སྣང་ཞིག་དགོན།

༄། །རྔ་ཡུལ་སྣང་ཞིག་དགོན་རྒྱལ་བསྟན་ཕུན་ཚོགས་གླིང་ཞེས་པའི་བོན་གྱི་འདུས་སྡེ་ཆེན་པོ་འདི་ནི། མདོ་སྨད་རྔ་ཡུལ་ལ་སྟོད་སྨད་བར་གསུམ་བྱས་ཚེ། རྔ་བ་བར་མར་གཏོགས་པའི་རྒྱབ་མདུན་གཡས་གཡོན་རྣམས་ཀྱི་ས་བཀྲ་ཤིན་ཏུ་ལེགས་པའི་གནས་སུ། སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་ངམ་ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་གཡུང་དྲུང་གླིང་ཞེས་སྙན་པའི་བ་དན་སྲིད་ན་གཡོ་བ་དེ་ཉིད་ཆགས་ཡོད།

དེའི་བྱུང་རིམ་མདོར་བསྡུས་ཤེལ་དཀར་ཕྲེང་བ་ཞེས་བྱ་བ་ལས་བཏུས་ཏེ་བརྗོད་པ་ནི། དགོན་འདི་ཕྱག་འདེབས་མཛད་པ་པོ་ནི། ཡོངས་སུ་གྲགས་པའི་སྣང་ཞིག་དོ་འཕགས་ཆེན་པོའམ་ཡོན་ཏན་རྒྱལ་མཚན་ཡིན། དེ་བརྒྱུད་པའི་ཁུངས་ནི། སྟག་གཟིག་རྒྱལ་པོ་སྡེ་དྲུག་གི་ནང་ཚན་མཁའ་འགྱིང་གཉན་གྱི་གདུང་རྒྱུད་གྲུབ་ཐོབ་ཆེན་པོ་སད་ནེ་གའུ་ལ་ཐུག །དེ་ཉིད་ཀྱི་སློབ་དཔོན་ཨ་ནུ་ཕྲག་ཐག་ཅེས་པའི་ཞལ་སྔ་ལས། གསང་བ་སྔགས་ཀྱི་བོན་སྒོ་མཐའ་ཡས་པ་མནོས་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་བརྙེས། བོད་མདོ་ཁམས་རོང་བཞིར་འགྲོ་དོན་མཛད་ཕྱིར་ཕེབས་ཏེ་གྲུབ་ཐོབ་ཐ་མི་ཐད་ཀེ་ལ་གདམས། ར་སང་བསམ་འགྲུབ་ཀྱི་མདུན་ནས་རྫོགས་པ་ཆེན་པོ་ཞང་ཞུང་སྙན་བརྒྱུད་ཀྱི་སྐོར་ཞུས་པ་ཉམས་སུ་བླངས་པས་འོད་གསལ་སྣང་བཞིའི་ཟད་ས་མཐར་བསྐྱལ་ཏེ་དགུང་ལོ་སུམ་བརྒྱ་དང་དྲུག་ཅུར་བཞུགས། ཀུ་རུབ་ལྷས་སྦྱིན་ལ་རྫོགས་ཆེན་གདམས་པ་མཐའ་དག་སྩལ་ནས། འོད་གསལ་འཇའ་ལུས་ཀྱི་སྐུ་རུ་གཤེགས།

