༄༅། །བཙས་པ་འཇིག་རྟེན་རྙིང་པའི་དུས། །ལག་རྗེས་བྲག་ལ་རྐོ་འདོད་པ། །ན་སོ་བརྒྱད་ཅུར་སོན་པ་ཅན། །ཨ་ཡིག་མཆོག་རྩེར་བཞད་པའི་གཏམ། །༡
མཆོག་གསུམ་གཙུག་ཏུ་འཛིན་པའི་སྒོ་གསུམ་ལས། །ཏྭཱ་རེ་མ་ལྟར་འབོད་པའི་གསོལ་འདེབས་ངང་། །ཚིག་ལ་མི་རྟོན་དོན་ལ་རྟོན་ནོ་ཞེས། །སྨྲ་བ་ཚད་མར་འཛིན་པའི་མཆོག་རྩེ་པས། །༢
ཆོས་ལྡན་རྒྱལ་པོས་མཛུབ་མོར་བརྩིས་པ་དང་། །ཡེ་ཤུའི་ཨ་མས་གློག་ཀླད་བརྩིས་པའི་འབྲས། །ཉིས་སྟོང་ཉེར་བཞིའི་ཤིང་ཕོ་འབྲུག་གི་ལོ། །དངོས་སུ་བྱོན་པར་བཀྲ་ཤིས་བདེ་ལེགས་ཞུ། །༣
གངས་རིའི་རྭ་བ་རྡོག་པས་བཅད་པའི་ཉིན། །སྒོ་གསུམ་དྲི་མ་བདུད་རྩི་གངྒཱས་བཀྲུས། །ཕྱི་ནང་མཁས་པར་ཕྲག་པ་ཡུན་རིང་བརྡར། །ཆོས་ཚན་རིག་པར་སྦྱངས་ནས་ཤིས་ཚིག་སྨྲས། །༤
འཇམ་དཔལ་དབྱངས་ཀྱི་ས་བོན་དྷཱིཿསྐད་དབྱངས། །རྒྱུན་མི་འཆད་པར་སྒྲོག་པའི་གདན་ས་གསུམ། །མཁས་མང་བྱེ་བ་རོལ་བའི་འཆད་རྩོད་ཀྱིས། །སྡེ་སྣོད་གསུམ་གྱི་འཆད་ཉན་འཕེལ་བར་ཤོག །༥
བཅད་བརྡར་བསྲེགས་པའི་ལུང་རྟོགས་བསྟན་པའི་གནད། །བསླབ་གསུམ་གཅེས་པར་འཛིན་པའི་གདན་གསུམ་གྱི། ། བཤད་དང་སྒྲུབ་པའི་རྒྱལ་མཚན་གོ་ལའི་རྩེར། །སྲིད་པ་མཐའ་ཅན་བར་དུ་བསྒྲེང་བར་ཤོག །༦
གློག་དང་འཕྲུལ་གྱི་མིག་རྣའང་མི་མཁོ་བར། །མངོན་མཐོ་ངེས་ལེགས་ལག་མཐིལ་སྦྱིན་པ་པོ། །ཕྲ་ཞིབ་དཀར་ནག་རྒྱུ་འབྲས་མི་བསླུ་བའི། །ཆོས་ཁྲིམས་དར་གྱི་མདུད་རྒྱ་བརྟན་པར་ཤོག །༧
འཕྱུག་མེད་བདེན་པ་བཞི་ཡི་གྲུབ་དོན་ཏེ། །བསླུ་མེད་དཀོན་མཆོག་གསུམ་གྱི་བྱིན་མཐུ་རུ། །ཉིས་སྟོང་ཉེར་བཞིའི་ཤིང་ཕོ་འབྲུག་གི་ལོར། །ཀུན་ལ་བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །༨
འདས་པའི་བྱུང་བ་ལོ་རྒྱུས་ཡིག་ཆར་བྲིས། །མ་འོངས་སྔོན་འཆར་བགྲང་ལས་འདས་པ་བཀོལ། །ཉམས་མྱོང་བསགས་པའི་བསླབ་བྱ་ཟབ་དང་ལྷན། །ལྷག་བསམ་དག་པས་སྨོན་ལམ་འགྲུབ་པར་ཤོག །༩
དབུ་སྐྲ་དཀར་པོའི་མཚོན་བྱ་རྒན་རབས་དང་། །ལང་ཚོས་སྒེག་པའི་ན་གཞོན་ཕོ་མོ་རྣམས། །གང་ལ་མཁས་པའི་ཁྱད་ཆོས་ངོམས་པས་མཐུས། །ཕུན་ཚོགས་བདེ་སྐྱིད་དཔལ་ལ་རོལ་བར་ཤོག །༡༠
ཤར་ནུབ་རྒྱ་མཚོའི་ཕ་རོལ་ཚུ་རོལ་ཏུ། །སྔར་མཽད་ལག་རྩལ་སྤྱད་པའི་ཐོན་རྫས་རྣམས། །ཐོགས་པ་མེད་པར་ཀུན་ལ་ཁྱབ་པ་ཡིས། །འདོད་རྒུའི་ལོངས་སྤྱོད་ནམ་མཁའ་མཉམ་པར་ཤོག །༡༡
ཅེས་ས་སྒང་རིལ་མོའི་སྟེང་རྒྱལ་མོ་ཚ་བ་རོང་མཆོག་རྩེའི་ཨ་ཡིག་རང་བྱོན་གྱི་མདུན་ཐང་ཁྲོ་སྐྱབས་ལྷ་ཞེས་པར་༡༩༤༤ལོར་མི་ལུས་བླངས་པའི་ལུང་དང་རིགས་པ་སྨྲ་བའི་དགེ་བཤེས་ལྷ་རམས་པ་བློ་བཟང་ཐུབ་བསྟན་འཕྲིན་ལས་མཁྱེན་རབ་ཡེ་ཤེས་རྒྱ་མཚོར་འབོད་པས། ཁ་བ་རི་པའི་ཤིང་ཕོ་འབྲུག་གི་ལོའི་ལོ་གསར་བཞད་པའི་ཉིན་མོར་བཀྲ་ཤིས་པའི་ཚིགས་སུ་བཅད་པ་ཤིས་ཚིག་འོད་ཀྱི་དཀྱིལ་འཁོར་ཞེས་བྱ་བ་རབ་བྱུང་ཆད་པའི་ཉིན་མོར་བཀྲ་ཤིས་པའི་ཚིག་སུ་བཅད་པ་ཤིས་ཚིག་བོད་ཀྱི་དཀྱིལ་གཁོར་ཞེས་བྱ་བ་རབ་བྱུང་བཅུ་བདུན་པའི་ཆུ་ཡོས་བོད་རྒྱལ་ལོ་༢༡༥༠ ཟླ་༡༢ཚེས་ ༡༢།