གསང་རྣམ།

༄༅། །སྐྱབས་མགོན་དཀོན་མཆོག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་གསང་པའི་རྣམ་ཐར་དད་པའི་པདྨོ་བཞད་པའི་ཉིན་བྱེད་ཅེས་བྱ་བ་བཞུགས་སོ།།

༄༅། །ཚོགས་གཉིས་སྤྱོད་པ་རླབས་ཆེན་ཤར་རིའི་རྩེར། །རྒྱལ་སྲས་དཔའ་བོ་སྨྲ་བའི་ཟླ་བ་འཛེགས། །ཐུབ་བསྟན་ཀུ་མུད་བཞད་པའི་དཔལ་ཡོན་ཅན། །རྗེ་བཙན་བླ་མ་སྙིང་གི་མུན་སེལ་རྒྱལ། །ཡིད་བཞིན་ནོར་ལས་ཆེས་དཀོན་ཐེག་མཆོག་གི །མདོ་སྔགས་བསྟན་པའི་བ་དན་སྲིད་པའི་རྩེར། །བསྒྲེངས་མཛད་རྒྱལ་ཀུན་འདུས་པའི་སྤྱི་གཟུགས་ཆེ། །མཚན་ལྡན་བཤེས་གཉེན་མཆོག་ལ་མགོས་ཕྱག་འཚལ། །གང་གི་གསང་གསུམ་ཡོན་ཏན་ཆུ་གཏེར་མཐའ། །སར་གནས་དཔའ་པོ་རྣམས་ཀྱིས་གཞལ་དཀའ་ཡང་། །འདི་ལྟའི་མགོན་གྱིས་ནམ་ཡང་མི་གཏོང་ཕྱིར། །ཆ་ཙམ་བསྔགས་པའི་མེ་ཏོག་སྤེལ་ལ་སྤྲོ། །རྒྱལ་བའི་མདུན་སར་ཉན་ཐོས་ཀུན་དགའ་སོགས། །འཕགས་བོད་ཀུན་ཏུ་འཁྲུངས་རབས་གསེར་རིའི་ཕྲེང༌། །བརྒྱུད་ཅིང་ཁྱད་པར་དགེ་ལྡན་རིང་ལུགས་མཆོག།།སྤེལ་སླད་ངུར་སྨྲིག་འཆང་བའི་གར་བསྒྱུར་བ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །རིགས་རུས་ཆོ་འབྲང་ཕུན་ཚོགས་ཡབ་ཡུམ་ལས། །ཁྲུངས་ཚེ་བྱིས་པའི་ངང་ཚུལ་ལས་འདས་ཏེ། །ཟླ་བར་གཟིགས་ནས་བདག་གི་ཕ་ཞེས་དང༌། །ལྷ་ལམ་ངོས་སུ་ངོ་མཚར་རི་བོ་གཟིགས། །དཔལ་ལྡན༌྾། །དགོངས་ཉམས་སད་ཕྱིར་ཉེར་སྤྱད་བསྟར་བའི་ཚེ། །གོང་མའི་ཕྱག་མཚན་མ་འདྲེས་བདག་གིར་མཛད། །གདན་སའི་ཁྲི་ལ་ཞབས་སེན་བཀོད་མ་ཐག།།འཆད་རྩོམ་རྩོམ་པའི་སྨོན་ལམ་ཐོག་མེད་གསུངས། །དཔལ་ལྡན༌྾། །འཇམ་དཔལ་དབྱངས་དངོས་བསྟན་པའི་སྒྲོན་མེའི་གཙོའི། །བཅུ་ཕྲག་དགུ་ལྷག་བཤེས་གཉེན་གུས་བསྟེན་མཐུས། །མདོ་སྔགས་རིག་གནས་རྒྱ་མཚོའི་མཐར་སོན་ཏེ། །སྨྲ་བའི་དབང་ཕྱུག་མཆོག་གི་གོ་འཕང་བརྙེས། །དཔལ་ལྡན༌྾། །དགེ་ལྡན་རྣམ་པར་རྒྱལ་བའི་གླིང་མཆོག་ཏུ། །ཚད་མའི་གཞུང་དང་དྲང་ངེས་རྣམ་འབྱེད་ལ། །བགྲོ་གླེང་མཛད་དེ་ལུང་རིགས་དྲི་བྲལ་གྱིས། །ཕྱི་རྒོལ་མཁས་བ་ཆེན་པོའི་སྦོབས་པ་ཕྲོག།།དཔལ་ལྡན༌྾། །དགེ་ལྡན་གླིང་དང་གསང་ཕུའི་ཆོས་གྲྭ་སོགས། །བཀའ་བོད་གཞུང་ལ་དམ་བཅའ་གནང་བའི་ཚེ། །ཚིག་དོན་ངེས་ཤིང་ལན་ལ་ཐོགས་མེད་པས། །གཟུར་གནས་མཁས་པ་ཡོངས་ཀྱིས་བསྟོད་བསྔགས་མཛད། །དཔལ་ལྡན༌྾། །ཆོས་སྐྱོང་བསྭེ་ཡི་ཁྲབ་ཅན་སྐུ་ཕེབས་ནས། །རང་ཅག་གསེར་ཐུབ་དུས་ནས་སྨོན་ལམ་གྱི། །འབྲེལ་བ་ཟབ་ཕྱིར་བར་ཆད་སེལ་བ་དང༌། །མཐུན་རྐྱེན་སྒྲུབ་ཅེས་གཡར་དམ་ཞལ་གྱིས་བཞེས། །དཔལ་ལྡན༌྾། །གསང་ཕུའི་ཆོས་གྲྭར་ས་དགེའི་གྲྭ་ཚང་བཅུའི། །དབུས་སུ་དཀའ་བཅུའི་མཚན་རྟགས་མཛད་པའི་སྐབས། །སྨྲ་བའི་དབང་ཕྱུག་མཁས་གྲུབ་ཆོས་ཀྱི་རྗེའི། །ཀྭ་བ་ཐོབ་བས་ཕྱིས་འབྱུང་རྟེན་འབྲེལ་འགྲིགས། །དཔལ་ལྡན༌྾། །བསྟན་པ་རིང་དུ་གནས་ཕྱིར་དགེ་འདུན་སྡེ། །གསར་དུ་བསྐྲུན་པར་མཛད་ཚེ་ས་འོག་ནས། །སྨྲ་བའི་སེང་གེའི་སྐུ་བརྙན་ཁྱད་མཚར་བ། །རང་བྱུང་རྙེད་པ་རྟེན་གྱི་གཙོ་བོར་མཛད། །དཔལ་ལྡན༌྾། །ཐན་པས་གདུང་ཚེ་སྟོན་པ་ཉའི་རྒྱལ་བོར། །འཁྲུངས་པའི་རྟོགས་བརྗོད་གསར་རྩོམ་མཛད་པའི་མཐུས། །ཆར་རྒྱུན་འཕེལ་ཏེ་ལོ་གྲངས་བཅུ་གསུམ་ཏུ། །ཉེས་ཀུན་ཞི་ནས་བཀྲ་ཤིས་ལོ་ལེགས་བྱུང༌། །དཔལ་ལྡན༌྾། །ཨ་བྷྱ་ཀཱ་རའི་གཞུང་འགའ་གཟིགས་པའི་སྐབས། །རྨི་ལམ་རོལ་བར་པཎ་ཆེན་དེ་ཉིད་དང༌། །མཇལ་ནས་ཤེར་ཕྱིན་གནད་ཀྱི་ཟླ་འོད་ཀྱི། །ལུང་གསན་དངོས་སུའང་ཞལ་དཀྱིལ་ཡང་ཡང་མཇལ། །དཔལ་ལྡན༌྾། །མཁས་གྲུབ་ཆེན་པོ་མཉམ་མེད་གསེར་གླིང་བ། །གངས་ཅན་མགོན་པོ་དཔལ་ལྡན་ཨ་ཏི་ཤ།།སློབ་དཔོན་ཆེན་པོ་ཡེ་ཤེས་སྙིང་བོ་སོགས། །པཎ་གྲུབ་དུ་མའི་ཞལ་གཟིགས་བྱིན་གྱིས་བརླབས། །དཔལ་ལྡན༌྾། །གྲུབ་པའི་དབང་ཕྱུག་ཀུ་ཀུ་རི་བ་དང༌། །ཀུན་མཁྱེན་གཉིས་པ་ཀུན་དགའ་སྙིང་བོ་སོགས། །སྐྱེས་མཆོག་དུ་མའི་ཞལ་བཟང་མངོན་གྱུར་ནས། །ཟབ་དང་རྒྱ་ཆེའི་གདམས་པ་མང་དུ་གསན། །དཔལ་ལྡན༌྾། །དབེན་གནས་བྱམས་པ་གླིང་གི་གཟིམ་ཁང་ནས། །སྙིང་རྗེའི་རང་གཟུགས་མྱུར་མཛད་མགོན་པོ་དང༌། །བདུད་མགོན་དྲག་ཤད་ཁྲོ་བོའི་ཆ་བྱད་ཅན། །དར་བེར་དམར་ཁྲ་གྱོན་པ་དངོས་སུ་གཟིགས། །དཔལ་ལྡན༌྾། །འཁོར་ལོ་སྡོམ་པའི་སྲུང་མ་དུར་ཁྲོད་བདག།།ཀེང་རུས་གཟུགས་ཀྱིས་གར་སྟབས་བསྒྱུར་བཞིན་པར། །མཚན་མོ་བདུན་དུ་རྒྱུན་དུ་གཟིགས་པའི་མཚོན། །ཆོས་སྲུང་གཞི་བདག་དུ་མ་མངོན་སུམ་གཟིགས། །དཔལ་ལྡན༌྾། །རྣལ་འབྱོར་དབང་ཕྱུག་ཐུགས་ཀྱི་རྡོ་རྗེ་ལས། །ཧེ་རུ་ཀ་ཡི་དབང་བཞི་ཡོངས་རྫོགས་པ། །   །གསན་བཞེས་མཛད་ཚེ་རྟེན་དང་བརྟེན་པར་བཅས། །མངོན་སུམ་གསལ་བར་གཟིགས་ནས་བྱིན་གྱིས་བརླབས། །དཔལ་ལྡན༌྾། །འོད་གསལ་རོལ་བར་དཔལ་མགོན་གདོང་བཞི་བས། །ཟབས་ཡངས་མཚོ་འདི་བདེ་མཆོག་བླ་མཚོ་སྟེ། །བདག་གིར་མཛོད་ཅེས་གཏད་པའི་སྣང་བ་ཉེར། །དེ་མཐུས་བདེ་མཆོག་ཆོས་སྐོར་ཕྱོགས་མཐར་སྤེལ། །དཔལ་ལྡན༌྾། །ཀླུ་གདོན་ནད་ཀྱིས་ཟིན་ཚེ་བློ་སྦྱོང་གི །གདམས་པ་གསན་ནས་བདག་གཞན་མཉམ་བརྗེ་ཡི། །བྱང་ཆུབ་སེམས་མཆོག་ཐུགས་དམ་མཛད་པའི་མཐུས། །སྨྱུང་གཞི་ལྷག་མེད་དྭངས་ནས་ཉམས་རྟོགས་རྒྱས། །དཔལ་ལྡན༌྾། །ས་ཀ་ཟླ་བའི་ཡར་ཚེས་བཅོ་ལྔ་ལ། །གསོ་སྦྱོང་མཛད་ཚེ་རྨི་ལམ་འོད་གསལ་དུ། །ཤར་ཕྱོགས་ལི་ཁར་ཤིང་འཕེལ་ནགས་ཚལ་དུ། །ཕེབས་ནས་སྐྱེ་བོ་འགའ་དང་གཏམ་གླིང་མཛད། །དཔལ་ལྡན༌྾། །ཀླུ་སྒྲུབ་སློབ་མར་གྱུར་ཏེ་དཀོན་བརྩེགས་ཀྱི། །ཆོས་ཀྱི་རྣམས་གྲངས་གདན་འདྲེན་མཛད་པ་དང༌། །དགེ་བཤེས་བསོད་ནམས་ཞབས་དང་མཆེད་གྱུར་ཏེ། །རྒྱལ་བོས་མཆོད་གནས་མཛད་བ་གསལ་བར་རྨིས། །དཔལ་ལྡན༌྾། །ཧེ་རུ་ཀ་དང་དུས་ཀྱི་འཁོར་ལོ་ཡི། །ལྷ་ཡི་རྣལ་འབྱོལ་ཟབ་མོ་ཉམས་བཞེས་སྐབས། །ཡིད་ལུས་བཟུང་ནས་བྱང་ཕྱོགས་ཤམྦྷ་ལར། །ལན་གསུམ་བྱོན་ནས་སྣོད་བཅུད་བཀོད་པ་གཟིགས། །དཔལ་ལྡན་྾། །དེ་ཚེ་རིགས་ལྡན་མཆོག་གིས་དུས་འཁོར་ལོའི། །དབང་བསྐུར་མཚན་བརྗོད་ལུང་བསྩལ་བདུད་རྩི་ཡིས། །བཀང་བའི་བུམ་ཆུ་ལྷག་མེད་བཏུང་བའི་མོད། །བདེ་ཆེན་ངང་དུ་རྒྱུན་རིང་མཉམ་པར་བཞག།།དཔལ་ལྡན༌྾། །སྣང་མཐའི་སྒྱུ་འཕྲུལ་པཎ་ཆེན་རིན་པོ་ཆེར། །འབྲེལ་ཚད་ཤམྦྷ་ལ་རུ་སྐྱེ་བ་ཡི། །སྐྱབས་ཞུས་མཛད་ཚེ་དུས་འཁོར་སྡོམ་ཆེན་གྱི། །སྒྲུབ་མཆོད་ཚུགས་ན་བཞེད་ལྟར་འགྲུབ་ཅེས་གསུངས། །དཔལ་ལྡན༌྾། །གདམས་པའི་གཏེར་མཛོད་རཏྣ་བྷཱ་ཛ་ཡིས། །བདག་གིས་སེམས་དབེན་རྟོགས་པའི་ཉེས་པའི་ཕྱིར། །སྤྱོད་པ་མཛད་ན་རྟེན་དེར་འཚང་རྒྱ་ཡང༌། །བར་དོར་མཆོག་བརྙེས་འགྱུར་ཞེས་གསུངས་བ་རྨིས། །དཔལ་ལྡན༌྾། །དམ་པ་དེ་ལས་མདོ་སྔགས་ཆོས་ཚུལ་གྱི། །གདམས་བ་མཐའ་ཡས་གསན་མཐར་འབྲེལ་དཔེ་དང༌། །རྒྱུད་ཤོག་གནང་ནས་ཐུགས་སྨོན་མཛད་བཞིན་དུ། །དཀྱིལ་འཁོར་རྒྱ་མཚོའི་བདག་པོར་མངའ་གསོལ་མཛད། །དཔལ་ལྡན༌྾། །སྒྲ་སྙན་སྨན་རྩིས་མངོན་བརྗོད་སུམ་རྟགས་དང་། །བཟོ་རིག་སྤྱི་དང་དཀྱིལ་འཁོར་བྲི་དང་བསླབ། །ཡིག་རིགས་ཀུན་དང་ས་དཔྱད་བརྟགས་པ་སོགས། །མདོ་སྔགས་རིག་གནས་ཀུན་ལ་མཁྱེན་པ་རྒྱས། །དཔལ་ལྡན༌྾། །ས་རྙིང་ལ་སོགས་གྲུབ་མཐར་རིས་མེད་ཀྱི། །དབང་ལུང་རྗེས་གནང་ཁྲིད་དང་མན་ངག་རྣམས། །གསན་ནས་སྤེལ་ལ་ཀུན་གཟིགས་ལྔ་པ་དང༌། །གསན་རྒྱ་མཚུངས་ཞེས་མཁས་བ་ཡོངས་ཀྱིས་གླེང༌། །དཔལ་ལྡན༌྾། །བསླབ་གསུམ་རྣམ་པར་དག་བའི་མཁའ་དབྱིངས་སུ།།མཁས་བཙུན་བཟང་བོའི་དཀྱིལ་འཁོར་རབ་ཏུ་རྒྱས། །འཆད་རྩོད་རྩོམ་པའི་འོད་དཀར་འབུམ་ཕྲག་གིས། །ཐུབ་བསྟན་ཀུན་དའི་དགའ་ཚལ་རྒྱས་བར་མཛད། །དཔལ་ལྡན༌྾། །དེ་ལྟར་འཁོར་ལོ་གསུམ་གྱི་མཛད་བཟང་གིས། །རེ་ཞིག་བསྟན་འགྲོའི་དོན་རྣམས་རྫོགས་པ་ན། །ངོ་མཚར་ལྟས་བཅས་རགས་པའི་གཟུགས་སྐུ་ཉིད། །ཟག་མེདཆོས་དབྱིངས་ངང་དུ་བསྡུས་ཚུལ་བསྟན། །དཔལ་ལྡན༌྾། །སླར་ཡང་བརྩེ་ཆེན་གསེར་གྱི་ཤིང་རྟ་ཡིས། །ལེགས་དྲངས་སྤྲུལ་པའི་རོལ་གར་ནོར་བུའི་ཕྲེང༌། །སྐལ་བཟང་ཡོངས་ཀྱི་ཟུར་ཕུད་མཛེས་རྒྱན་དུ། །སྲིད་མཐའི་བར་དུ་ནམ་ཡང་ཆད་མེད་མཛད། །དཔལ་ལྡན༌བླ་མའི་ཞབས་ལ་གསོལ་བ་འདེབས། །དེ་ལྟར་སྐྱབས་གསུམ་འདུས་སྐུར་ལེགས་བལྟས་ཏེ། །མི་ཤིགས་ཐིག་ལེར་ཕྲ་བའི་རླུང་སེམས་དང༌། །དབྱེར་མེད་རྩེ་གཅིག་གུས་པས་གསོལ་འདེབས་ན། །བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །རྙེད་དཀའ་དམ་ཆོས་སྒྲིབ་བའི་རྟེན་བཟང་འདི། །མི་རྟག་འཆི་