དེ་ནས་མདོ་སྨད་དུ་དེའི་རྒྱུད་རིམ་པར་བྱོན་ནས། གཉན་ཀླུ་རྒྱལ་སྐྱབས་ཞེས་བྱ་བར་སྐུ་སྟོད་དུ་རྒོད་ཀྱི་གཤོག་རིས་དང་། སྐེད་པར་འཕྲུལ་ཆེན་ཡི་གེ་བཞི་བཅུ་གསལ་བ་སོགས་ཕུན་སུམ་ཚོགས་པའི་ཡི་གེ་ཚང་བར་བཤད། དེས་སློབ་དཔོན་ལ་མཇལ་ཚུལ་ནི༑ བོན་གྱི་ནང་གསང་གསུམ་ནང་བྱན་ཚུད་པའི་དབང་ལྡན་ཞུ་གཡས་ལེགས་དང་། ཡུམ་ལྷ་སྐྱིད་གཉིས་ལ་བོད་ཡུལ་ཉང་སྟོད་སྐྱིད་མཁར་དུ་སྲས་གཉིས་བྱུང་། ཆེ་བ་ལ་ཞུ་གཡས་སྐྱིད་པོ་དང་། ཆུང་བ་ལ་ངོ་ཐོག་གམ་སྐྱེ་སེ་ཆེན་པོ་བཏགས། དེ་དགུང་ལོ་གྱ་ལྔའི་ཐོག་ཇོ་མོ་རྒྱན་ཆུང་དང་འཕྲད་པས། སྲས་འབུམ་མེ་འཁྲུངས།

དེ་ལོ་ལྔ་ལོན་པའི་ཚེ་མ་ལ་ངའི་ཕ་སུ་ཡིན་དྲིས་པར། མས་གསང་ནས་མ་བཤད་པ་ན། བུས་གླུ་སྙན་མོ་མང་དུ་བླངས་ནས་ཕ་འཚོལ་དུ་ཁ་ནུབ་ཏུ་བལྟས་ཏེ་སོང་བས། ཁུ་བོ་ཞུ་གཡས་སྐྱིད་ཀྱི་སྒོ་རྩར་ཐོན་པས་གླུ་མང་དུ་བླངས་པའི་བརྡ་དོན་གོ་ནས་ནང་དུ་བོས། དེར་ལྟོ་ཟས་དང་། ཨ་དཀར་གཅིག་སྒྲུབ་ཀྱི་གདམས་པ་སོགས་གནང་ནས། ལ་སྟོད་རྩིབ་རི་རྩེ་བྲག་གི་ཕུག་ཏུ་ལོ་དགུར་ངག་མི་སྨྲ་ཞིང་མི་ཟས་མི་ཟ་བར་ས་ལེ་འོད་སྒྲོགས་ཤིག་ཅེས་གསུངས་པ་ལྟར་བྱས་པས། ཉམས་རྟོགས་ཁྱད་པར་ཅན་སྐྱེས་ནས་རྟོགས་ལྡན་འཁྲུལ་ཞིག་ཆེན་པོར་གྱུར་ནས་བོན་འཁོར་རྒྱ་ཆེར་བསྐོར་ནས་མར་ལ་སྟོད་དུ་ཕེབས། དེའི་ཚེ་གཉན་ཀླུ་རྒྱལ་སྐྱབས་དང་ཉི་མ་དབང་ལྡན་གཉིས་མཇལ་དུ་འོངས་པ་ལ་མཐར་གདམས་པ་གནང་བ་ཉམས་སུ་བླངས་པས་འཁྲུལ་བའི་སྣང་བ་དབྱིངས་སུ་ཞིག་པས། གཉན་ཀླུ་སྐྱབས་ཀྱི་མཚན་ལ་སྣང་ཞིག་དེ་ནས་ཐོགས།

བླ་མའི་བཀའ་བཞིན་རིན་ཆེན་སྣ་བདུན་ཁྱུང་གི་སྒྲུབ་པ་ལོ་དགུར་མཛད་པས་གྲུབ་པ་ཐོབ་སྟེ། རྨ་གཉན་ལྕགས་ཀ་ནས་ལ་སྟོད་རྩིབ་རི་རྩེ་བྲག་བར་བླ་མ་མཇལ་དུ་ཁྱུང་དང་བྱ་རྒོད་དུ་སྤྲུལ་ནས་འཕུར་བས་མཚན་ལ་སྣང་ཞིག་བྱ་འཕུར་བློ་གྲོས་རྒྱལ་མཚན་ཞེས་གསོལ། མཁའ་འགྲོའི་ལུང་བསྟན་ལྟར་ཞུ་སྒོམ་འཁྲུལ་ཞིག་ཆེན་པོ། རབ་བྱུང་གཉིས་པའི་མེ་ཡོས་ ༡༠༨༧ ལོར་མདོ་ཁམས་རྨ་ཡི་ཕྱོགས་སུ་བྱོན། སྣང་ཞིག་བྱ་འཕུར་གྱིས་རྨ་བོམ་རིའི་བཀྲ་ཤིས་ལྷ་སྒང་དུ་བསྙེན་བཀུར་ཞུས། རྨ་གཉན་བོམ་རའི་ཡས་མས་བོན་ཧ་ཅང་དར་རྒྱས་བྱུང་བའི་རྟགས་སུ་ ༡༩༩༧ ལོར་ཆ་ལོག་བྲག་ཕུག་སོགས་ནས་བོན་གྱི་དཔེ་ཆ་གསེར་དངུལ་དུང་གཡུ་སོགས་ཀྱིས་བྲིས་པ་མང་པོ་ཐོན་པར་གྲགས། སྣང་ཞིག་བྱ་འཕུར་བློ་གྲོས་རྒྱལ་མཚན་དང་། ཡུམ་ཉི་མ་སྒྲོན་གཉིས་ལ་སྣང་ཞིག་དོ་འཕགས་རབ་བྱུང་གཉིས་པ་ ༡༠༨༨ ལོར་འཁྲུངས། བླ་མ་ཞུ་སྒོམ་འཁྲུལ་ཞིག་པས་ཁྱོད་སྣང་བ་སྙན་རྫོགས་ངེས་འབྱུང་གི་རྒྱལ་སྲིད་ཀློང་དུ་ཞིག་པས་སྣང་ཞིག་དང་། དྭངས་རིའི་དོ་གླིང་དུ་འཕགས་ལམ་ཐོབ་པས་དོ་འཕགས་ཏེ། སྣང་ཞིག་དོ་འཕགས་ཞེས་པའི་མཚན་བླ་དྭགས་ཆགས། དེ་ནས་རིམ་བཞིན་གཉན་པོ་གཡུ་རྩེ་དང་འཇུག་གི་ཕ་བོང་སོགས་སུ་ལོ་འགའ་བཞུགས་ནས་མཐར། རྔ་སྟོད་དུ་ཕེབས་ཏེ་གྲུབ་སྡེ་གཞི་བཙུགས་པའི་གནས་སུ་དེང་སང་ཨ་འདུས་ཡག་འགོ་དགོན་དུ་གྲགས། ཕྱིས་སུ་ཚ་ཁོ་ངག་དབང་གྲགས་པ་བྱོན་ནས་དགེ་ལུགས་པ་བཙུགས། བཀའ་བསྟན་གྱི་སྐོར་ཆུར་བཏབ་པར་བཤད། སྟོན་པ་གཤེན་རབ་ཀྱི་འཕེལ་གདུང་གྲུ་བཞི་རྒྱ་མདུད་འདྲ་བ་ཡོད་པའི་ས་ལ་རྒྱ་མདུད་མགོ་ཟེར། དེང་སང་བརྡ་འགྱུར་ནས་རྒྱ་ཏིས་མགོ་ཟེར། ས་ཆ་དེའི་ཤར་ཕྱོགས་སུ་དོ་ཁུར་ཞེས་དོ་འཕགས་ཆེན་པོོའི་བཞུགས་སྒར་དང་སྒྲུབ་ཕུག་སོགས་ཡོད། དེའི་དབང་གིས་ཕྱིས་སུ་ཡང་དོ་ཁུང་ཞེས་པའི་ས་མིང་ཆགས། འདི་དག་གི་སྐོར་ལ་ལོ་རྒྱུས་རྣམ་ཐར་མང་དུ་ཡོད་ནའང་ལོ་རྒྱུས་གཞན་དུ་བྲིས་ཟིན།

རིམ་གྱིས་རྔ་བ་བར་མར་བྱོན་ནས། ཁྲི་གདན་ནོར་བུའི་ཡང་རྩེར་བཞུགས་སྐབས། ཨ་མ་ཞིག་མོས་གསོལ་འདེབས་བསྟོད་ཚིག་ཕུལ། དེ་ནས་སྣང་ཞིག་དོ་འཕགས་ཆེན་པོས། ཡེ་གཤིན་སྒང་གི་མདུན་མཎྜལ་སྤུངས་འདྲའི་སར་ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་གཡུང་དྲུང་གླིང་གི་དགོན་སར་གཟིགས། དེ་འཕྲལ་ངོ་མཚར་བའི་དགེ་མཚན་དུ་མ་བྱུང་། སྐབས་དེར་རྔ་ཁོག་ཏུ་བོན་ལས་གཞན་པའི་གྲུབ་མཐའ་མེད་པར་བཤད། ཅེས་ཤེལ་དཀར་ཕྲེང་བར་བྱུང་མོད། རྗེ་ཚ་ཁོ་ངག་དབང་གྲགས་པས་དགེ་ལུགས་པ་བཙུགས་ཟིན་ཚུལ་ཡང་བཤད། དོ་འཕགས་ཞིག་མོ་གཉིས་ལ་སྲས་གསུམ་གྱི་ཆེ་བ་ཉི་མ་འཛིན། འབྲིང་འདུལ་བ་རྒྱལ་མཚན། ཆུང་བ་གཡུང་དྲུང་རྒྱལ་མཚན་ཞེས་སུ་གྲགས། དེ་གསུམ་གྱིས་བོན་གྱི་སྒྲུབ་བརྒྱུད་སོ་སོར་བཙུགས་པ་ལ་སྣང་ཞིག་ཁག་གསུམ་ཞེས་པའི་མཚན་ཆགས།

དེ་ལྟར་སྣང་ཞིག་དོ་འཕགས་ཆེན་པོ་ནས་གདུང་རབས་སོ་དགུ་བྱུང་བའི་རིམ་པ་ནི། ༡སྣང་ཞིག་ཡོན་ཏན་རྒྱལ་མཚན་ནམ་དོ་འཕགས། ༢ཉི་མ་འཛིན། ༣ལྷུན་འགྲུབ་རྒྱལ་མཚན། ༤ཀུན་དགའ་རྒྱལ་མཚན། ༥ནམ་མཁའ་རྒྱལ་མཚན། ༦ཟླ་བ་རྒྱལ་མཚན། ༧ཡོན་ཏན་རྒྱལ་མཚན། ༨ཀུན་དགའ་ལྷུན་འགྲུབ། ༩ཤེས་རབ་རྒྱལ་མཚན། ༡༠ལྷུན་འགྲུབ་རྒྱལ་མཚན། ༡༡ཤེས་རབ་འོད་ཟེར། ༡༢ཆགས་མེད་བྱ་བྲལ། ༡༣བསྟན་པ་རྒྱལ་མཚན། ༡༤ཚུལ་ཁྲིམས་རྒྱལ་མཚན། ༡༥ཡེ་ཤེས་རྒྱལ་མཚན། ༡༦བསོད་ནམས་རྒྱལ་མཚན། ༡༧ལྷུན་འགྲུབ་དབང་ལྡན། ༡༨བསྟན་པ་ཚུལ་ཁྲིམས། ༡༩རིན་ཆེན་ལྷུན་འགྲུབ། ༢༠ཤེས་རབ་རྒྱལ་བ། ༢༡ནམ་མཁའ་རྒྱལ་མཚན། ༢༢ཤེས་རབ་དབང་རྒྱལ། ༢༣ཚེ་དབང་རྒྱལ་མཚན། ༢༤ཚུལ་ཁྲིམས་དབང་མཆོག ༢༥བསྟན་པ་ཚུལ་ཁྲིམས། ༢༦བསྟན་པ་ལྷུན་འགྲུབ། ༢༧ཤེས་རབ་བློ་གྲོས། ༢༨ཚུལ་ཁྲིམས་བསྟན་འཛིན། ༢༩རིན་ཆེན་རྒྱལ་མཚན། ༣༠གཡུང་དྲུང་བསྟན་པ་དར་རྒྱས། ༣༡བསོད་ནམས་རྒྱལ་མཚན། ༣༢བསྟན་འཛིན་དབང་རྒྱལ། ༣༣ཕུན་ཚོགས་རྣམ་རྒྱལ། ༣༤བློ་གྲོས་ཐོགས་མེད། ༣༥གཡུང་དྲུང་བསྟན་པའི་ཉི་མ། ༣༦འདིའི་སྐུ་མཆེད་གྲུབ་དབང་གཡུང་དྲུང་བསྟན་འཛིན། ༣༧ནམ་མཁའ་བློ་གྲོས། ༣༨བསྟན་པ་རབ་རྒྱས། ༣༩མཆོག་སྤྲུལ་སྐལ་བཟང་བློ་གྲོས་ཀྱིས་འགྲོ་བ་མཐའ་ཡས་པ་ཐར་པའི་ལམ་ལ་བཀོད་པར་བཤད། གདུང་རབས་བརྒྱད་པ་ཀུན་དགའ་ལྷུན་འགྲུབ་ཀྱི་སྐུ་ཚེའི་སྟོད་དུ་གངས་རི་མཚོ་གསུམ་དང་། སྨད་དུ་རྒྱ་ནག་རྒྱལ་པོ་གོང་མ་ཆེན་ལོང་གི་སྐབས་སུ་གླང་ཆེན་འགྱིང་རི་དང་རི་བོ་རྩེ་ལྔ་སོགས་གནས་ཆེན་རྣམས་སུ་ཕེབས་ཏེ་གནས་མཇལ་དང་། ཡུལ་གྲུ་འགའ་ལ་ཐན་པས་ཉེན་པ་རྣམས་ལ་ཆར་ཕབས་ཏེ་ལོ་ཏོག་ལེགས་པས་སྙན་པ་རྒྱས། གོང་མ་ཆེན་པོས་ཀྱང་ཐོབ་དང་ཐམ་ཀ་སོགས་རིན་པོ་ཆེ་དུ་མའི་བདག་རྐྱེན་གནང་། གདུང་རབས་ཉེར་བཞི་པ་ཚུལ་ཁྲིམས་དབང་མཆོག་དབུས་སུ་ཕེབས་ཏེ། སྨན་རིར་མཁན་སློབ་ཀྱི་དྲུང་ནས་བསྙེན་རྫོགས་ཞུས། རང་ཡུལ་དུ་ཕེབས་ནས་རང་དགོན་དུ་གྲོང་བོན་གྱི་སྡེ་དང་། རབ་བྱུང་འདུལ་བའི་སྡེ་གཉིས་སུ་ཕྱེས་ཏེ་བསྟན་པ་ལ་བྱ་བ་རླབས་ཆེན་བྱས་སོ། །གདུང་རབས་ཉེར་དགུ་པ་རིན་ཆེན་རྒྱལ་མཚན་ནི་རབ་ཉིའི་ཤིང་ཡོས་ ༡༧༣༥ ལོར་འཁྲུངས། རྒྱལ་བསྟན་ཕུན་ཚོགས་གླིང་གི་རབ་བྱུང་སྡེ་རྒྱ་ཆེར་བྱས། ས་བཀྲ་ལེགས་པར་དགོན་སར་གཟིགས་སྐབས་སུ། ཀླུ་མོ་ཞིག་གིས་ཆུའི་དངོས་གྲུབ་སྩལ་བ་དང་། དགེ་མཚན་མང་དུ་བྱུང་།

