༄༅།།ཆོས་སྡེ་ཆེན་པོ་ཨ་མཆོག་མཚན་ཉིད་དགོན་དཔལ་ལྡན་སྨྲ་བའི་སེང་གེ་གླིང་གི་ལོ་རྒྱུས་འཕགས་བོད་བསྟན་འགྲོའི་རེ་སྐོང་ཡིད་བཞིན་དབང་རྒྱལ་ཞེས་བྱ་བ་བཞུགས་སོ།།

སེར་སྐྱེ་ཚང་གིས་བརྩམས།

དང་བོ་མཆོད་པར་བརྗོད་པ་དང་རྒྱ་བོད་དུ་ཐུབ་བསྟན་རིན་པོ་ཆེ་དར་ཚུལ་མདོར་བསྟན་པ།
༄༅། ། དུས་གསུམ་བདེ་གཤེགས་ཀུན་གྱི་ངོ་བོ་ཉིད།། བསླུ་མེད་དམ་ཆོས་མ་ལུས་འབྱུང་བའི་གནས།།
འཕགས་ཚོགས་དགེ་འདུན་བྱེ་བའི་གཙུག་གི་བརྒྱན།། དཀོན་མཆོག་གསུམ་དངོས་བསྟན་པའི་རྒྱལ་མཚན་རྒྱལ།།
རྨད་བྱུང༌སྙིང་རྗེའི་ལྗོན་བཟང་རབ་ཏུ་རྒྱས།། ལུང་རྟོག་ཆོས་ཀྱི་ལོ་འདབ་ཕང་ཕུང་གཡོ།།
མདོ་སྔགས་འབྲས་བཅུད་ཕྱུལ་བུར་རབ་གཏམས་པའི།། འཇམ་དབྱངས་མཁྱེན་རབ་རྒྱ་མཚོར་སྒོ་གསུམ་གུས།།
རྣམ་དཔྱོད་མཐའ་མེད་ལྷ་ལམ་ཡངས་པོའི་ལྟོར།། སྣ་ཚོགས་གཙུག་ལག་ཉི་ཟླའི་གཟུགས་བརྙན་འབུམ།།
མཛད་འཕྲིན་འོད་སྣང་སྲིད་གསུམ་ཁྱབ་མཛད་པ།། བློ་བཟང་ཐུབ་བསྟན་མཁྱེན་རབ་རྒྱ་མཚོར་འདུད།།
བདེན་གཉིས་མཁའ་རུ་རང་རྩལ་བསྒྱུར་བའི་མཁས།། སྡོམ་གསུམ་གཤོག་ཟུང་སྐྱོན་གྱིས་མ་གུས་བཙུན།།
ལོག་རྟོགས་ལྕེ་གཉིས་ཟིལ་གྱིས་གནོན་པའི་བཟང༌།། མཁན་བརྒྱུད་ཁྱུང་ཆེན་དབང་བོ་རྣམས་ལ་འདུད།།
ལྟ་བ་ཀླུ་སྒྲུབ་དགོངས་པའི་མེ་ཏོག་བཞད།། སྒོམ་པ་བསམ་གཏན་འབྲས་བུའི་མངལ་གྱིས་ལྕི།།
སྤྱོད་པ་ཕྱིན་དྲུག་ཁོ་ལག་རབ་རྒྱས་པའི།། བསྟན་པའི་ལྗོན་བཟང་སྨྲ་སེང༌གླིང་འདི་རྒྱལ།།
བདེ་གཤེགས་ཡེ་ཤེས་ལི་ཁྲི་གསལ་བའི་ཁམས།།སྙིང་རྗེ་འཆར་ཁའི་དམར་བ་ལ་ཆགས་པ།།
བློ་གྲོས་མི་ཟད་མཛོད་ལ་དབང་བརྙེས་བ།། བདག་བློ་དགའ་བའི་ཚལ་ན་རྟག་བཞུགས་མཛོད།།
སྤྱི་མཐུན་ལས་ཀྱི་ཆུ་གཏེར་འཕྱུར་བ་ལས།། ཕྱིན་དྲུག་སྤྱོད་པའི་རླབས་ཀྱི་འཁྲུ་ཤིང་གཡོ།།
ཁུ་འཇོའི་རིགས་ཀྱི་པདྨ་ཁ་འབུས་ཀྱང༌།། ཚངས་སྤྱོད་གེ་སར་བཅུད་ཀྱི་གཏེར་རྡོལ་བ།།
ཐུགས་བསྐྱེད་བསོད་ནམས་ཉི་འོད་དང་འགྲོགས་པས།། བསླབ་གསུམ་སྤྲང་རྩིའི་སྙིང་བོ་ཅིར་ཡང་རྒྱས།།
སྡེ་བཞིའི་དཔལ་གྱི་དྲི་ངད་རབ་འཐུལ་པས།། བསྐལ་བཟང་ར་ཡིག་གཉིས་པ་ངང༌གིས་བསྡུ།།
གཟི་བརྗིད་ཉི་མའི་འོད་ཟེར་འབུམ་འཐུང་བའི།།སྐུ་མཆོག་བྱུ་རུའི་མདངས་འཕྲོག་མཐུ་སྟོབས་བདག །
ཡེ་ཤེས་སྤྱན་མཆོག་སྟོང་ལྡན་བསེ་ཁྲབ་ཅན།།གཞུང་འདིའི་འགལ་རྐྱེན་བར་ཆད་རིང་དུ་སོལ།།
སྨྲ་སེང་གླིང་གི་ནོར་འཛིན་བུ་མོའི་གཞིར།། རྨད་བྱུང་རྒྱལ་བསྟན་ཆུ་སྐྱེས་དགའ་ཚལ་མཆོག །
འཁྲུངས་དང་བསྐྱངས་པའི་སྣོད་བཅུད་དགེ་མཚན་རིས།། གཟི་བོར་དྲན་བསྐུལ་ཙམ་ཞིག་མཚོན་ཕྱིར་འགོད། །
ཅེས་བརྗོད་བྱའི་གཞུང་ལུགས་འདི་དང་འབྲེལ་བའི་བླ་མ་མཆོག་གསུམ་ལ་ཤེས་པར་བརྗོད་ཅིང་། ཡིད་གཉིས་ཐེ་ཚོམ་སྤངས་ཏེ་རྩོམ་པར་དམ་བཅས་རིམ་པ་སྔོན་དུ་བཏང་ནས། བརྗོད་པར་སྐབས་སུ་བབས་པ་ནི། ཇི་སྐད་དུ། ལྷར་བཅས་འགྲོ་བའི་ཕན་བདེ་ཀུན་གྱི་གཞི།། ཐུབ་པའི་བསྟན་པ་ཡུན་རིང་གནས་བ་དང་།། བསྟན་འཛིན་སྐྱེ་བུ་ཐམས་ཅད་ཞབས་བརྟན་ཅིང་།། འཇིག་རྟེན་བདེ་ལེགས་ཆེན་པོས་ཁྱབ།། ཅེས་གསུངས་པ་ལྟར། ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་ཀུན་གྱི་གཞི་གཅིག་བུ་ནི་རྣམ་འདྲེན་བུ་རམ་ཤིང་བའི་བསྟན་པ་རིན་པོ་ཆེ་ཡིན་ལ། དེ་ཉིད་མི་ཉམས་གོང་འཕེལ་དུ་འགྲོ་བ་ནི་དགེ་འདུན་གྱི་སྡེ་བཙུགས་དེ། དེ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་སྐྱེས་བུ་དམ་པ་ལ་རག་ལས་ཕྱིར་རྗེ་བློ་བཟང་གྲགས་པའི་འཕྲིན་ལས་ལས་བྱུང་བ་དཔལ་མཉམ་མེད་རི་བོ་དགའ་ལྡན་པའི་བསྟན་པ་དབྱར་གྱི་ཆུ་གཏེར་བཞིན་གངས་རིའི་ལྗོངས་སུ་དགེ་འདུན་གྱི་སྡེ་བགྲང་གིས་མི་ལོངས་པ་ནོར་འཛིན་དཔལ་མོའི་སྐྱེ་འགྲོ་ཡོངས་ཀྱི་བསུལ་གྲིབ་ཏུ་རྣམ་པར་དགེ་བའི་རྒྱུ་རུ་བཙུགས། འདིར་ཡང་ངེས་དོན་ཆོས་ཀྱི་དབང་བོ་རྗེ་བཙུན་དཀོན་མཆོག་བསྟན་པའི་སྒྲོན་མེ་དཔལ་བཟང་བོའི་ཐུགས་བསྐྱེད་དང་མ་ཧཱ་པཎྜི་ཏ་ཨ་མཆོག་དཀོན་མཆོག་བསྟན་པའི་རྒྱལ་མཚན་གྱིས་འཕྲིན་ལས་ལས་འཁྲུངས་པའི་ཞྭ་སེར་ཅོད་པན་འཆང་བའི་རིང་ལུགས་ཆོས་ཐམས་ཅད་ཀྱི་རྩ་བ་མདོ་སྔགས་ཟུང་འབྲེལ་གྱི་འབྱུང་གནས་ཨ་མཆོག་མཚན་ཉིད་དགོན་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་གི་གདན་རབས་དཀར་ཆགས་ཙམ་བསྙད