བོད་ཀྱི་དཔེ་མཛོད་ཁང་གི་ཚན་རིག་དུས་དེབ་དང་པོ་ལས་བསྡུས།
༄༅། །དེང་སྐབས་འཛམ་གླིང་རིལ་བོའི་ཁྱོན་འདིར་རང་བཙན་གཙང་མའི་རྒྱལ་ཁབ་གྲངས་༢༠༠ སྐོར་ཡོད་པ་དང་། ད་དུང་མི་རིགས་དང་སོ་སོའི་སྐད་ཡིག་རིག་གཞུང་བཅས་འཚོ་གནས་ཆེད་རང་དབང་དང་ཐོབ་ཐང་བརྩོན་ལེན་བྱེད་བཞིན་པ་ཆེས་མང་པོ་ཡོད། དེ་དག་གི་ཁྲོད་ནས་ཆབ་སྲིད་དང་། དཔལ་འབྱོར། ཤེས་ཡོན། འཕྲོད་སྟེན། རྩ་ཁྲིམས། རྒྱལ་སྲུང་དམག་དང་གོ་ལག་བཅས་ཚན་རིག་དང་དེའི་ལག་རྩལ་ལ་ཇི་ཙམ་གོམས་འདྲིས་ཐུབ་པ་དང་། ཇི་ཙམ་ལག་བསྟར་ཐུབ་པའི་རྒྱལ་ཁབ་དང་སྤྱི་ཚོགས་རྣམས་ནི་དེ་ཙམ་གྱིས་ཞི་དྲག་གཉིས་ཀའི་ཆ་ནས་ཚགས་ཚུད་པ་ཡོད་པ་དང་། དེ་ལ་བརྟེན་ནས་སྟོབས་འབྱོར་མངའ་ཐང་ཆེ་བ། མི་མང་གིས་སྲིད་ཀྱི་ཁེ་དབང་ལོངས་སྤྱོད་ཤེས་པ། འཚོ་བའི་མཐུན་རྐྱེན་བཟང་བ་ཡོང་གི་ཡོད་པས་མི་ཚད། ད་དུང་མ་འོངས་པར་སྤྱི་ཚོགས་ཡར་རྒྱས་མུ་མཐུད་འགྲོ་ཐབས་སུ། ཚན་རིག་གི་ཆུ་ཚད་གོང་མཐོར་རྒྱུན་མི་ཆད་དུ་གཏོང་དགོས་པར་མཐོང་། དེའི་ཆེད་འགྲོ་སོང་ཡང་ཕངས་མེད་གཏོང་བཞིན་པ་མཐོང་ཆོས་ཡིན།མི་ལོ་ ༢༠༠༠ གི་སྔ་རོལ་དུ་སྒི་རིག་སི་ཞེས་པའི་ནང་ཚན་རིག་དར་ཁྱབ་བྱང་བ་དང་། དེ་ནི་མིའི་ལོ་རྒྱུས་ནང་ཚན་རིག་དར་བའི་ལོ་རྒྱུས་སྔ་མོའི་གྲལ་ཡིན། དེ་ནས་བཟུང་རིམ་པས་ཚན་རིག་དར་རྒྱས་བྱང་བ་དང་། ལྷག་པར་བརྒྱ་ཕྲག་འདིའི་སྟོད་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པའི་སྔ་རྗེས་སུ་ཡར་རྒྱས་ཤུགས་ཆེན་པོ་བྱུང་འདུག