༡༧༦༦ རབ་འདོད་མེ་ཁྱི་ལོར་རྒྱལ་བསྟན་ཕུན་ཚོགས་གླིང་གི་རབ་བྱུང་གི་སྡེ་རྒྱ་ཆེར་རྒྱས་ཏེ། ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་གཡུང་དྲུང་གླིང་བསྐྲུན། རིང་པོ་མ་ལོན་པར་འདུ་ཁང་ལེགས་གྲུབ་བྱུང་། བོན་སྒྲུབ་བརྒྱུད་ཀྱི་བསྟན་པ་ལ་མཛད་རྗེས་རླབས་ཆེན་བཞག །དེ་བཞིན་གདུང་རབས་སུམ་ཅུ་པ་དང་། སོ་བཞི་པ། སོ་ལྔ་པ། སོ་བརྒྱད་པ་བཅས་ལ་གཞན་པ་རྣམས་ལས་ཀྱང་ངོ་མཚར་བའི་རྣམ་ཐར་བསམ་བརྗོད་ཀྱི་ཡུལ་ལས་འདས་པ་ཆེས་མང་ནའང་ཡི་གེས་འཇིགས་ནས་མ་སྤྲོས།

གདུང་རབས་སོ་དགུ་པ་སྐལ་བཟང་བློ་གྲོས་མཆོག་ནི། རབ་རྒྱལ་ཆུ་ཕག་༡༩༨༣ ལོར་ཡབ་ཆེན་སྣང་ཞིག་ནམ་མཁའ་བློ་ལྡན་དང་། ཡུམ་འཕེལ་ཥེ་བཟའ་ཚེ་རིང་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་དྲུག་པར་རྒྱ་འོབ་བསྟན་འཛིན་དབང་རྒྱལ་སོགས་ཀྱི་སྤྱན་སྔར། རབ་བྱུང་གཙང་བཙུག་གི་ཁྲིམས་མནོས། ལོ་དེའི་སྨིན་དྲུག་ཟླ་བའི་ཡར་ཚེས་ལ། བཀྲ་ཤིས་གཡུང་དྲུང་གླིང་གི་གསེར་ཁྲིར་ཞབས་ཀྱི་པདྨོ་བཀོད། ཁྲི་སྟོན་གྱི་མཛད་སྒོ་རྒྱ་ཆེར་བྱས། མཁས་དབང་བསྟན་འཛིན་ཡེ་ཤེས་བཤེས་གཉེན་དུ་བསྟེན་ཏེ་ལྔ་ཟུང་རིག་པའི་གཏེར་དུ་བསྐྲུན། རྒྱལ་ཚབ་བསྟན་འཛིན་དབང་རྒྱལ་མཆོག་ནས། ཁྲིད་ལུང་དབང་རྗེས་གནང་སོགས་མང་དུ་མནོས་པས་སྒྲུབ་པ་ཉམས་ལེན་དང་སྦྱང་བརྩོན་གྱིས་དུས་འདའ་བཞིན་སྐུའི་ལང་ཚོ་དང་ཐུགས་ཀྱི་ཡོན་ཏན་གཉིས་ཕན་ཚུན་འགྲན་པའི་ཚུལ་གྱིས་ཡར་ཟླའི་དཔལ་ལ་འགྲན་བཞིན་གླིང་འདིར་བཞུགས་ལགས་སོ།།

ང་བརྒྱད་སྔོན་དུ་རྟེན་གསུམ་རིན་ཐང་གཞལ་དུ་མེད་པའི་དངོས་རྫས་སོགས་རྙིང་བཅུད་བརྗོད་ལས་འདས་པ་རྣམས་ཉམས་རྒུད་དུ་གྱུར། ༡༩༨༠ ལོར་ཏང་གི་ཆོག་མཆན་འོག་རྒྱ་འོབ་བསྟན་འཛིན་དབང་རྒྱལ་གྱིས་ཀྲུའུ་རིན་གྱི་འགན་བཞེས་ཏེ་སློབ་ཟུར་ཚུལ་ཁྲིམས་བསྟན་འཛིན་རྣམ་གཉིས་ཀྱིས་བསྟན་པ་སླར་གསོ་དང་ཉམས་པ་སོར་ཆུད་བྱེད་བཞིན་དད་ལྡན་ཡོངས་ཀྱིས་སྟོབས་ཤུགས་ཆིག་སྒྲིལ་གྱི་ངང། ༡༩༩༩ ལོར་འདུ་ཁང་ཆེ་ཆུང་གཉིས་ཀྱི་རྒྱ་ཕིབས་ཏོག་བཅས་དང་། ཇ་ཁང་གཉིས། གཞུང་གཉེར་གཉིས་ཀྱི་ཁང་པ༑ རྔ་སྒྲ་ཁང་། སྐུ་གདུང་ཁང་། མཆོད་རྟེན་གསུམ། བཙན་ཁང་། བླ་བྲང་དྲུག །གྲྭ་ཁང་ཉིས་བརྒྱ་ལྔ་བཅུ་ལྷག །འཁོར་ཆེན་བཅོ་ལྔ། འཁོར་ཕྲེང་སྟོང་ལྷག་བཅས་གྲུབ། དེ་རྣམས་ས་ཁྱོན་བསྡོམས་པས་རྨིད་གྲུ་བཞི་མ་ ༡༨༠༠༠ ལྷག་ཙམ་ཡོད། ཁྲི་རབས་དྲུག་དང་། གྲྭ་ཚོགས་མང་སྐབས་སྟོང་གཅིག་དང་ཉིས་བརྒྱ་ཙམ་དང་། ནམ་རྒྱུན་བདུན་བརྒྱ་ཡས་མས་རེ་འཚོགས་ཐུབ།

རྟེན་གྱི་སྐོར་ལ། འདུ་ཁང་གི་དབུས་སུ་རྣམ་པར་རྒྱལ་བའི་སྐུ་ཐོག་བརྩེགས་གཉིས་པ། འདུ་ཁང་གོང་འོག་གཉིས་ཀར་སངས་རྒྱས་སྟོང་སྐུ་རེ་རེ། བོན་གྱི་བཀའ་འགྱུར་ཚར་ལྔ། བསྟན་འགྱུར་ཚར་དྲུག །སྣང་ཞིག་བླ་རབས་ཀྱི་སྐུ་གདུང་། ཤིང་དཔར་བོན་དཔེ་ལྡེབ་གྲངས་ཉིས་སྟོང་ལྷག་དང་། སྐུ་གཟུགས་ཀྱི་ཤིང་དཔར་མང་པོ། ཞལ་ཐང་ཡང་ཤིན་ཏུ་མང་། དགོན་འདིར་གྲྭ་ས་གཉིས་ཀར་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་སློབ་སྦྱོང་བྱེད་ཀྱིན་ཡོད་པ་དང་། ཚོགས་ཆེན་ལ་ཁ་དོག་དཀར་དམར་ནས་རྫོགས་ཆེན་འཛིན་གྲྭ་བར་འཛིན་གྲྭ་བཅུ་གསུམ་ཡོད། དགེ་རྒན་རྣམས་ལ་རྩོད་རྒྱུགས་དང་། བཤད་གྲྭ་བ་རྣམས་ཀྱིས་ཉིན་རེ་བཞིན་སྐྱོར་སྦྱང་དང་བགྲོ་གླེང་སོགས་ལ་དམིགས་བསལ་གྱི་དུས་མ་གཏོགས་ཕེབས་དགོས། སྒྲུབ་གྲྭ་བ་རྣམས་ཀྱིས་ལོ་གསུམ་ལ་ཐུན་གྱི་ཉམས་ལེན་ཚད་ལྡན་བསྐྱངས་ཏེ་གླིང་ཐོའི་ཕྱིར་འགྲོ་མི་ཆོག །ཡིག་ཆ་གཙོ་བོ་བོན་གྱི་མཁས་གྲུབ་རྣམས་ཀྱིས་མཛད་པའི་གཞུང་འཆད་ཉན་བྱེད་དགོས། དགོན་འདིའི་བུ་དགོན་རྣམས་ནི། རྔ་ཡུལ་ཅོག་ལོ་དགོན་དང། ཧོང་ཡོན། རྒྱལ་རོང་། ཟོང་ཆུ། ཉ་ཡིད། མཛོད་དགེ །རྒན་གྱ། མཚོ་སྔོན། རེབ་ཀོང་། དཀར་མཛེས་སོགས་སུ་དགོན་སྡེ་སུམ་ཅུ་ཡས་མས་ཤིག་ལ་དགེ་རྒན་དང་དབང་བཀའ་སོགས་ཆོས་འབྲེལ་ཟབ་ཅེས་བཤད།

འདིར་གྲྭ་སར་གསར་དུ་ཕེབས་པ་རྣམས་ཀྱིས་མིང་ཐོ་འགོད་པ་དང་རབ་བྱུང་ཞུ་བ། སྒྲིག་ཁྲིམས་བརྩི་སྲུང་བྱེད་པ། རྙོག་འཛིང་མི་བྱེད་པ་དང་མཐུན་སྒྲིལ་དང་གོང་རིམ་ལ་གུས་བཀུར་བྱེད་པ། ལས་སྣེ་རྣམས་ཀྱི་ངག་ལ་བཀུར་སྟི་དང་ལེན་བྱ་རྒྱུ། རྐུ་འཕྲོག་སོགས་མི་བྱེད་པ། སྐབས་བབ་ཀྱི་སྦྱང་བྱ་གང་ཡིན་ལ་ཐོས་བརྩོན་གནད་སྨིན་བྱས་ཏེ་གཞན་ལ་གཡུང་དྲུང་བོན་གྱི་བསྟན་པ་འཆད་སྤེལ་བྱེད་ནུས་བྱས་ཏེ་ཐམས་ཅད་བྱང་ཆུབ་མཆོག་གི་སར་འགོད་པའི་ཐབས་ལ་འབད་པར་བྱེད་པའི་ལས་སུ་གཞོལ་བར་འགྱུར་དགོས་སོ།།

ཆོ་ག་ངག་འདོན་སོགས་ཀྱི་རིམ་པ་ནི། བོད་ཟླ་དང་པོའི་ཚེས་བཞི་ནས་ལོ་ཧྲིལ་པོར། བོན་རང་གི་མཁས་གྲུབ་གོང་མ་རིམ་བྱོན་གྱི་འདས་མཆོད་དང་སྒྲུབ་མཆོད་གྱེར་དབྱངས་ཁྲི་མཆོད་སོགས་དང་དུས་བཞིའི་རྩོད་གྲྭ་དང་རིག་གྲྭ་སོགས་རྣམ་དཀར་ལས་ཀྱིས་བྲེལ་བས་གཡུང་དྲུང་བོན་གྱི་བསྟན་པའི་བྱ་བ་རྣམ་གསུམ་གྱིས་བོན་བསྟན་བསྐལ་བའི་བར་དུ་བསྒྲེང་བའི་རྒྱལ་མཚན་ཚུགས་པའི་ལས་ལ་བརྩོན་བཞིན་པའོ།།

ལོ་རྒྱུས་འདི་རྔ་རྫོང་ཡོངས་ཀྱི་གྲུབ་སྡེ་སོ་སོའི་ཆོས་འབྱུང་དུ་གསལ་བ་བཞིན་བཀོད་པའོ། ། ༢༠༡༧ ལོར་ཨ་དཀར་བ་འཆི་མེད་བློ་བཟང་རིན་པོ་ཆེ་སོག་པ་འཇམ་དབྱངས་ཁང་ཚན་དུ་སྒྲིག་ཞུགས་གནང་ཡོད།།