་པར་བྱ་བ་ལ། དེ་ཡང་སྒྲོན་མེས་བསྐལ་བ་འདི་ལ་བྱོན་པའི་འདྲེན་མཆོག་སྟོབས་བཅུ་མངའ་བ་རྣམ་འདྲེན་རྒྱལ་བ་སྟོང་གི་དབུས་ན་པད་དཀར་ལྟར་བསྔགས་པའི་བསྐལ་བཟང་རྣམ་འདྲེན་བཞི་བ་མཉམ་མེད་བུ་རམ་ཤིང་བ་དེ་ཉིདཀྱི་སྔོན་བྲམ་ཟེ་རྒྱ་མཚོའི་རྡུལ་གྱི་སྐྱེ་བ་བཞེས་དེ་སངས་རྒྱས་རིན་ཆེན་སྙིང་བོའི་སྤྱན་སྔར་བསྐལ་བ་བཟང་བོའི་སངས་རྒྱས་སྟོང་གིས་རང་རང་གི་གདུལ་ཞིང་བདག་གིར་བཞེས་དེ་སེམས་བསྐྱེད་སྐབས། རྩོད་ལྡན་ཚེ་ལོ་བརྒྱ་བའི་སེམས་ཅན་རྣམས་སངས་རྒྱས་དགུ་བརྒྱ་དགུ་བཅུ་རྩ་དགུས་བདག་གིར་བཞེས་མ་ཕོད་པའི་ཚེ། སྟོན་པ་བཅོམ་ལྡན་འདས་ཀྱིས་རྩོད་ལྡན་ཚེ་ལོ་བརྒྱ་བའི་སེམས་ཅན་འདི་དག་སྙིང་རེ་རྗེ། བདག་འགའ་ཞིག་གིས་འདུལ་བར་བྱའོ་ཞེས་སེམས་བསྐྱེད་པའི། རྒྱལ་བ་སྲས་དང་བཅས་བའི་ཁྱོད་ནི་སྙིང་སྟོབས་ཕུལ་དུ་བྱུང་བ་པད་མ་དམར་བོའི་ཚལ་ན་པད་མ་དཀར་བོ་ལྟ་བུའོ་ཞེས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར། དེ་ནི་རྗེ་བློ་བཟང་གྲགས་པས། སྙིགས་མ་ལྔ་ཡིས་ཧ་ཅང་སྦགས་པ་ཡི། །ཞིང་འདི་གཞན་གྱིས་སྤངས་དུས་མགོན་ཁྱོད་ཀྱིས།། ཡོངས་སུ་བཟུང་སྟེ་རྒྱལ་བ་སྲས་བཅས་ཀྱི།། པད་དཀར་ལྟ་བུར་བསྔགས་པའི་དགོས་པའང་ཅི། །གཞན་ཡང་ཇི་སྐད་དུ། སྔོན་ཚེ་རྒྱལ་བ་རྣམས་ཀྱིས་མ་བསྒྲལ་བའི།། སྐྱེ་བོའི་ཚོགས་རྣམས་བདག་གིས་བསྒྲལ་བར་བགྱི།། ཞེས་པ་ལྟར་སྙིང་སྟོབས་ཀྱི་གོ་ཆ་བཙན་པོ་བཞེས་ཏེ་སེམས་བསྐྱེད། དེ་ནས་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་ལེགས་པར་བསགས་ནས་འོག་མིན་སྟུག་པོ་བཀོད་པར་འབྲས་བུ་མངོན་པར་རྫོགས་པར་སངས་རྒྱས་ཟིན་ན་ཡང་། དག་དང་མ་དག་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་སྤྲུལ་པའི་བཀོད་པ་སྒྱུ་མ་ལྟ་བུར་སྟོན་པར་མཛད་པ་ལས། མི་མཇེད་འཇིག་རྟེན་གྱི་ཁམས་འདིར་མང་བཀུར་རྒྱལ་བོའི་གདུང་རྒྱུད་འཇིག་རྟེན་སྐྱོང་བའི་རྒྱལ་བོ་ས་ཡ་ཆིག་འབུམ་ཉི་ཁྲི་ཆིག་སྟོང་ལྔ་བརྒྱ་བཅུ་བཞིའི་བར་མ་ཆད་པར་བྱོན་པའི་ཐ་མ་གྲོང་ཁྱེར་ཆེན་པོ་སེར་སྐྱའི་རྒྱལ་བོ་ཟས་གཙང་དང་ཡུམ་སྒྱུ་འཕྲུལ་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་བལྟམས། རྒྱལ་སྲིད་དོར་ནས་རྡོ་རྗེ་གདན་གྱི་སྤོ་ལ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བསྟན་ཏེ་སྐྱེ་དགུའི་འགྲོ་བ་ཐམས་ཅད་བླ་ན་མ་མཆིས་པའི་མགོན་དང་ལྡན་པར་གྱུར་ཏོ།། དེ་ནས་དམ་པའི་ཆོས་ལ་དཀོན་པ་དང་དོན་ཆེ་བ་སོགས་ཀྱི་འདུ་ཤེས་བསྐྱེད་པའི་ཕྱིར། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས།། བདུད་རྩི་ལྟ་བུའི་ཆོས་ཞིག་ཁོ་བོས་རྙེད།། སུ་ལ་བསྟན་ཀྱང་གོ་བར་མི་ནུས་བའི།། མི་སྨྲ་ནགས་ཀྱི་ཚལ་ཏུ་གནས་པར་བྱ།། ཞེས་གསུངས་ནས་ཞག་བདུན་ཕྲག་བདུན་གྱི་བར་དུ་ཆོས་མ་གསུངས་བར་བཞུགས་པ་ན། ལྷ་ཆེན་ཚངས་བ་དང་བརྒྱ་བྱིན་སོགས་ཀྱིས་གསེར་གྱི་འཁོར་ལོ་དང་ཆོས་དུང་དཀར་བོ་གཡས་སུ་འཁྱིལ་བ་སོགས་ཕུལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་པ་ན། ཡུལ་ཝ་ར་ཎ་སུའི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་ལྔ་སྡེ་བཟང་པོ་ལ་སོགས་པ་ལྷ་མིའི་གདུལ་བྱ་མང་བོ་ལ་བཀའ་དང་བོ་བདེན་བཞིའི་ཆོས་འཁོར་དང༌། བྱ་རྒོད་ཕུང་པོའི་རི་ནས་འཁོར་ཐེག་ཆེན་རིགས་ཅན་དབང་རྣོན་དག་ལ་བཀའ་བར་མ་མཚན་ཉིད་མེད་པའི་ཆོས་འཁོར་དང༌། ཡངས་པ་ཅན་ལ་སོགས་གནས་ངེས་མེད་དུ་འཁོར་ཐེག་པ་ཆེ་ཆུང་གི་རིགས་ཅན་མང་བོ་ལ་བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་དང༌། ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་སོགས་གནས་སྣ་ཚོགས་སུ་འཁོར་རྒྱལ་སྲས་ཕྱག་ན་རྡོ་རྗེ་སོགས་ལ་རྒྱུད་སྡེ་རབ་འབྱམས་རྒྱ་མཚོའི་ཆོས་ཀྱི་འཁོར་ལོ་བསྐོར་བས་ལུས་ཅན་མཐའ་དག་ཕན་བདེའི་སྣང་བ་ཆེན་པོས་སྐྱོང་བར་མཛད་དོ།། དེ་ནས་སྟོན་པ་ཐུགས་རྗེ་ཅན་གྱིས་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར་སྐུ་མྱ་ངན་ལས་འདས་བའི་ཚུལ་བསྟན་ཏོ།། དེའི་འོག་དུ་རྒྱལ་བོ་མཐོང་ལྡན་གྱིས་སྦྱིན་བདག་བྱས་ཏེ་འོད་སྲུང་ཆེན་པོས་མངོན་པ་དང༌། ཀུན་དགའ་བོས་མདོ་སྡེ། ཉེ་བར་འཁོར་གྱིས་འདུལ་བའི་སྡེ་སྣོད་བསྡུས་ཏེ་བཀའ་བསྡུ་དང་བོ་མཛད། བསྟན་པའི་གཏད་རབས་ཆེན་པོ་བདུན་གྱིས་ཡུན་རིང་དུ་བསྐྱངས། སྟོན་པ་འདས་ནས་ལོ་བརྒྱ་དང་བཅུ་ཙམ་ན་རྒྱལ་བོ་མྱ་ངན་མེད་ཀྱིས་སྦྱིན་བདག་བྱས་ཏེ་དགྲ་བཅོམ་གྲགས་པས་བཀའ་བསྡུ་གཉིས་པ་མཛད། སྟོན་པ་འདས་ནས་ལོ་སུམ་བརྒྱ་ཙམ་ན་ཉན་ཐོས་སྡེ་བ་བཅོ་བརྒྱད་དུ་གྱེས་ཏེ་ཕན་ཚུན་རྩོད་པ་ལས་རྒྱལ་བོ་ཀ་ཎིཥྐས་སྦྱིན་བདག་བྱས་ཏེ་ཁ་ཆེའི་ཡུལ་དུ་དགྲ་བཅོམ་པ་དང་བྱང་སེམས་ལྔ་བརྒྱ་རེ་རེ། སོ་སྐྱེའི་པཎྜི་ཏ་ཁྲི་དང་དྲུག་སྟོང་འདུས་ཏེ་བཀའ་བསྡུ་གསུམ་པ་མཛད། བྱམས་འཇམ་དབྱངས་སོགས་ཀྱིས་ཐེག་ཆེན་གྱི་མདོ་དཔལ་ཕྱག་ན་རྡོ་རྗེ་ལ་སོགས་པས་རྡོ་རྗེ་ཐེག་པ་བཀའ་བསྡུ་མཛད་པས་རྒྱལ་བསྟན་རིན་པོ་ཆེ་འདི་དར་ཞིང་རྒྱས་ལ་ཡུན་རིང༌དུ་གནས་པར་མཛད། དེ་ནས་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་སོགས་དང༌། ཟུང་འཇུག་མངོན་གྱུར་གྲུབ་ཆེན་བརྒྱད་ཅུ་སོགས་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་བར་མ་ཆད་པར་བྱོན་ནས་བཤད་སྒྲུབ་ཟུང་འབྲེལ་གྱི་བྱ་བས་རྒྱལ་བསྟན་རིན་པོ་ཆེ་འཕགས་ཡུལ་འཛིན་མའི་ཁྱོན་ལ་རྫོགས་ལྡན་གྱི་དཔལ་དང་མཉམ་པར་བྱས་སོ།། ཐུབ་པ་མཆོག་དང་རྒྱལ་ཚབ་མངའ་གསོལ་བའི།། རྒྱལ་བསྟན་ཡོངས་ཀྱི་བདག་པོ་གཏད་རབས་བདུན།། རིམ་པ་བྱོན་ནས་བཀའ་བསྡུ་མཛད་པ་སོགས།། མཛད་རྗེས་རྣམ་དག་གླིང་བཞིའི་རྒྱན་དུ་ངོམས།། བལ་ཡུལ་ནས་སངས་རྒྱས་འོད་སྲུང་གི་བསྟན་པའི་མཇུག་ཏུ་བྱ་རྫི་མ་བདེ་མཆོག་མ་བུ་རྣམས་ཀྱིས་མཆོད་རྟེན་བྱ་རུང་ཁ་ཤོར་བཞེངས་ཏེ་མ་འོངས་པར་གངས་ལྗོངས་བོད་ཀྱི་ཡུལ་དུ་ཆོས་འཆད་པ་དང་འཛིན་པ་སྤེལ་བ་སོགས་ལ་སྨོན་ལམ་བཏབ་ཅིང་རྒྱུ་ཚེགས་ཀུན་གྱིས་བསྟན་པ་ལ་སྲི་ཞུ་བླ་མེད་མཛད་ནས་ཕྱིས་སོར་མཁན་སློབ་ཆོས་གསུམ་གྱི་རྣམ་པར་རོལ་ཏེ་བོད་ཀྱི་ཡུལ་དུ་དམ་པའི་ཆོས་ཀྱི་སྒྲོན་མེ་སྦར་ནས་ཞིང་འདིའི་འགྲོ་བ་རྣམས་རྗེས་སུ་འཛིན་པའི་སླད་དུ་ཐུགས་བསྐྱེད་དང་སྨོན་ལམ་རྣམ་པར་དག་པ་མཛད་པ་སོགས་གཞན་དུ་གསལ་བ་ལྟར་རོ།། དེ་ཡང་ཁ་བ་རི་བའི་ལྗོངས་འདིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཚུལ་ལ། ཐོག་མར་སྣོད་བཅུད་ཀྱི་བྱུང་བ་མདོ་ཙམ་བརྗོད་པ་ནི། དེ་ཡང་རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཕྱོགས་འཕགས་མཆོག་མིག་མི་འཛུམ་གྱི་གདུལ་ཞིང་གངས་ ལྗོངས་བོད་ཀྱི་ཁམས་འདི་ཉིད་ནི། ཐོག་མར་ཆུའི་གང་ནས་ཡོད་ཀྱང་རིམ་གྱིས་བྲི་སྟེ་འདབས་ཀྱི་རི་ཀླུང་ཀུན་ལ་རྩི་ཤིང་ནགས་ཚལ་མང་བོ་འཁྲུངས་བར་སྤྲེའུ་དང་བྲག་སྲིན་གྱི་གང་བར་གྱུར། ནམ་ཞིག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་སྤྲེའུ་བྱང་ཆུབ་སེམས་དཔའི་སྒྱུ་མའི་གར་དུ་མཛད་པ། དེ་དང་རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་བྲག་སྲིན་མོ་གཉིས་འདུས་པ་ལས། བོད་མིའུ་གདུང་དྲུག་སོགས་མིའི་འགྲོ་བ་ཆགས། དེ་ནས་དུས་ཡུན་རིང་ཞིག་འདས་བ་ན་མང་བཀུར་རྒྱལ་བོའི་རྒྱུད་ལས་བྱུང་བ་རྒྱལ་བོ་གཉའ་ཁྲི་བཙན་པོ་བོད་ཀྱི་རྒྱལ་བོ་ཐོག་མར་བཀུར། དེ་ནས་རྒྱལ་རབས་ཉེར་བདུན་ཐོ་རི་གཉན་བཙན་བྱུང་ཞིང་དམ་པའི་ཆོས་ཀྱི་དབུ་བརྙེས། རྒྱལ་རབས་སོ་གཉིས་པ་ཆོས་རྒྱལ་སྲོང་བཙན་སྒམ་པོས་དམ་པའི་ཆོས་ཀྱི་སྲོལ་བཏོད། རྒྱལ་རབས་སོ་བདུན་པ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་དམ་པའི་ཆོས་ཕྱོགས་སོ་སོར་དར་རྒྱས་སྤེལ་ཅིང་སངས་རྒྱས་ཀྱི་བསྟན་དཀར་འཇམ་ཡུག་གཅིག་ཏུ་དར་བ་མཛད། དེ་ནས་གླང་དར་གྱིས་རྒྱལ་སྲིད་བཟུང་སྟེ་དགེ་འདུན་གྱི་སྡེ་དང༌བཅས་པའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་བསྣུབས་ནས་རེ་ཞིག་གངས་ལྗོངས་འདི་ཉིད་སྨག་མུན་གླིང་དུ་གྱུར། དེའི་ཚེ་དམར་གཡོ་གཙང་གསུམ་མདོ་སྨད་དུ་བྱོན་དེ་བླ་ཆེན་དགོངས་པ་རབ་གསལ་བསྙེན་པར་རྫོགས། དབུས་གཙང་གི་གླུ་མེས་སོགས་མི་བཅུ་དྲུག་ཡང་རབ་ཏུ་བྱུང་བའི་བསྟན་པ་ཕྱི་དར་གྱི་རྨང་གཞི་མདོ་སྨད་ནས་གསོ་བ་བྱས། རྗེས་སོར་ལྷ་བླ་མ་ཡེ་ཤེས་འོད་ཀྱི་ལུས་སྲོག་ལོངས་སྤྱོད་ཀུན་ལ་མ་བལྟས་པ་བསྟན་པ་རིན་པོ་ཆེའི་ཕྱིར་དུ་འཕགས་ཡུལ་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