དམག་ཆེན་དང་གཉིས་གཉིས་ཀྱི་རྗེས་ཆབ་སྲིད་ལམ་ལུགས་དང་། དམག་དོན་གོ་མཚོན། དཔལ་འབྱོར་ལམ་ལུགས། འཕྲོད་བསྟེན་སྨན་དང་ཡོ་བྱད། ཐ་ན་སྐྱེལ་འདྲེན་ཡིག་འབྲེལ་དང་ཁ་པར་གཏོང་ལེན་ཚུན་ཆད་ལོ་རེ་བཞིན་ཚན་རིག་དང་འབྲེལ་བ་ཇེ་ཆེ་དང་ཇེ་ཟབ་ཏུ་འགྱུར་བཞིན་པ་རེད། ད་ཆ་ཚན་རིག་ཟེར་དུས་མིའི་སྤྱི་ཚོགས་ལ་ཁེ་ཕན་སྒྲུབ་མཁན་གཙོ་བོར་ངོས་འཛིན་བྱེད་པ་དང༌། སྤྱི་ཚོགས་དང་ཁ་བྲལ་ཐབས་མེད་པའི་རིག་གཞུང་གལ་པོ་ཆེ་ཞིག་ཏུ་གྱུར་ཟིན་པ་རེད། ཚན་རིག་གི་རིག་པའི་གཞུང་ལུགས་སྔོན་ཆད་དར་སྲོལ་ཆེན་པོ་མ་བྱང་བའི་རྒྱལ་ཁབ་བོད་དང་བོད་ཆེན་པོའི་ཡུལ་ཁམས་སུའང་།
དེང་སྐབས་ཚན་རིག་གི་ལམ་སྲོལ་རྒྱ་ཆེར་དར་འགོ་ཚུགས་ཟིན་པ་རང་ཅག་གིས་ངོས་འཛིན་ཐུབ་པ་གནང་དགོས། སྔོན་ཆད་བོད་དུ་ཚན་རིག་གི་ལྟ་སྤྱོད་དང་རྒྱང་ཐག་རིང་དྲགས་པས་ཆབ་སྲིད་དཔལ་འབྱོར་ཤེས་ཡོན་སོགས་ཚགས་མ་ཚུད་པ་དང་འཐུས་ཤོར་སོང་། དེ་ལ་བརྟེན་ནས་རང་ཡུལ་མི་ལ་ཤོར་བ་གསལ་པོར་མཐོང་ཐུབ། སྒྲིག་འཛུག་གང་ཡིན་ཀྱང་། ལམ་ལུགས་སྲོལ་བཅའ་ཁྲིམས་ཤིག་རྩ་བ་པར་འཛིན་དགོས། ལམ་ལུགས་སྲོལ་དེ་ཚན་རིག་དང་མཐུན་པ་དང་། ལག་བསྟར་བྱ་མཁན་གྱིས་ཀྱང་ཚན་རིག་དང་མི་འགལ་བའི་ཐོག་འཛིན་སྐྱོང་བྱས་ན། སྒྲིག་འཛུག་དེ་སྲ་བརྟན་དུ་གནས་ཐུབ་པ་རེད་མ་གཏོགས་ཆོས་ལུགས་དང་། གནའ་དེང་གི་ཁྱད་པར་གྱིས་མིན་པ་གསལ་པོ་རེད། འདི་ནི་འདས་པའི་ལོ་རྒྱུས་ད་ལྟ་དྲན་ལམ་དུ་གསལ་བཞིན་པའི་གནས་ཚུལ་ཡིན། ད་ཆ་གཞིས་བྱེས་གཉིས་ཀར་སྤྱི་ཚོགས་ཀྱི་ལམ་ལུགས་དང་། དཔལ་འབྱོར་ཤེས་ཡོན། ཐ་ན་སྒྲིག་འཛུགས་ཁག་གི་འཛིན་སྐྱོང་དང་བཅས་པ་ཚན་རིག་གི་ལམ་སྲོལ་དང་ལོ་རེ་བཞིན་འབྲེལ་བ་ཇེ་ཆེར་གྱུར་དང་འགྱུར་བཞིན་པ་ཡིན། མི་རབས་གསར་པའི་ཁྲོད་དུ་ཤེས་ཡོན་ཅན་གྱི་མི་སྣ་ཇི་ཙམ་མང་དུ་སོང་བ་དེ་ཙམ་གྱིས་ཚན་རིག་གི་རིགས་ལམ་ལ་བརྩི་བཀུར་ཆེ་རུ་འགྲོ་རྒྱུ་དང་། འདིས་མཚོན་ཚན་རིག་གི་རིགས་ལམ་འདི་ཉིད་རིམ་གྱིས་བོད་མི་རིགས་ཀྱི་སྤྱི་ཚོགས་ནང་གདེང་འཇོག་བྱ་ཡུལ་ཆེ་ཤོས་སུ་འགྱུར་རྒྱུ་རེད། །