བ་དྲན་པས་རྒྱུད་བསྐུལ་ཏེ། །ངན་འགྲོའི་འཇིགས་ལས་སྐྱོབས་ཕྱིར་སྐྱབས་འགྲོ་དང༌། །སྡིག་སྤོང་དགེ་ཚོགས་སྒྲུབ་པར་བྱིན་གྱིས་རློབས། །འཁོར་བའི་ཕུན་ཚོགས་འབར་བའི་མེ་འོབས་ལྟར། །མཐོང་བའི་བཅོས་མིན་ངེས་འབྱུངས་ཤུགས་དྲག་གིས། །རྣམ་དག་བསླབ་གསུམ་སྒྲུབ་པའི་ཉམས་ལེན་གྱིས། །ཐར་བའི་བཙན་ས་ཟིན་པར་བྱིན་གྱིས་རློབས། །མར་གྱུར་འགྲོ་རྣམས་སྡུག་བསྔལ་གྱིས་གཟིར་བའི། །ངང་ཚུལ་བཟོད་མེད་རླབས་ཆེན་སེམས་བསྐྱེད་དང༌། །སྤྲོས་བྲལ་སྒྱུ་མའི་རྣམ་རོལ་རྟེན་འབྱུང་ལམ། །ཟུང་འབྲེལ་ཉམས་སུ་ལེན་པར་བྱིན་གྱིས་རློབས། །སྣང་སྟོང་ལྷ་སྐུར་གསལ་བའི་རྣལ་འབྱོར་དང༌། །བདེ་ཆེན་ཡེ་ཤེས་ཉིན་བྱེད་སྣང་བའི་གཟིས། །ཀུན་རྟོག་གཡོ་བའི་ལས་རླུང་མུན་པའི་སྨག།།མྱུར་བཅོམ་སྐུ་བཞིའི་གོ་འཕང་མཆོག་ཐོབ་ཤོག།།ཅེས་སྐྱབས་མགོན་དཀོན་མཆོག་བསྟན་པའི་རྒྱལ་མཚན་དཔལ་བཟང་བོའི་གསང་བའི་རྣམ་པར་ཐར་པ་དད་པའི་པདྨོ་བཞད་པའི་ཉིན་བྱེད་ཅེས་བྱ་བ་འདི་ནི། །སྔར་ནས་འཁའ་དགུའི་དཔོན་པོ་ལྔ་རིག་སྨྲ་བ་ཚུལ་ཁྲིམས་རྒྱ་མཚོས་ནན་ཆེར་ཡང་ཡང་བསྐུལ་བ་རིམ་འགྱངས་སུ་ལུས་པ་ལས། །ཉེ་ཆར་རྒྱ་ནག་མཁན་པོ་བློ་བཟང་ཆོས་གྲགས་ཀྱི་སྤྲུལ་བའི་སྐུ་བསྟན་པའི་གསལ་བྱེད་དམ་པ། ཆོས་སྡེ་ཆེན་པོའི་ཁྲི་ལས་ཐོག་བསྐལ་བཟང་བསྟན་པ་རྒྱ་མཚོ་དང༌། །ཞལ་ངོ་གཞུང་ལུགས་སྨྲ་བ་དགེ་བཤེས་ཡེ་ཤེས་གྲགས་པ་གཉིས་ཀྱིས་ནན་ཆེར་བསྐུལ་མ་བྱུང་བའི་ཚེ་ ༧འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་འམ། །བརྡ་སྤྲོད་ཀུན་བཤད་ཀྱི་མིང་དབྱངས་ཅན་བཞད་པའི་རྡོ་རྗེར་འབོད་པས། །དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་སྦྱར་བའི་ཡི་གེ་བ་ནི་དགེ་སློང་གྲགས་པ་ཀླུ་སྒྲུབ་ཀྱིས་བགྱིས་བ་འདིས་ཀྱང་དཔལ་ལྡན་བླ་མའི་གསང་གསུམ་གྱི་རྣམ་ཐར་ལ་མི་བྱེད་པའི་དད་པ་བསྟན་པོ་ཐོབ་སྟེ།། རྣམ་ཀུན་རྗེས་སུ་འཛིན་པར་གྱུར་ཅིག། །།པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།། །།      བཀྲ་ཤིས།།