་ལྷ་གཅིག་དྭི་བམ་ཀ་ར་ཛྷ་ན་སྤྱན་དྲངས། རྒྱལ་བའི་བསྟན་པ་ལ་མ་རྟོགས་ལོག་རྟོག་གི་དྲི་མ་རིང་དུ་བསལ་ཏེ་མདོ་སྔགས་ཀྱི་བསྟན་པ་ཐམས་ཅད་འགལ་བ་མེད་པ་གང་ཟག་གཅིག་འཚང་རྒྱ་བའི་ཐབས་སུ་འཁྱེར་ཤེས་པའི་སྒོ་ནས་བཤད་སྒྲུབ་ཟུང་འཇུག་གི་ཤིང་རྟ་ཆེན་པོའི་ལམ་སྲོལ་ཡངས་པོར་ཕྱེས་སོ།། ཞྭ་སེར་ཅོད་པན་འཆང་བའི་རིང་ལུགས་འདི་ཡང་རྩོད་མེད་ཚད་མར་གྱུར་བ་རྣམས་ཀྱིས་མགྲིན་གཅིག་ཏུ་བསྔགས་པ་ཁམས་གསུམ་ཆོས་ཀྱི་རྒྱལ་བོ་མཉམ་མེད་ཙོང་ཁ་བ་ཆེན་པོ་བློ་བཟང་གྲགས་པའི་དཔལ་གྱིས་བསྟན་པའི་ལུས་ཡོངས་སུ་རྫོགས་པ་དང་ཁྱད་པར་དུ་མདོ་སྔགས་གཉིས་ཡ་མ་བྲལ་བའི་གནད་དམ་པ་སྔོན་བྱོན་བོད་ཀྱི་མཁས་པ་སུས་ཀྱང་སྤྱོད་ཡུལ་དུ་མ་གྱུར་བ་རྣམས་ཁོང་གིས་འཆད་རྩོད་རྩོམ་གསུམ་གྱིས་གསལ་བར་བཀྲལ་ཏེ་འཁྲུལ་བྲལ་ལམ་སྲོལ་གྱི་སྤྱོད་པ་བཟང་བོའི་དཀར་འཇམ་ཡུག་གཅིག་གིས་དབྱིག་འཛིན་གྱི་ཁྱོན་མ་ལུས་པར་ཁྱབ་པར་མཛད་དོ།། དེ་ལྟར་རྗེ་བདག་ཉིད་ཆེན་པོའི་ཐུགས་བསྐྱེད་དང་སྨོན་ལམ་གྱི་མཐུ་གྲུབ་པའི་དབང་གིས་སྙིགས་མའི་དུས་འདིར་རྒྱལ་བའི་བཞེད་སྲོལ་རྣམ་པར་དག་པའི་བསྟན་པ་ལ་གསེར་སྦྱངས་བཙོ་མའི་བྱི་དོར་བྱས་པ་ལྟ་བུ་འདི་ཉིད་ཡུལ་མི་སྤྱི་མཐུན་གྱི་རྣམ་དཀར་ཚོགས་གཉིས་ཀྱི་ཞིང་ས་དམ་པར་གྱུར་བ་འདི་ནི་འབྲོག་རི་བོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་བཏབ་མཛད་པ་ལ་བརྟེན་ནས་དགེ་ལུགས་པ་ཞེས་གྲགས་སྙན་འཆི་མེད་གཡས་འཁྱིལ་དུང༌གི་སྒྲ་དབྱངས་འོག་མིན་གྱི་བར་དུ་ཁྱབ་པ་འདི་ཉིད་བྱུང་ངོ༌། །དེཡང་མདོ་སྡེ་གདམས་ངག་འབོག་པའི་རྒྱལ་བོ་ལས། མ་འོངས་དུས་ཀྱི་སྙིགས་མ་ལ།། འབྲི་ངད་ལྡན་གྱི་ས་འཚམས་སུ།། དགེ་ཞེས་བྱ་བའི་དགོན་པ་འདེབས།། བློ་བཟང་རྒྱལ་བའི་མཚན་ཅན་འབྱུང༌། །ཞེས་དང་བཀའ་གདམས་གླེགས་བམ་ལས། ཐ་མར་བསྟན་པའི་མེ་རོ་དག། གྲགས་པའི་མཚན་གྱིས་གསོ་བར་བྱེད།། དུ་མའི་ཕན་བདེ་སྒྲུབ་པར་བྱེད།། དེ་ཡང་གནས་མཆོག་དམ་པ་ཡིན།། ཞེས་དང༌། སློབ་དཔོན་པདྨས། དགའ་ལྡན་ཞེས་བྱའི་དགོན་གནས་དམ་པ་རུ།། མཁས་པའི་མཆོག་གྱུར་མདོ་རྒྱུད་དོན་ལ་མཁས།། རྡོ་རྗེ་འཆང་སྤྲུལ་གསང་སྔགས་བཀའ་སྒོ་འབྱེད།། འགྲོ་བའི་དེད་དཔོན་ལམ་སྟོན་ས་མཁན་ནི།། བློ་དང་བཟང་གི་མཚན་ཅན་སྐྱེས་བུ་འབྱུང༌།། ཞེས་སོགས་རྒྱལ་དང་རྒྱལ་སྲས་མང་བོའི་ལུང་གིས་གསལ་བར་བཟུང་བ་བཞིན་ནོ།། སྨྲས་པ། རྣམ་དག་ཐུགས་བསྐྱེད་ཟབ་མོའི་སྐྱ་རེངས་ཀྱིས།། མདུན་བསུས་འཇམ་མགོན་ཉིན་བྱེད་དབང་བོ་མཆོག། གངས་ལྗོངས་བསོད་ནམས་མཁའ་ལ་ཤར་བ་ཡིས།། མདོ་སྔགས་བསྟན་པའི་པད་ཚལ་ཕྱོགས་ཀུན་བཞད།། ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

གཉིས་པ་ཨ་མཆོག་གི་མཚན་ཐོག་ཚུལ་དང་རིགས་རྒྱུད་ཀྱི་བྱུང་བ་མདོ་རྒྱུད་དུ་མར་ལུང་གིས་ཟིན་ཚུལ།

དེ་ཡང་གངས་ལྗོངས་བོད་ཀྱི་ཞིང་ཁམས་ལས་མདོ་སྨད་རྔ་ཡུལ་གྱི་ཉེ་འདབས་ལེགས་ཚོགས་ས་དཔྱད་འབུམ་གྱི་བརྒྱན་པའི་གནས་མཆོག་དགེ་མཚན་རྨད་བྱུང་གི་འབྲས་བུ་མ་ཚང་བ་མེད་པ་རྒྱབ་རི་དམར་གཡག་སྟག་གི་དབྱིབས་ལ་རི་རྒྱུད་གཡུ་རྩེར་སླེབས་པ་དང༌མདུན་རི་ཤེད་ཆེན་འབྲོང་གི་གཟུགས་དབྱིབས་སོགས་རྒྱབ་མདུན་གྱི་རི་གཉིས་སྟག་འབྲོང་གིས་ལ་རྒྱ་རྩོད་པའི་ཉམས་འགྱུར་ཅན་རྩོད་གྲྭ་འཕེལ་བའི་རྟག་རྟེན་དངོས་སུ་ཐོན་པ། གཞན་ཡང་ཕྱོགས་དང་ཕྱོགས་འཚམས་ཀུན་ཏུ་རྩི་ཤིང་ལོ་འབྲས་ཚོགས་ཀྱིས་དུད་ཀྱང་ས་བཅུད་བླ་ན་མེད་པ་རྭ་ཁོག་དང་ལྡིང་ཁོག་ཞེས་གནས་རིའི་བཀོད་པ་རྣམ་པར་མཛེས་པ་ཡིན་ལ། དག་སྣང་ལ་ནི་ཡེ་ཤེས་ཀྱི་གཞལ་ཡས་ཁང་ངོ་མཚར་བརྗོད་པ་དང་བྲལ་བའོ།། དེ་ཡང་རྭ་ལྡིང་གཉིས་ཀྱི་ས་མཚམས་ཨ་མཆོག་མཚན་ཉིད་དགོན་དཔལ་ལྡན་སྨྲ་བའི་སེངྒེ་གླིང་ཞེས་བསྟན་པའི་ཞིང་མཆོག་བླ་ན་མ་མཆིས་པ་འདི་ཕྱིའི་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་རིག་གྲོལ་གཉིས་ལྡན་གྱིས་འཕགས་ཚོགས་བསམ་གྱིས་མི་ཁྱབ་པའི་བསྟི་གནས་སྐལ་ལྡན་གདུལ་བྱ་ཡོངས་ཀྱི་བསོད་ནམས་ཀྱི་དཔལ་ལས་འཁྲུངས་པ་མདོ་སྔགས་ཀྱི་ཆོས་ཚུལ་དྲི་མ་། མེད་པ་གནས་པ་འདི་ལགས་སོ།། དེ་ཡང་གདན་ས་དེ་ཉིད་ཀྱི་མ་དགོན་དཀར་ཆེན་བྱམས་པ་གླིང་ཞེས་བྱ་བ་ཡིན་ལ། དེ་ཡང་ཐོག་མར་ཡུལ་གཞིའི་བདག་པོ་ཨ་མཆོག་གི་མིང་བྱུང་ཚུལ་མདོ་ཙམ་འབྲི་བ་ལ། ཐོག་མར་ཨ་མཆོག་གི་རིགས་ནི་འཁོན་ལས་བྱུང་ཞིང་དེ་ཡང་ལྷ་ལས་བྱུང་བ་ཡིན་ནོ།། དེ་ན་རིགས་མཆོག་གསུམ་གྱི་མཚན་ལྡན་ཨ་མཆོག་གི་བྱུང་རབས་དང༌བོ་ལ་སྟོད་མངའ་རིས་ཀྱི་ས་ཆར། གནམ་ལྷ་མཆེད་གསུམ་ལྷ་ལས་བབས། ཆེ་བ་སྤྱི་རིངས་བར་བ་གཡུ་རིངས། ཆུང་བ་གཡུ་བསེས་མི་རྗེ་མཛད། དེ་ལ་སྲས་བཞི་བྱུང་བའི་དེ་དག་གི་ལྡོང་རུས་ཆེན་པོ་བཅོ་བརྒྱད་ལ་བླང་པའི་གཡུ་རིངས་ཀྱིས་གྲོགས་བྱས་ནས་ལྡོང་རུས་ཆེན་པོ་བཅོ་བརྒྱད་མངའ་འོག་ཏུ་བསྡུས། འབྲིང་བ་གཡུ་རིངས་ཀྱིས་སླུའི་བུ་མོ་སླུ་བཟའ་ལྡེམ་བུ་ཁབ་ཏུ་བཞེས་ཏེ་སྲས་བདུན་བྱོན་པ་མ་སངས་སྤུན་བདུན་ཟེར། སྲས་ཆུང་བ་མ་སངས་སྤྱི་རྗེས་ཐོག་ལྕམ་འུར་མོ་ཁབ་ཏུ་བཞེས་པའི་སྲས་ཐོག་ཚ་དཔའ་བོ་སྟག་བྱུང་ཞིང་དེས་ཀླུ་ལྕམ་བྲ་མ་ཁབ་ཏུ་བཞེས་པའི་སྲས་ཀླུ་ཚ་རྟ་ལོ་བྱུང་དེས་མཚོ་མོ་རྒྱལ་བླངས་པ་ལ། གཉན་རྩེ་ཐང་གི་གཡོན་ཞོལ་གཡའ་དང་སྤང་གི་ས་འཚམས་ནས་སྲས་གཅིག་འཁྲུངས་བའི་མིང་ཡང་གཡའ་སྤང་སྐྱེས་ཞེས་བཏགས། དེའི་སྐབས་སུ་སྲིན་པོ་སྐྱ་རིང་ཁྲག་མིག་ཅེས་བྱ་བར་བཙུན་མོ་གཡའ་འབྲུམ་སི་ལེ་མ་ཟེར་བ་ཞིག་ཡོད་པ་གཡའ་སྤང་སྐྱེས་ཀྱིས་འཕྲོག་ཏེ་སྲིན་པོ་བསད། དེ་ལྟར་ལྷ་སྲིན་འཁོན་བར་ཏུ་སྲས་གཅིག་བྱུང་བ་གཡའ་ཕྲུག་འཁོན་པར་སྐྱེས་ཞེས་བཏགས་སྟེ་འཁོན་རིགས་ཀྱི་གདུང་རྒྱུད་དུ་མཚན་ཆགས། དེས་བཙན་བཟའ་ལྕམ་བུ་སྒྲོན་ཁབ་དུ་བཞེས་པ་ལ་སྲས་དཀོན་པ་རྗེ་གུང་སྟག་བཙན་འཁྲུངས་འདི་ཡན་བོན་ལུགས་རྗེས་འབྲངས་ཡིན་ནམ་སྙམ། གུང་སྟག་བཙན་གྱིས་སྤྱི་ལོ་༧༡༧ ཡས་མས་སུ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་ནང་བློན་མཆོག་གི་གོ་སར་མངའ་གསོལ་མཛད། སྐུ་གསུང་ཐུགས་ཀྱི་ནང་བློན་རྣམས་ཨོཾ་ཨཱ་ཧཱུྃ་གསུམ་གྱི་ཐམ་ཀ་གནང་རྒྱུ་ཡོད་པས་དེ་ཡང་ཁོང་ལ་གསུང་ཨ་ཡིག་གི་ཐམ་ཀ་གནང་སྟེ་ནང་བློན་མཆོག་ཡིན་སྟབས་ཨ་མཆོག་ཞེས་གོ་མིང་ངམ་མཚན་རྒྱུད་ཐོག་མ་དེ་ལས་བྱུང༌། འདིས་རུངས་ཁམས་པ་ལོ་ཙཱ་བའི་ལྕམ་མོ་བླངས་ཤིང༌། བསོད་ནམས་སྟོབས་འབྱོར་ཆེ་བ་བྱུང་བའི་བསོད་ནམས་དཔལ་པོ་ཆེ་ཞེས་ཡང་འབོད་པར་བྱེད། དེ་ལ་སྲས་གཉིས་བྱུང་ཟེར། ( འདི་ལ་མི་མཐུན་པ་མང་ཡང་འདིར་ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་ཆོས་འབྱུང་པད་དཀར་ཕྲེང་མཛེས་དང་ཨ་མེས་ཞབས་ཀྱིས་མཛད་པའི་གདུང་རབས་ངོ་མཚར་བང་མཛོད། ཀུན་དགའ་བློ་གྲོས་ཀྱིས་མཛད་པའི་གདུང་རབས་རིན་ཆེན་འཛད་མེད་སྲིད་ཞིའི་ཡོན་ཏན་ལྷུན་འགྲུབ། དྲག་ཤུལ་འཕྲིན་ལས་ལྷུན་འགྲུབ་ཀྱིས་མཛད་པའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ། ཀུན་དགའ་བློ་གྲོས་ཀྱིས་མཛད་པའི་ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང༌། ཐུབ་བསྟན་ཕུན་ཚོགས་ཀྱིས་མཛད་པའི་བོད་ཀྱི་ལོ་རྒྱུས་པདྨ་ར་གའི་སྡེ་མིག་སོགས་མང་དག་དང་མཐུན་པ་ལྟར་) སྲས་ཆེ་བ་ཀླུ་དབང་སྲུང་ཞེས་པ་སད་མི་བདུན་གྱི་ནང་དུ་ན་ག་ཨིནྡྲ་རཀྵི་ཏི་ཞེས་པ་དེ་ཡིན། ཆུང་བ་རྡོ་རྗེ་རིན་ཆེན་ཡིན་ལ་དེ་དུས་གསང་སྔགས་རྙིང་མའི་སྲོལ་རྒྱུན་འདི་ནས་བོད་དུ་དར་ཚུགས་བྱུང་བ་ཡིག་ཚང་མཁས་པ་དགའ་བྱེད་སོགས་སུ་གསུངས་སོ། །རྡོ་རྗེ་རིན་ཆེན་གྱིས་འབྲོ་དགྲ་འདུལ་གྱི་སྲས་མོ་འབྲོ་གཡང་ལེན་སྐྱིད་བླང་བ་སྲས་བདུན་བྱོན་པའི་འབྲོ་རྩ་སྤུན་བདུན་དུ་གྲགས། སྤྱི་ལོ་༨༢༠ ཡས་མས་སུ་གཉན་རྩེ་ཐང་དུ་ལྟད་མོ་ཉིན་གསུམ་མཛད་པས་རྟ་རྒྱུགས་འགྲན་སྡུར་བྱས་ཏེ་འབྲོ་རྩ་སྤུན་བདུན་དང་ཞང་བོ་བོད་ཀྱི་གྱད་ཀྱི་རྒྱུད་པ་ཡིན་པའི་ནང་འཁྲུགས་བྱུང་བའི་འབྲོ་རྩ་སྤུན་གྱི་ཆེ་བ་མང་ཡུལ་དེ་འོག་གོང་ཐང་། དེ་འོག་མདོ་སྨད། (གདན་རབས་སོ་སོར་མི་འདྲ་བས་ལོ་རྒྱུས་སྨྲ་བ་མང་དག་ཅིག་གི་ཞལ་གསུངས་ལྟར་དང་འདི་ཕྱོགས་རྒན་བགྲེས་རྣམས་ཀྱི་ཞལ་རྒྱུན་ལྟར་ན་མདོ་སྨད་དུ་བྱོན་པའི་བསོད་ནམས་ནོར་བུ་ཡིན་པ་འདྲ་) དེ་འོག་གཉལ་ལོ་རོ། དེ་འོག་ཉང་ཤབ། དེ་འོག་ གྲོམ་པ་གཡའ་ལུང༌། ཆུང་བ་རྩེ་ཐང་ཡབ་གཞས་སུ་བཞུགས། གང་ལྟར་དེའི་རྒྱུད་ལས་གྱེས་པའི་བསོད་ནམས་ནོར་བུ་འཁོར་མི་ཁྱིམ་མི་ཉུང་བ་དང་བཅས་ཏེ་( གཙང་རྩེ་བ་བསོད་ནམས་ནོར་བུའི་གདུང་རྒྱུད་ཅེས་ཨ་མཆོག་གི་གདན་རབས་ན་གསལ་བ་ལྟར་གཙང་ཞེས་པའི་གནས་ཀྱི་སྤྱི་མིང་དང་རྩེ་བ་ཞེས་བདག་སྒྲ་སྦྱར་ཏེ་གཉན་རྩེ་ཐང་གི་བསྡུས་མིང་དང་བསོད་ནམས་ནོར་བུ་ནི་བཏག་མིང་ཡིན་པའི་དབང་གི་ལོ་རྒྱུས་དེབ་ཐེར་སོགས་སུ་གཙང་རྩེ་བ་བསོད་ནམས་ནོར་བུ་ཞེས་འཁོད་ཡོད) མདོ་སྨད་ཕྱོགས་སུ་ཕེབས་སྟེ་གནས་གང་བཟང་བརྟགས་ཏེ་ཡོང་བའི་ད་ལྟའི་ཨ་མཆོག་མཚན་ཉིད་དགོན་གྱི་གནས་སུ་སླེབས་འཕྲལ། ས་རྒྱ་ཆེ་ལ་དྲོ་གྲང་འཚམས་པ་དང༌། སའི་དགེ་བཅུ་ཚང་བ། ཚ་བ་རོང་དང་འདབ་འབྲེལ་བ་རོང་འབྲོག་གང་བྱས་ཀྱང་སྟབས་བདེ་བ། སའི་དཔྱད་ཀྱི་མཛེས་ཆོས་ལེགས་པར་ཐོན་དེར། བོན་གྱི་སྐུ་གསུང་ཐུགས་རྟེན་མང་བོ་ནང་བཞུགས་ཀྱི་ཕོ་བྲང་དམར་བོ་བཞི་ཐོག་ཞིག་བཞེངས་ཏེ། རེ་ཞིག་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སྤྱོད་པའི་ས་རྭ་ལྡིང་གཉིས་དང་དཀའ་གཅའ་གཉིས་ཏེ་ལུང་ཆེན་བཞི་ལ་རི་བ་དང༌གྲོང་བ་གཉིས་གཉིས་བཟུང་ནས་བསྡད་པའི་གནས་ཚང་བརྒྱད་པོ་རིམ་བཞིན་ཇེ་ཆེར་སོང་སྟེ་ཨ་མཆོག་ཚོ་བརྒྱད་དུ་གྲགས། དེ་ནས་ཡུན་རིང་གནས་པར་དཔོན་དང་རིགས་རུས་གཅིག་པའི་ཨ་མཆོག་ནག་སྐེད་ཚང་། ཨ་མཆོག་ཤཱཀྱ་ཚང༌། ཨ་མཆོག་ཆུ་ཁ་ཚང་སོགས་ཟེར་བའི་རི་གྲོང་མང་བོར་གྱེས།དེ་དག་གིས་རྐ་ཡར་ཟད་ཀྱི་ཀ་བུར་སྟག་རྩེ་དང་རྐ་མར་ཟད་ཀྱི་བོང་ཆེན་གད་སྐྱ། རྒུའི་ལྟུང་མ་མགོ་རིང༌། དམེའི་གསེར་སྡེ་ཚུན་ཆོད་སོགས་ལ་བདག་དབང་མཛད། དེའི་གདུང༌རྒྱུད་ནི་སྔོན་བྱུང༌བོན་གྱི་ལུགས་ཡིན་ལ་རིག་པའི་གནས་ལ་མཁས་པའི་མཁས་གྲུབ་ཤ་སྟག་བྱུང་ངོ༌།། དེ་ལྟར་ཨ་མཆོག་གི་སྡེ་འབངས་དང་ས་ཁྱོན་མངའ་ཁུངས་ཚང་མ་ནགས་ལ་མེ་མཆེད་པ་ལྟར་ཇེ་མང་ནས་ཇེ་མང་དུ་གྱུར། །སྡེ་འབངས་དེ་ཡི་མཆོད་ཡུལ་སྟེ་དཀར་ཆེན་བྱམས་པ་གླིང་ཞེས་པ་དེ་ནི་རྔ་ཡུལ་སྨད་ཀྱི་ཕྱོགས་སུ་ཨ་མཆོག་གི་ཡུལ་གྲོང་ཁྲལ་ཐང་གི་གོང་རོལ་ཏུ་མདུན་རི་ཚང་ཚིང་འཁྲིགས་པ་ས་དབྱིབས་ནོར་བུ་ཆ་གསུམ་གྱི་དབྱིབས་ཅན་ལྷུན་པོ་བལྟ་བའི་ཆོག་མི་ཤེས་པ་དང་རྒྱབ་རི་ཤིང་མཆོག་ཤིག་པའི་ལྗོན་ཤིང་རྣམས་པར་མཛེས་པ་དྲི་བཟང་དང་དྲི་ངད་ཕྱོགས་དང་ཕྱོགས་འཚམས་ཀུན་ཏུ་འཕྲོ་བ། ཨ་མཆོག་ཁོང་གི་ཆབ་ཐུར་དང་ཆབ་བུམ་ཀྱི་ཁ་ཏོག་གཉིས་སྐྱེད་ཤིང་ལྟར་བཙུགས། ད་ལྟ་ཤིག་པའི་ལྗོན་དབང་དུ་གྱུར་ནས་འབྲས་བུ་དང་དྲི་བཟང་སོགས་ཀྱི་ཡིད་ལྡན་འགྲོ་བ་ཡོངས་ཀྱི་དད་པའི་མཆོད་གནས་སུ་གསལ་བ་འདི་ལགས་སོ།། མདུན་ཞོལ་ཏུ་རྡོ་མཆོག་ཅུང་ཞུ་དཀར་བོ་ལས་ནད་རིགས་བཞི་བརྒྱ་འཇོམས་པའི་སྨན་ཆུ་བལྟས་ན་མཛེས་ལ་རོ་བཅུད་མངར་སྐྱུར་ཟུང་གིས་འགྲོ་བའི་ལུས་ཁམས་གསོ་བ་རང་བཞིན་དུ་འབབས་པ་དང༌དཀར་ཆེན་(ཆུ་སྐྱུར་)རྒྱབ་འོག་དཀར་ཆུང་ནང་དུ་ཨ་མཆོག་འཇམ་དབྱངས་མཁྱེན་རབ་རྒྱ་མཚོས་གསར་བཏོད་བྱས་པའི་དྲོ་གྲང་སྙོམས་པའི་ཁྲུས་རྫིང་དྭངས་གསལ་གཡུ་ཡི་མེ་ལོང་ལྟ་བུ་དེར་ཀུན་མཁྱེན་དང་གུང་ཐང་ཨ་མཆོག་སང་ཚང་སོགས་བླ་སྤྲུལ་གྱི་སྐྱེས་ཆེན་དུ་མའི་ཁྲུས་གནས་བྱིན་རླབས་ཀྱི་ནུས་ཟེར་འབུམ་གྱིས་བརྒྱན་པའི་ས་འཛིན་རང་བྱུང་གི་སྨན་ཆུ་སྣ་ཚོགས་ནུས་པ་བསམ་གྱིས་མི་ཁྱབ་པའི་སྨན་ལྗོངས་དཔལ་འཁོར་ལོ་སྡོམ་པའི་གནས་མཆོག་དེ་ལ་ཨ་མཆོག་བློ་བཟང་ཡེ་ཤེས་ཀྱི་མཆོད་ཁང་ངམ་རི་ཁྲོད་ཞིག་རྒྱུད་སྟོད་ལྟར་བཙུགས་སོ།། ཨ་མཆོག་དཀོན་མཆོག་བསྟན་པའི་རྒྱལ་མཚན་གྱིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་གནས་རི་ལ་ད་ལྟ་འང་སེམས་སྐྱེད་སྒང་ཟེར།(ཕྱིས་སུ་དེ་ལས་ཨ་མཆོག་བློ་བཟང་ཐུབ་བསྟན་མཁྱེན་རབ་རྒྱ་མཚོའི་དགུང་ལོ་ལྔའི་ཐོག་ཏུ་དཔལ་ལྡན་ལྷ་མོའི་གསུང་རྟེན་བྷྱོ་ཡིག་རང་བྱོན་གཏེར་ནས་བཏོན་པ་སོགས་འོག་ནས་བཤད་པ་ལྟར་རོ།། གནས་དེ་ལས་ལེ་བར་གསུམ་ཙམ་གྱི་གོང་རོལ་དགོན་ལུང་ཐང་ཟེར་པ་བསྟན་པའི་ཞིང་མཆོག་བླ་ན་མ་མཆིས་པ་ཨ་མཆོག་དགོན་ཆེན་གྱི་ཤུལ་ཡིན། ད་ལྟ་དེ་ནས་སོ་ཕག་སོགས་ས་འོག་ནས་རྙེད་རྒྱུ་ཡང་ཡོད། དེ་ན་སྨད་ཀྱི་ཨ་མཆོག་འདི་ནས་གནས་སྤོར་བྱས་ཟེར་བ་ར་འཕྲོད་ཐུབ་ལ། མདུང་ཤིང་ལུང་བ་ཞེས་པའི་ནང་དུ་གད་པོ་རྟ་འདྲ་ཞིག་དང་སིལ་ཤིང་མཛོ་འདྲ་ཞིག་གི་བར་ན་དགོན་པའི་ཚོགས་ཟངས་གཏེར་ཏུ་སྦས་ཡོད་ཅེས་རྒན་བགྲེས་དགེ་རྒན་རྣམས་ཀྱི་ངག་རྒྱུན་ན་གསལ། གང་ལྟར་ཨ་མཆོག་སྟོད་སྨད་གཉིས་པོ་འཁྲུངས་གཞི་གཅིག་ལས་འབྱེད་ཆོས་གཉིས་སུ་གྱེས་ཏེ་རྒྱལ་བའི་བསྟན་པ་འཛིན་སྐྱོངས་བྱེད་པ་འདི་ཡང་སེམས་ཅན་སོ་སོའི་ལས་བསོད་ལས་འཁྲུངས་པ་ཡིན་ནོ།། གནས་ཆེན་ཁྱད་པར་བ་དཀར་ཆེན་དགོན་ཕྱག་འདེབས་མཛད་པ་བོ་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་གསུམ་ལྡན་རྡོ་རྗེ་འཛིན་པའི་རྣམ་རོལ་ཨ་མཆོག་བློ་བཟང་ཡེ་ཤེས་སམ་ཨ་མཆོག་རྒྱ་བོ་ངག་དབང་བློ་བཟང་ཞེས་གྲགས་པ་མཁས་གྲུབ་ཀུན་གྱི་གཙུག་བརྒྱན་ནི་རབ་བྱུང་བཅུ་གཅིག་པའི་སྨད་ཙམ་ལ་ཡབ་དཀའ་ཐུབ་ཡག་གི་སྲས་སུ་སྐུ་འཁྲུངས། ཁོང་སྐུ་ན་ཆུང་བའི་དུས་ནས་རིག་པ་མྱུར་ཞིང་ཤེས་རབ་གསལ་བ་ཞིག་ཡིན་སྟབས་ཕ་མས་བོན་གྱི་གྲྭ་རྒྱུན་ཏུ་གཏོང་རྩིས་བྱས་པར་ཞང་བོ་ཥོ་ཐོ་ནོར་བུའི་མ་བྱིན་པར་ཉིད་ཀྱིས་རབ་བྱུང་བསྒྲུབ་ཏེ་དབུས་གཙང་ཆོས་ཀྱི་འབྱུང་གནས་སུ་མངགས། དགའ་ལྡན་དུ་སློབ་གཉེར་མཛད། རྣམ་འདྲེན་སྣང་མཐའི་མགོན་པོ་པཎ་ཆེན་བློ་བཟང་ཡེ་ཤེས་ནས་བསྙེན་པར་རྫོགས་ཏེ་མཚན་བློ་བཟང་ཡེ་ཤེས་གནང་ནས་གནས་བརྟན་བ་ཀུ་ལའི་སྤྲུལ་བར་ལུང་བསྟན།ཕྱི་ནང་གི་རིག་གནས་ཀུན་ལ་དཔྱིས་ཕྱིན་པར་སྦྱངས་པའི་མཁས་པའི་གོ་འཕང་མངོན་ཏུ་མཛད་དོ།། དེ་ནས་མདོ་སྨད་དུ་བྱོན་ནས་མགོ་ལོག་ལུང་དཀར་དགོན་ཕྱག་འདེབས་གནང་ཕྱི་ནས་ཞང་བོ་ཥོ་ཐོ་ནོར་བུས་བཀའ་ལྟར་ཨ་མཆོག་པ་ཞྭ་སེར་དུ་བསྒྱུར་བ་སོགས་བྱས་རྗེས་རླབས་ཆེན་བཞགས་སོ།། ཉན་ཐོས་ཀུན་དགའ་བོ་ཡི་སྐྱེ་བའི་རྒྱུད།། གངས་ཅན་འཛིན་མའི་སྨད་དུ་མངོན་འཁྲུངས་པ།། རིགས་མཆོག་གསུམ་ཞེས་གྲགས་སྙན་དབྱར་སྐྱེས་རྔ།། སྲིད་གསུམ་ཁྱབ་པའི་རྒྱལ་རོང་ཞེས་འདི་མཚར།། ད་ནི་ཨ་མཆོག་དགོན་དཔལ་ལྡན་སྨྲ་བའི་སེང་གེ་གླིང་གི་སྣོད་བཅུད་ལུང་གི་ཟིན་ཚུལ་མདོ་ཙམ་འབྲི་བ་ལ། འཇམ་དཔལ་མཚན་བརྗོད་ལས།། ཨ་ནི་ཡིག་འབྲི་ཀུན་གྱི་མཆོག། དོན་ཆེན་ཡི་གེ་དམ་པ་ཡིན།། ཞེས་བཅུད་སེམས་ཅན་གྱི་མིང་ཨ་མཆོག་ངོས་བཟུང་ཞིང་སྣོད་དོན་ཆེན་ཞེས་པའི་གནས་ཡང་ལུང་གི་གསལ་བ་ཟིན་པ་དང༌། ཡང་དེ་ཉིད་ལས། ཚིག་གི་དབང་ཕྱུག་སྨྲ་བ་ཆེ།། སྨྲ་བའི་སྐྱེས་མཆོག་སྨྲ་བའི་རྒྱལ།། སྨྲ་བའི་དམ་པ་མཆོག་གི་གནས།། སྨྲ་བའི་སེངྒེ་ཚུགས་པ་མེད།། ཅེས་དཔལ་ལྡན་སྨྲ་བའི་སེངྒེ་གླིང་ཞེས་པའི་མཚན་ཡོངས་རྫོགས་ལུང་གིས་གསལ་བ་ཟིན་མོད། འོན་ཀྱང་འགའ་རེས་དེ་ནི་དགོན་འདིའི་ལུང་བསྟན་མིན་གསང་སྔགས་ཀྱི་ཟབ་གནད་བཤད་པའོ་ཞེས་ཇི་འདོད་མིན་འཐོམ་དུ་སྨྲ་བ་ཡང་ཡོད། སྔོན་བྱོན་ས་ཐོབ་ཀྱི་སྐྱེས་བུ་དུས་གསུམ་ཐུགས་སུ་ཆུད་པ་དག་གིས་འདི་ལྟར་ལུང་བསྟན་ཡིན་ཞེས་བྲིས་པ་མཐོང་བ་དང༌། ཆོས་རྣམས་དོན་གྱིས་བརྗོད་ལ་ལུང་བསྟན་ཟུར་གྱིས་སྟོན་ཚུལ་ནི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་དག་གིས་ལུང་ཡིག་ཕལ་ཆེར་ཟུར་ཏུ་སྨྲས་པའོ།། བཀའ་གདམས་གླེགས་བམ་ལས་ལུང་སྟོན་ཚུལ་སྣ་ཚོགས་བཤད་པ་ལ། དངོས་སུ་བསྟན་དང་ཤུགས་ལས་བྱུང༌།། ལ་ལ་བསྲེས་པ་ཉིད་དུ་བསྟན།། དེ་ཡང་དགོས་པའི་དབང་ཉིད་ཡིན།། ལ་ལ་ཞིབ་པོ་ཞིབ་པོར་བྱུང་། ལ་ལ་འབྲེལ་ཅན་འབྲེལ་ཅན་བྱུང༌།། ལ་ལ་ཟུར་ཙམ་ཐོ་རེ་འབྱུང༌།། ལ་ལ་དོན་གྱིས་བསྟན་ཏེ་འབྱུང༌།། ཆོས་གྲྭ་ཆེ་ཚབ་མ་སྨྲས་པར།། བཞི་སྡེ་ལྔ་སྡེའང་བརྗོད་དེ་འོང༌།། ཞེས་གསུངས་པ་ལྟར་། ལུང་སྟོན་ཚུལ་ལ་མང་དུ་ཡོད་པའི་རྡོ་རྗེའི་ཚིག་ལ་གོ་ཡུལ་དུ་མ་ཡོད་པ་བསྟན་བཅོས་མང་བོར་གསུངས་པ་ལ་བསྙོན་ཏུ་མེད་དོ། ཁྱད་པར་དུ་ཡང་མ་ཅིག་ལབ་ཀྱི་སྒྲོལ་མས་བཤད་སྒྲུབ་ཀྱི་འཕྲིན་ལས་ལ་འཕེལ་རྒྱས་ཇི་ལྟར་འབྱུང་འགྱུར་རྣམས་ཀུན་མཁྱེན་འཇམ་དབྱངས་བཞད་པས་ཁ་རྒྱའི་གཏེར་ལུང་ནས་གཏེར་དུ་བཏོན་པ་ལ་ཨ་ཞེས་བྱ་པའི་ཡུལ་ཏུ་ཉན་ཐོས་ཀྱི་དགོན་ཆེན་ཁྱད་པར་ཅན་འབྱུང་ངོ་ཞེས་ཆོས་སྡེ་འདི་དང་ཡུལ་ཨ་མཆོག་གི་ཡུལ་དང་འདེབས་པ་བོ་ཉན་ཐོས་ཀུན་དགའ་བོའི་སྤྲུལ་བ་དང་དགོན་སྡེ་ཆེན་པོ་ཁྱད་པར་ཅན་འབྱུང་བ་སོགས་ཀྱང་ལུང་གིས་ཟིན་པའོ།། གཞན་ཡང་བཀའ་འགྱུར་རིན་པོ་ཆེ་ལས་དཔལ་ཡེ་ཤེས་ཀྱི་ཐིག་ལེ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་བོ་ཆེན་པོ་མཆོག་ཏུ་རྨད་དུ་བྱུང་བ་ལས་ཀྱང༌། རྣལ་འབྱོར་བླ་མ་ཡི་ནི་མཚན།། གསང་བ་ཡི་ཉིད་དབང་རྒྱལ་བཤད།། ཀུན་ན་ཡོད་པའི་ཡེ་ཤེས་སེམས།། ཐུགས་ཀྱི་ངོ༌བོ་དགའ་བོའི་གནས།། འབྲས་བུའི་ཕྱིར་ན་བརྒྱད་དབྱེ་འགྱུར།། ཨ་ཡིག་ཡིག་འབྲི་མཆོག་གི་གནས།། མཆོག་ཏུ་དགའ་བྲལ་དགའ་བོར་གྲགས།། ཀུན་རྫོབས་རྣམ་པའི་གཟིགས་ཀྱི་ནི།། ཆུ་ཟླ་བཞིན་དུ་དགའ་བོའི་མཐོང༌།། མཆོག་གི་གནས་ནི་རྙེད་པར་འགྱུར།། ཞེས་རྒྱལ་བ་རང་གི་བཀའ་ལས་ཡང་ཡང་བསྔགས་པའི་ཨ་མཆོག་མཚན་ཉིད་དགོན་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་ཞེས་མཚན་སྙན་གྱི་རྒྱལ་མཚན་གླིང་བཞིའི་རྒྱན་དུ་གྱུར་པ་འདི་ཉིད་ཕྱག་འདེབས་མཛད་པ་པོ་གསུམ་ལྡན་རྡོ་རྗེ་འཛིན་པའི་རྣམ་པར་རོལ་བ་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་ལྔ་རིག་སྨྲ་བའི་དབང་བོ་ཨ་མཆོག་དཀོན་མཆོག་བསྟན་པའི་རྒྱལ་མཚན་མཆོག་ནི། བསྐལ་བ་དཔག་ཏུ་མེད་པའི་སྔ་རོལ་ནས་འབྲས་བུ་བྱང་ཆུབ་མཆོག་ཏུ་གནས་ཟིན་ན་ཡང༌། སྔོན་སློབ་པ་ལམ་གྱི་གནས་སྐབས་སུ་བརྩེ་བའི་ཐུགས་རྗེ་ཆེན་པོ་ཡོངས་སུ་གོམས་ཤིང་སེམས་ཅན་གྱི་དོན་དུ་སྨོན་ལམ་བཏབ་པ་དང༌། གདུལ་བྱ་རྣམས་ཀྱི་རྒྱུ་དང་འབྲས་བུའི་ས་བོན་དུས་སུ་སྨིན་ཏེ་ལས་རྐྱེན་རྟེན་འབྲེལ་ཚོགས་པའི་མཐུ་ལས། ཇི་སྐད་དུ་རྒྱུད་ལས། ཇི་ལྟར་གདུལ་བྱ་དག་པ་ཡི། ཆུ་ཡི་སྣོད་ནི་ཐམས་ཅད་དུ།། བདེ་གཤེགས་ཉི་མའི་གཟུགས་བརྙན་ནི།། དཔག་ཏུ་མེད་པ་ཅིག་ཅར་འཆར།། ཅེས་གསུང་བ་ལྟར། གང་འདུལ་སྒྱུ་མའི་རོལ་གར་བསམ་ཀྱིས་མི་ཁྱད་པ་སྟོན་པ་ལས། བདག་ཉིད་ཆེན་པོ་འདིའི་སྔོན་དང་ཕྱི་མའི་སྐུ་ཕྲེང་རིམ་བྱོན་གྱི་མཚན་ཙམ་བརྗོད་པར་བྱའོ།། བྱམས་བརྩེའི་འདབ་སྟོང་བློ་གྲོས་ཟེའུ་འབྲུ་རྒྱས།། རྣམ་དཔྱོད་སྦྲང་རྩིའི་ལེགས་བཤད་དྲི་བསུང་སྤེལ།། གདུལ་བྱའི་བུང་བ་གྲོལ་མཛད་པད་མའི་ཚལ།། རིམ་དང་ཅིག་ཅར་འཁྲུངས་པའི་ཚོགས་རྣམས་རྒྱལ།། ཐུགས་བསྐྱེད་ཐུགས་རྗེ་ཆེན་པོས་འགྲོ་བ་ཀུན།། ཀུན་མཁྱེན་ཀུན་རྟོག་བྲལ་པའི་ཞིང་ས་ཆེར།། འདྲེན་དང་འདྲེན་སླད་དག་དང་མ་དག་གཞིར།། བསམ་དང་བསམ་བཞིན་སྤྲུལ་བའི་རོལ་གར་འཛིན།། ཇི་ལྟར་ནོར་འཛིན་བུ་མོའི་ཕང་བ་རུ། འཚམས་པའི་ཆུ་སྣོད་དྭངས་པ་ཐ་དད་ལ།། སྤྲིན་བྲལ་མཁའ་དབྱངས་ཟླ་བ་གཅིག་གིས་ཀྱང༌།། སྣང་བསྙན་རི་མོ་འགོག་མེད་སྟོན་པ་བཞིན།། རིས་མེད་འགྲོ་བ་ཡོངས་ཀྱི་ཕན་བདེའི་གཏེར།། གང་གི་རྨད་བྱུང་སྒྱུ་འཕྲུལ་ཟློས་པའི་གར།།རབ་འབྱམས་ཞིང་ཀུན་ཁྱད་པར་འཕགས་བོད་ལྗོངས།། རིམ་དང་གཅིག་ཆར་སྟོན་འདི་ཨེ་མ་རྨད།། མཐའ་ཡས་སྤྲུལ་བ་གངྒའི་ཀླུང་རྡུལ་རྙེད།། ཇི་སྙེད་ལས་གསལ་སྤྲུལ་བའི་རྣམ་རོལ་གར།། འཕགས་བོད་རིམ་རྒྱུད་གསུང་མཚན་ཨ་ཡིག་ལས། འཁྲུངས་པའི་དཀོན་མཆོག་བསྟན་པའི་རྒྱལ་མཚན་རྒྱལ།། དེ་ཡང་རྒྱལ་བའི་གསུང་རབས་བཀའ་འགྱུར་རིན་པོ་ཆེའི་ནང་བཞུགས་གསང་བ་སྤྱི་རྒྱུད་ལས། མ་འོངས་འཁོན་གདུང་ཡིན་ངེས་གང་ཟག་རྣམས།། ང་ཡི་ཉན་ཐོས་རྒྱན་དྲུག་མཆོག་གཉིས་དང༌།། གྲུབ་ཆེན་བརྒྱད་ཅུའི་རྣམ་སྤྲུལ་མ་གཏོགས་པ།། སྐལ་བ་དམན་པ་གཞན་དག་འབྱུང་རེ་སྐན།། ཞེས་དང་འཇམ་མགོན་ཀུན་དགའ་བློ་གྲོས་ཀྱིས་ཀྱང༌། ཐུབ་བསྟན་མཛེས་རྒྱན་བསྟན་འཛིན་དུ་མ་ལས།། རྒྱན་དྲུག་མཆོག་སོགས་སྐྱེས་ཆེན་དུ་མ་ཞིག། །སྙིགས་དུས་བསྟན་འགྲོའི་རྒྱན་དུ་འཁོན་གདུང་ཞེས།། རྒྱལ་བའི་བརྒྱན་དུ་བསྔགས་ཁྱོད་ཞབས་བརྟན་ཤོག། །ཅེས་སོགས་རྒྱལ་བའི་བཀའ་དང་འཕགས་པའི་ལུང་གིས་གསལ་བར་ཕྱེ་བ་སྟེ། གོང་དུ་བཤད་པ་ལྟར་འཁོན་གདུང་གི་རྒྱུད་ལ་ང་ཡི་ཉན་ཐོས་ཞེས་ཉན་ཐོས་ཀུན་དགའ་བོའི་རྣམ་སྤྲུལ་དང་ཡང་ན་རྒྱན་དྲུག་མཆོག་གཉིས་དང་གྲུབ་ཆེན་བརྒྱད་ཅུའི་རྣམ་སྤྲུལ་ཞེས་ཀུན་མཁྱེན་སྐུ་ཕྲེང་བཞི་བ་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་ལ་སྐུ་ཞིང་ངག་དབང་ཆོས་འཕེལ་གྱི་སྤྲུལ་སྐུ་འཇམ་དབྱངས་ཆོས་གྲགས་ཀྱིས་དཔལ་འབྲས་སྤུངས་སུ་ཞུས་བར་ཉིད་ཀྱིས་ས་བོན་ཙམ་ཡོད་དམ་གསུང་བའི་ས་བོན་ཙམ་ཡང་མེད་ཞུས་ཕྲལ། ཀྭ་གདོང་ཆོས་སྐྱོངས་ཀྱིས་ང་ལ་གྲོགས་བྱས་ན་སླ་མོད་གསུང་ཏེ་ཞལ་བཞེས་གནང་ནས་ཞག་ཐུན་གཅིག་ལ་སྐུ་ཕྲེངས་ཡོངས་རྫོགས་ཐུགས་མཁྱེན་པའི་ཡེ་ཤེས་ཀྱིས་གཟིགས་ཏེ་གསལ་བར་བཀྲལ་བ། ཀུན་མཁྱེན་ལྔ་བའི་ཡོངས་འཛིན་དངུལ་རིས་གྲགས་པའི་མཛད་པའི་འཁྲུངས་རབས་ཀྱི་འབྲེལ་སོགས་མང་དུ་ཡོད་པའི་འདིར་འབྲི་དགོས་དོན་ཆུང་ཡང་གོ་སླ་བ་དང་ཚིག་ཉུང་བའི་སྐལ་མཉམ་གཞན་ལ་མཁོ་སྙམས་ནས་འབྲི་བར་བྱའོ།།