རིགས་ལམ་འདི་ཉིད་གསལ་པོར་སྨྲ་བརྗོད་ཀྱི་ལམ་ནས་སྟོན་ཐུབ་པའི་སྐད་ཡིག་དེ་ཉིད་ཀྱང་སྐད་ཡིག་ཐམས་ཅད་ཀྱི་ནང་ནས་གལ་ཆེ་ཤོས་སུ་འགྱུར་རྒྱའི་ཁ་ཕྱོགས་གསལ་པོར་མཐོང་ཐུབ།དེ་ལྟར་མི་ཐུབ་པའི་སྐད་ཡིག་རྣམས་རྗེས་ལུས་ཅན་དང༌། དེང་རབས་ཀྱི་སྤྱི་ཚོགས་ཀྱི་ཁེ་ཕན་སྒྲུབ་མི་ཐུབ་པར་ངོས་འཛིན་བྱེད་འོངས་པས་བོད་ཀྱི་སྐད་ཡིག་འདི་ཉིད་ཉམས་ཆགས་སུ་འགྲོ་བའི་ཉེན་ཁར་ཚུད་ཟིན། ད་ལྟའི་ཆར་མི་རབས་རྒན་པ་ཚོར་གོམས་མྱོང་མེད་པ་དང་། ལྷག་པར་ཆོས་ཀྱི་སློབ་གཉེར་ཚད་མཐོ་ཡོད་པའི་གདན་ས་ཆེན་པོ་ཁག་གི་ནང་ཚན་རིག་གི་ལྟ་བ་འཆད་སྤེལ་ཚུགས་མེད་པའི་ཁར། ད་དུང་རྒྱུན་གྱི་གོམས་གཤིས་ནང་ཆོས་ཀྱི་ལྟ་བ་དང་ཚན་རིག་གི་རྣམ་གཞག་གཉིས་ཀྱི་དབར། གཅིག་གིས་ཅིག་ཤོས་ལ་གནོད་པའི་འགལ་འདུ་ཆེན་པོ་མེད་དམ་སྙམ་སྟེ་ཐུགས་དོགས་ཆེན་པོ་གནང་གི་ཡོད། དཔེར་ན། གནའ་བོའི་ལོ་རྒྱུས་ལྟར་ནུབ་ཕྱོགས་སུ་ཚན་རིག་དར་ཁྱབ་ཀྱི་བརྒྱུད་རིམ་ནང་ཚན་རིག་གི་ལྟ་བ་འཛམ་གླིང་རིལ་བོའི་ཆགས་ཚུལ་ལ། སྐབས་དེ་དུས་ཀྱི་ཆོས་ལུགས་དབང་འཛིན་པས་དགག་པ་བྱས་པས་མི་ཚད། ཡུལ་དེའི་ཆོས་ལུགས་དང་། ཡོངས་སུ་མི་མཐུན་པའི་ཚན་རིག་གི་འདོད་ཚུལ་བརྗོད་མཁན་མི་ཉུང་བར།ཤས་མི་བཟོད་པའི་བརྡུང་འཚོགས་ཚོད་མེད་ཕོག་པ་དང་། སྲོག་གི་ཉེས་ཆད་ཀྱང་ཕོག་ཡོད་པ་རེད། དེ་དང་ཕྱོགས་མཐུན་པའི་གནས་ཚུལ། ཨ་རབ་ཀྱི་ཡུལ་ཁག རྒྱ་གར། ལྷོ་ཤར་ཨེ་ཤི་ཡའི་ནང་ཚན་རིག་གི་རྣམ་གཞག་འཆད་པ་དེས་ཆོས་ཀྱི་ལྟ་བ་འཆད་སྤེལ་བྱ་རྒྱའི་གྲོགས་སུ་ཡིད་ཆེས་བྱ་ཐུབ་རྒྱུ་ཕར་ཞོག་ཚན་རིག་པ་ཡིན་ཕྱིན་ཆོས་ལུགས་པ་ཞིག་ཡིན་མི་སྲིད་པ་དང་། ཆོས་ལུགས་པ་ཞིག་ཡིན་ཚེ་ཚན་རིག་གི་ལྟ་བར་དགག་པ་རྒྱག་དགོས་པའི་མཐོང་ཚུལ་དང་བག་ཆགས་འཐུག་པོ་ཞིག་ཡོད། མཐོང་ཚུལ་འདི་ནི་སྤྱིར་གྱི་གནའ་བའི་རིག་གཞུང་དང་། ཡང་སྒོས་ཆོས་ལུགས་ཉམས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཆགས་རྒྱུ་ཡིན། སྤྱིར་ནང་པ་སངས་རྒྱས་པ་དང་ལྷག་པར་ཐེག་པ་ཆེན་པོ་བོད་དུ་དར་བ་ལ་མཚོན་ན། ནང་པ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་བཞིའི་བཞེད་པ་རྣམས་ལ་ཕྱོགས་རིས་མེད་པར་གསན་བཞེས་གནང་བ་དང་། གཏན་ལ་ཕབ་ཡོད་པས་དང་ཐོག་ནས་གུ་ཡངས་ཅན་གྱི་རྨང་གཞི་རྒྱ་ཆེན་པོ་ཞིག་བཏིང་། རྒྱ་གར་ཤར་ནུབ་དང་ལྷོ་བྱང་ཐམས་ཅད་དུ་རྒྱུ་བའི་ཕྱི་ནང་གི་མཁས་པ་ཀུན་ལ་མཚན་སྙན་གྱིས་ཁྱབ་པའི་རྣམ་དཔྱོད་ཅན། ཀླད་པ་ནམ་མཁའ་ལྟར་ཡངས་པའི་པནྟི་ཏ་ཆེན་པོ་རྣམས་ཀྱི་བཞེད་སྲོལ་དང་མིག་ལྟོས་བཟང་པོ་རྡོ་ལག་རྒྱུད་ཀྱི་ཚུལ་དུ་བྱུང་བ་ཞིག་ཡིན། སྐབས་དེ་དུས་སུ་ནང་པའི་པཎྜི་ཏ་རྣམས་ཀྱིས་རྒྱ་གར་ནང་གི་ཕྱི་རོལ་མུ་སྟེགས་པའི་གྲུབ་མཐའི་གནད་མཐའ་དག་ལའང་སློབ་སྦྱོང་གནང་ཞིང༌། གྲུབ་མཐའ་དེ་དག་གི་ལེགས་ཆ་ཐམས་ཅད་བླངས། མི་ལེགས་པའི་ཆ་ལམ་གྱིས་གོལ་ས་རྣམས་ལ་དགག་པ་མཐར་ཕྱིན་པ་གནང་བས།ཐེག་པ་ཆེན་པོའི་ལྟ་སྤྱོད་ཅེས་ཆེས་ཕྱུག་པོ་སྤུས་དག་ཞིག་ཏུ་གྱུར་པ་དང་། ཆབས་ཅིག་དབང་པོ་རྣོན་པོ་དག་ལ་ཡིད་ཆེས་བརྟན་པར་བྱེད་པའི་གེགས་སེལ་འབོགས་འདོན་རླབས་ཆེན་པོ་ཞིག་ཏུ་གྱུར།
ནང་པའི་གཙུག་ལག་ཁང་དང་ཆོས་རྭའི་ནང་དུའང་ཕྱི་ནང་གི་ལྟ་བ་མི་འདྲ་བ་དུ་མའི་རྣམ་གཞག་ལ། བགྲོ་གླེང་བརྒལ་བརྟག་གནང་ཆོག་པའི་ཆེས་གུ་ཡངས་ཅན་འདི་བྱུང་བས་ད་བར་ཐེག་པ་ཆེན་པོའི་གྲུབ་མཐའི་ཁོར་ཡུག་ནང་རྣམ་དཔྱོད་ཅན་མང་པོ་སྐྱེད་སྲིང་བྱ་ཐུབ་པ་བྱུང་། དེ་ལྟར་རང་ལ་རྣམ་དཔྱོད་ཀྱི་རྩལ་ཡོད་ན་ངོམས་ཆོག་པའི་ཁོག་ཡངས་ཤིང་། རིགས་པའི་གནད་རྒྱ་ཆེ་མུ་མཐའ་མེད་པས་ཕྱུར་བུར་བཀང་བས་ཐེག་པ་ཆེན་པོའི་ལྟ་སྤྱོད་འདིས། ཡུལ་ལ་ངེས་པ་མེད་པ་ཕྱོགས་བཞི་མཚམས་བརྒྱད་ཀྱི་རྒྱལ་ཁབ་དང་རིགས་རུས་མ་ངེས་པ་ཤ་མདོག་དཀར་ནག་དང༌།སྐྲ་ལོ་སེར་ནག་གི་དབྱེ་བ་མེད་པར་རྣམ་དཔྱོད་ལྡན་པ་རྣམས་ཀྱི་ཡིད་དབང་རབ་ཏུ་འཕྲོག་ཅིང་།སེམས་ལ་རྨད་དུ་བྱུང་བའི་ཚིམས་པ་བྱིན་པས་དུས་ད་ལྟའི་བར་དུ་ལྟ་གྲུབ་འདི་འཚོ་གནས་ཐུབ་པ་ཡིན་གྱི། དྲག་ཤུགས་ཀྱིས་བསྡིགས་པའམ། དཔལ་འབྱོར་གྱིས་བརྔན་པ་སོགས་སྟོབས་དང་འབྱོར་བའི་སྲུང་སྐྱོབ་འོག་འཚོ་གནས་བྱས་པ་ཞིག་མིན་པ་གཟུ་བོར་གནས་པའི་ཚན་རིག་པས་ཁས་ལེན་བྱེད།ད་ཆ་དུས་ལས་ཡོལ་ཟིན་པའི་གནའ་བོའི་མུ་སྟེགས་པ་དག་གི་ལྟ་བར་ཐོས་བསམ་བརྒལ་བརྟག་བྱས་ནའང་། དུས་སྐབས་ལ་མཁོ་བའི་ངེས་ཤེས་ལྷག་པོ་དང་རྣམ་དཔྱོད་གསར་པ་དེ་ཙམ་འབྱིན་རྒྱུ་མེད། ད་འོ་ན་ཅི་ཞིག་བྱ་ཞེ་ན། མིག་དཔེར་འོས་པའི་གནའ་བོའི་རྒྱ་གར་གྱི་པཎྜི་ཏ་དང་བོད་ཀྱི་ལོ་ཙཱ་བ་དག་གི་རྣམ་ཐར་ལ་ཁ་མིག་ཡར་བལྟ་བྱས། དུས་སྐབས་སོ་སོར་དར་ཁྱབ་ཆེ་བའི་རིག་པའི་གཞུང་ལུགས་གཙོ་བོ་རྣམས་ལ་སློབ་སྦྱོང་གིས་ཉམས་འོག་ཏུ་ཆུད་པ་དང་། དེ་དག་ཤེས་པའི་རྣམ་དཔྱོད་བེད་སྤྱད་ནས་རྣོན་པོའི་མཚོན་ལ་སོ་འདོན་པའི་དཔེ་ལྟར། ཐེག་པ་ཆེན་པོའི་ལྟ་གྲུབ་ཀྱི་གནད་རྣམས་ཚན་རིག་གིས་ཟུར་རྒྱན་བྱས་ཏེ། རྒྱ་ཆེ་བའི་འཛམ་གླིང་གི་རྣམ་དཔྱོད་ལྡན་པ་རྣམས་ལ་ཐེག་པ་ཆེན་པོའི་ལྟ་སྤྱོད་ཀྱིས་ཚིམས་པ་ལྷག་པོར་སྟེར་ཐུབ་ན་ང་ཚོའི་མི་རབས་འདིས་སྤྱི་ཚོགས་ལ་ལེགས་སྐྱེས་ཆེན་པོོ་ཕུལ་བ་ཡིན། འདི་ནི་གདན་ས་ཆེན་པོའི་མཁས་དབང་རྣམས་
