲུབ་པའི་མཚན་གྱི་སྙན་པ་སྒྲོགས། །
གངས་རིའི་ལྗོངས་ནས་རྨ་ཀླུང་སྔོན་མོ་ཡིས། །དགུང་ལོ་བརྒྱད་ཅུའི་ཤིས་ཚིག་གཟེགས་མ་འཐོར། །
སྤྲིན་གྱི་ཕོ་ཉ་གྲོགས་སུ་མི་དགོས་ཤིང་། །སྦྲག་པས་གཏོང་ལེན་ངལ་བ་མི་བསྟེན་པར། །
བརྒྱད་ཅུའི་འཁྲུངས་སྐར་བསུ་བའི་ཤིས་ཚིག་འདི། །དྲ་བའི་ལམ་ནས་གསེར་གྱི་སྙན་དུ་སྒྲོན། །

ཞེས་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས་མུ་སྟེགས་སྟོན་པ་དྲུག་བཏུལ་བའི་དུས་ཆེན་ཁྱད་པར་ཅན་དང།  བཀའ་དྲིན་མཚུངས་ཟླ་མ་མཆིས་པ་སྐྱབས་རྗེ་མཁན་ཟུར་ཨ་མཆོག་རིན་པོ་ཆེ་བློ་བཟང་ཐུབ་བསྟན་འཕྲིན་ལས་མཁྱེན་རབ་ཡེ་ཤེ་རྒྱ་མཚོ་མཆོག་དགུང་གྲངས་བརྒྱད་ཅུར་བཞེས་པའི་སྐུའི་འཁྲུངས་སྐར་སྲུང་བརྩིའི་དུས་ཆེན་ཏེ་ཆོ་འཕྲུལ་ཟླ་བའི་ཚེས་བརྒྱད་དུས་ཆེན་ཀུན་འཛོམས་ཀྱི་ཉིན་མོར་དགའ་ཤར་སོག་པ་དགེ་བཤེས་ལྷ་རམ་པ་དཀོན་མཆོག་ཀུན་དགའ་འམ་གཙང་ཀུན་དགས་སྒོ་གསུམ་གུས་པ་ཆེན་པོས་ཕུལ།།

དཔྱད་མཆན་སྤེལ།