ཀྱི་ཕྲག་པར་བབས་པའི་ལས་འགན། སྒྱུར་ཐབས་མེད་ལ་ཡུས་ཤོད་ས་དེ་བས་ཀྱང་མེད་པའི་ཁུར་ལྕི་མོ། མ་ཐེག་ན་མི་རབས་ཕྱི་མའི་རྣམ་དཔྱོད་ཅན་རྣམས་ཀྱི་མདུན་སར་ངོ་ཡང་གནོང་དགོས་པ་ཆགས་རྒྱ་ཐེ་ཚོམ་མི་དགོས་པ་རེད། དེ་ལྟར་གཡོལ་ཐབས་མེད་ལ་གོམ་གང་ཕྱི་བཤོལ་ཀྱང་གནང་མི་ཤེས་པའི་རྒྱུ་མཚན་འདི་དག་ལ་གཟིགས་དང་། འཛམ་གླིང་སྤྱིའི་ཤེས་བྱར་གྱུར་པའི་ཚན་རིག་འདི་ལ་སེར་སྐྱ་མི་མང་དང་ལྷག་པར་མཁས་དབང་རྣམས་ཀྱིས་ཐུགས་སྣང་གནང་དགོས་པ་གསལ་པོ་མ་རེད་དམ། རང་ལག་ན་ཡོད་པའི་ཐེག་པ་ཆེན་པོའི་ལྟ་སྤྱོད་ལ་མཚོན་ན་ཚན་རིག་གི་ལྟ་བ་དང་གཤིབ་བསྡུར་བྱེད་རིན་ཡོད་པའི་མི་ཚད་ཟབ་ཅིང་རྒྱ་ཆེ་བའི་གནད་ཚང་ལ། གཞན་དང་འདྲིས་གཤིབ་ཐུབ་པའི་གུ་ཡངས་ཀྱི་གཤིས་ཀ་ཡང་ཡོད་པ་ནི་བོད་པ་ཙམ་མ་ཡིན་པར་ཕྱི་རྒྱལ་ཚན་རིག་པས་ཚུར་ངོས་འཛིན་གནང་གི་ཡོད།
དེར་བརྟེན་དུས་རབས་ཉི་ཤུ་པའི་ཚན་རིག་གི་མེས་པོ་(ཨེལ་སྦརཊ་ ཨ་ཡིན་ས་ཊིན་) ཞེས་པས་ཕྲ་རྡུལ་རིག་པའི་ལྟ་བའི་མཐར་ཐུག་དབུ་མའི་ལྟ་བའི་ཕྱོགས་སུ་ཁ་དཀྱས་པས། ཆོས་ཁས་མི་ལེན་པའི་དམར་པོའི་ལུགས་འཛིན་པས་ཡིད་ཆེས་མ་ཐུབ་པར་ཚན་རིག་པའི་མེས་པོ་( ཨ་ཡིན་ས་ཊིན་) ཚེ་མཇུག་སྨྱོན་པར་གྱུར་པ་རེད་ཅེས་མཇུག་སྡོམ་བྱས་ཡོད། གཏིང་ཟབ་ཅན་གྱི་ནང་པའི་ལྟ་གྲུབ་འཛིན་པའི་མི་སྣས་རང་གི་ལྟ་སྤྱོད་རྩ་བར་བཟུང་། དེའི་ཐོག་ལ་དེང་རབས་རིག་གི་ལྟ་བའི་ཁེ་ཕན་རྣམས་ཚུར་ལེན་ཤེས་པའི་རྒྱ་ཆེ་གུ་ཡངས་ཀྱི་བསམ་བློ་དང་། རྣམ་དཔྱོད་དང་ལྡན་པར་བྱ་རྒྱུ། དུས་སྐབས་འདི་ལ་ཧ་ཅང་གི་གནད་ཆེན་པོ་ཆགས་ཡོད། ད་ལྟའི་ཆར་ནུབ་ཕྱོགས་ཚན་རིག་པས་ཚུར་སློབ་སྦྱོང་གནང་ནས་ནང་པའི་ལྟ་གྲུབ་ཀྱི་ལེགས་ཆ་རྣམས་ཕར་ལེན་འགྲོ་བ་མ་གཏོགས་ང་ཚོའི་རིག་གཞུང་གོང་ན་མེད་པ་ཡིན། བླ་ན་མེད་པ་ཡིན་གསུང་མཁན་གྱི་ནང་པའི་མཁས་དབང་རྣམ་ཀྱིས་ཚན་རིག་གི་ལེགས་ཆ་ཚུར་བླངས་པ་ཧ་ཅང་ཉུང་།དེ་མ་ཐུབ་ན་རྗེས་ལུས་ཐེབས་པའི་མི་རབས་ཞེས་མི་རབས་ཕྱི་མ་རྣམས་ཀྱིས་ང་ཚོར་མིང་འདོགས་ཤིག་དྲན་རྟེན་དུ་འབུལ་སྲིད། དེས་ན་རང་ཅག་གིས་མི་ལུས་འདི་གོ་ཆོད་པོ་ཞིག་གནང་བཞེད་ཚེ་ཚན་རིག་གི་ལྟ་གྲུབ་ལ་ཐུགས་སྣང་སྔར་ལས་ཆེ་བ་གནང་དགོས། འོན་ཀྱང་ཚན་རིག་ཅེས་པ་རྣམ་གྲངས་མང་ལ་རྒྱ་ཆེ་གཏིང་ཟབ་ཅིག་ཡིན་པས་སྔོན་ལ་རྣམ་དབྱེ་གཅིག་ཙམ་བདམ་ནས་དེའི་སྟེང་ནས་འགོ་འཛུགས་གནང་རྒྱུ་ལག་ལེན་གྱི་ཆ་ནས་མཁས་པའིལུགས་ཡིན། དེ་འདྲར་སོང་། ནང་པ་སངས་རྒྱས་པའི་རྟེན་འབྱུང་ལྟ་བ་དང་འབྲེལ་ཆེ་ལ། ཚན་རིག་གི་རྣམ་དབྱེ་གཞན་པ་རྣམས་དང་འབྲེལ་ཆེ་བའི་ཆ་ནས་ཕྲ་རྡུལ་རིག་པ་དང་། སེམས་དོན་རིག་པ་གཉིས་ཐོག་མར་དམིགས་པའི་གཏད་སོར་བདམས་ནས་སློབ་པར་རིགས་པ་ཡིན། དེའི་ཆེད་དུ་ཐོག་མར་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་སྐུ་འཕྲེང་བཅུ་བཞི་པ་ཆེན་པོའི་བཀའི་ཅོད་པན་བོད་གཞུང་དཔེ་མཛོད་ཁང་གི་སྤྱི་བོར་སྩལ་བ་བཞིན་འདི་ག་བོད་གཞུང་དཔེ་མཛོད་ཁང་ནས་བཀོད་སྒྲིག་ཞུས་ཏེ། ཤེས་པར་བྱ་བའི་ཡུལ་འདི་གཉིས་གང་རུང་ཐོག་ལ་ལེགས་བྱང་ཆུབ་པའི་ཕྱི་རྒྱལ་དང་རྒྱ་གར་གྱི་མཁས་དབང་གདན་དྲངས།གདན་སའི་མཁས་པ་དང་བློ་ཁ་མཐོ་བའི་སློབ་གཉེར་བ་གྲངས་བཅད་ལ་ངོ་སྤྲོད་དང་སློབ་འཁྲིད།རིམ་པས་ཚན་རིག་གི་མིང་ཚིག་བོད་སྐད་དུ་ཕབ་བསྒྱུར་གྱིས་བོད་ཀྱི་སྐད་ཡིག་ཕྱུག་ཏུ་གཏོང་རྒྱུ་སོགས་ཆེད་དུ་བྱ་བར་བཟུང་། གཞི་རྒྱ་ཆེ་ལ་འཛད་མཐའ་མེད་པའི་ལས་དོན་གལ་བོ་ཆེ་འདི་དབུ་འཛུགས་ཞུ་རྩིས་ཡིན། དེའི་གཞོགས་འདེགས་སུ་འདི་ག་བོད་ཀྱི་དཔེ་མཛོད་ཁང་ནས་བོད་ཀྱི་ཚན་རིག་དུས་དེབ་ཅེས་པ་ལོ་རེར་འདོན་ཐེངས་གཉིས་རེ་ཞུ་རྒྱུའི་འབད་རྩོལ་འགོ་འཛུགས་ཞུས་པ་ཡིན།།