དབྱིན་ཡིག་ཁ་བྱང་འདིའི་ཐོག་དབྱིན་ཡིག་ཐོག་གཟིགས་ཐུབ།
https://openbuddhism.org/said-achok-rinpoche-in-2004/
ཕྱི་ལོ་༢༠༠༤ལོར་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་སྐབས་དེའི་འགན་འཛིན་དང་། གྲྭ་བཙུན་ལ་ཚན་རིག་སློབ་ཁྲིད་ཀྱི་ལས་འཆར་འགན་འཛིན་ཨ་མཆོག་རིན་པོ་ཆེ་Netherlands ནི་ཐའེ་ལན་ཌིར་གཟིགས་སྐོར་ལ་ཕེབས་པ་དང་། ངས་ཁོང་དང་ལྷན་དུ་ནང་ཆོས་དང་ཚན་རིག་མཐུད་ཁ་བྱུང་བའི་གནས་སྟངས་ཐོག་གླེང་མོལ་ཐེངས་འགའ་བྱས་ཤིང་། སྐབས་དེ་དུས་ཚོགས་བཅར་བ་ཁ་ཤས་ཀྱང་བགྲོ་གླེང་དེར་ཞུགས་སོང་།
ཨ་མཆོག་རིན་པོ་ཆེས། ཐོག་མར་ངས་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། སྒྲོལ་ལྗང་གསུམ་ལ་གུས་ཕྱག་འབུལ་གྱི་ཡིན། སྟོན་པ་ཤཱཀྱ་ཐུབ་པ་དང་སྒྲོལ་ལྗང་ལ་གུས་ཕྱག་འབུལ་དོན་ནི་ངས་ཕོ་མོ་འདྲ་མཉམ་དང་དབྱེ་འབྱེད་མེད་པའི་སེམས་སྐྱེ་ཐབས་བྱེད་ཀྱི་ཡོད། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ལོ་ཉིས་སྟོང་ལྔ་བརྒྱ་ལྔ་བཅུའི་གོང་ལ་སྟོན་པ་བཅོམ་ལྡན་འདས་ལ་རྒྱ་གར་མངའ་སྡེ་བྷི་ཧར་(Bihar)ནང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མདོ་(Prajnaparamitasutra)སློབ་ཁྲིད་གནང་རྒྱུའི་ཐུགས་སྐྱེད་བྱུང་བས་དེ་དུས་ཁོང་གིས་ད་ལྟ་ང་ཚོས་སྐབས་འགར་སྟོང་པ་ཉིད་དང་། སྐབས་གཞན་དུ་རྟེན་འབྱུང་གི་ལྟ་བ་(interdependent origination)ཞེས་པ་གཙོ་བོར་གསུངས་ཡོད། བཀའ་ཆོས་འདི་སངས་རྒྱས་ཀྱིས་ཆོས་འཁོར་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་བ་དེ་བཞིན་རྒྱལ་པོའི་ཁབ་(Rajgir)ཏུ་གནང་ཡོད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་བཀའ་ཆོས་ལས་ཐེག་པ་ཆེན་པོ་བྱུང་བ་རེད། རྗེས་ལ་སློབ་དཔོན་ཀླུ་སྒྲུབ་ཀྱིས་འཇམ་དཔལ་དབྱངས་ཀྱི་བྱིན་བརླབས་ལ་བརྟེན་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་འགྲེལ་པ་ཞིག་ལྗགས་རྩོམ་གནང་བ་རེད། འགྲེལ་པ་དེ་ཧ་ཅང་གཏིང་ཟབ་པོ་ཡོད་པས་དེས་རྒྱ་གར་དང་། བོད། སོག་པོ། རྒྱ་ནག་བཅས་ཀྱི་མཁས་པ་མང་པོར་ཕན་ཐོགས་ཆེན་པོ་བྱུང་ཡོད།
དོན་དམ་གྱི་བདེན་པ།
འཛམ་གླིང་ནུབ་ཕྱོགས་ཀྱི་ཚན་རིག་པ་གྲགས་ཅན་མང་པོས་དོན་དམ་གྱི་བདེན་པ་རྙེད་ཐབས་བྱས་ཡོད། ཁོ་ཚོས་དུས་ཡུན་ཇི་ཙམ་གྱི་སྔོན་ནས་རྩོལ་བ་དེ་བསྟེན་ཡོད་པ་ངས་མི་ཤེས་ཀྱང་། ངས་ཚན་རིག་པ་གྲགས་ཅན་དེ་ཚོའི་ཁྲོད་ནས་ཁ་ཤས་ཀྱི་མིང་ཤེས་ཀྱི་ཡོད་དེ། ཨེད་སེག་ནིའུ་ཊོན་(Isaac Newton)དང་། ཨལ་བྷརཌི་ཨནསི་ཊིན།(Albert Einstein) ཝར་ནར་ཧད་སིན་བྷརྒ(Werner Heisenberg)སོགས་རེད། ངའི་བསམ་པར་ཁོ་ཚོས་དོན་དམ་གྱི་བདེན་པ་རྙེད་ཐབས་བྱས་འདུག་ཀྱང་། སློབ་དཔོན་ཀླུ་སྒྲུབ་སོགས་ནང་པའི་མཁས་ཆེན་མང་པོས་དོན་དམ་གྱི་བདེན་པའི་གནས་ལུགས་ཤིག་རྙེད་རྒྱུ་མེད་ཅེས་གསུངས་ཡོད། ནང་པའི་མཁས་པ་དེ་ཚོས་དཔྱད་སྒོམ་དང་ཏིང་ངེ་འཛིན་(single-pointed concentration)ལ་བརྟེན་ནས་རང་ཉིད་གང་ཟག་ཅིག་ཡིན་པའི་ཆ་གཙོ་བོར་བཟུང་སྟེ་བློ་ནང་གཏད་ཀྱི་དཔྱད་པ་བཏང་བ་རེད། དེའང་ཁོང་རྣམ་པས་ཆོས་གཞན་ལ་དཔྱད་པ་མ་བཏང་གོང་ཐོག་མར་རང་ཉིད་ནས་འགོ་བཙུགས་ཏེ་དཔྱད་པ་བཏང་བ་རེད།
ངའི་བསམ་པར་རང་སོ་སོར་དཔྱད་པ་གཏོང་བ་ནས་འགོ་འཛུགས་པ་དོན་དངོས་དང་མཐུན་པ་རེད་སྙམ། མགོན་པོ་ཀླུ་སྒྲུབ་ཀྱིས་མཚོན་རྒྱ་གར་དང་བོད་པའི་མཁས་པ་མང་པོར་ཐོག་མར་བདག་ཅེས་པའི་དོན་དམ་གྱི་བདེན་པ་ཞིག་རྙེད་རྒྱུ་མེད་པའི་ངེས་པ་རྙེད་པ་དང་། དེ་ནས་ཁོང་རྣམ་པས་རིམ་བཞིན་ཤེས་པའི་ཡུལ་ཚང་མ་དཔྱད་པའི་ཡུལ་དུ་བཟུང་བ་རེད། ངའི་ཤེས་ཚོད་ལྟར་ན། ཨེད་སེག་ནིའུ་ཊོན(Isaac Newton)སྐབས་ནས་དང་། ལྷག་པར་དུ་འཛམ་གླིང་ནུབ་ཕྱོགས་ཀྱི་ཚན་རིག་པ་ཚོས་ཚད་རྡུལ་དངོས་ཁམས་རིག་པའི(quantum physics)ཐོག་དོ་སྣང་བྱེད་འགོ་བཙུགས་པ་ནས་བཟུང་རིམ་པས་དོན་དམ་བདེན་པའི་གནས་ལུགས་དོན་དངོས་རེད་ཅེས་ཤོད་རྒྱུར་ཚམ་ཚོམ་བྱེད་དགོས་བྱུང་ཡོད། ནང་ཆོས་དང་ཚན་རིག་གཉིས་ཕན་ཚུན་འབྲེལ་བ་ཐོག་མ་དེ་བྱུང་རྗེས་དེ་གཉིས་དབར་ཐུན་མོང་གི་ཤེས་བྱ་ཇི་སྙེད་ཅིག་ཡོད་པ་ཤེས་རྟོགས་བྱུང་བ་རེད། ང་ཚོ་བོད་པའི་དགའ་ལྡན་དང་། སེ་ར། འབྲས་སྤུངས་སོགས་གདན་ས་ཆེ་ཁག་གི་རབ་བྱུང་བ་ཡོན་ཏན་ཅན་ཚོར་ཚན་རིག་ཤེས་བྱ་སློབ་ཁྲིད་ཀྱི་ལས་འཆར་ཞིག་འཛུགས་རྒྱུ་དེ་༸གོང་ས་༸སྐྱབས་མགོན་ཆེན་པོའི་དགོངས་པ་ཡིན་པས་བོད་པའི་མཁས་པ་ཆེན་པོ་དང་རབ་བྱུང་བས་ཚན་རིག་ཤེས་བྱར་དང་ལེན་གནང་འགོ་བཙུགས་པ་རེད། འོན་ཀྱང་། ཐོག་མར་བོད་པའི་བླ་མ་ཆེ་ཁག་དང་མཁན་པོ་མང་པོར་གྲྭ་བཙུན་ལ་ཚན་རིག་སློབ་ཁྲིད་བྱས་ན་ཡག་པོ་ཨེ་ཡོད་སྙམ་པའི་དོགས་པ་བྱུང་ཡོད་ཀྱང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེར་དོགས་པ་སྤུ་ཙམ་ཡང་མེད། ཁོང་གིས་ལས་འཆར་འདི་ནང་པའི་གྲྭ་པ་ཚོར་ཕན་ཐོགས་ཡོད་པར་མ་ཟད། འཛམ་གླིང་ནུབ་ཕྱོགས་ཀྱི་ཚན་རིག་པ་ཚོར་ཡང་ཕན་ཐོགས་ཡོད་ཅེས་གསུངས་པ་རེད།
ང་ཕྱི་ལོ་༡༩༩༨ལོར་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དུ་བསྐོ་གཞག་བྱས་པ་རེད། ང་ཚོ་སུ་ཞིག་ལས་གནས་ཤིག་ཏུ་བསྐོ་གཞག་བྱུང་བ་ཡིན་ན་ཐོག་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་བར་བཅར་དགོས་པ་དང་། ༸གོང་ས་མཆོག་སྐུ་ངོ་མས་མི་དེར་ལས་དོན་ཇི་ལྟར་སྒྲུབ་དགོས་པའི་བཀའ་སློབ་ལམ་སྟོན་ཕེབས་སྲོལ་ཡོད་པ་བཞིན། ངས་༸གོང་ས་མཆོག་གི་མཇལ་ཁ་ཐོབ་པའི་ཉིན་དེར་བསམ་ཡུལ་ལས་འདས་པ་ཞིག་ལ་༸གོང་ས་མཆོག་གིས་ང་ལ་ལས་ཀ་གསར་པ་ཞིག་སྤྲོད་རྒྱུ་ཡིན་ཞེས་གསུངས་བྱུང་། ཁོང་གིས་“ཁྱོད་ཀྱིས་རྒྱུན་གཏན་གྱི་དཔེ་མཛོད་འཛིན་སྐྱོང་ལས་དོན་ཐོག་གྲྭ་བཙུན་ལ་ཚན་རིག་ཤེས་བྱ་སྤྲོད་པའི་ལས་ཀ་བྱེད་རྒྱུ་གལ་ཆེན་པོ་རེད་”ཅེས་བཀའ་ཕེབས། ༸གོང་ས་མཆོག་གིས་བཀའ་དེ་ལྟར་ཕེབས་དུས་ང་ཧང་སང་སོང་། གང་ཡིན་ཞེ་ན། ངས་ཚན་རིག་སློབ་སྦྱོང་བྱེད་མྱོང་མེད་པ་ཁོང་གིས་མཁྱེན་གྱི་ཡོད།འོན་ཀྱང་། ཁོང་གིས་“དེ་ཁྱོད་རང་གི་ལས་ཀ་གསར་པ་ཡིན་དཱ”ཞེས་གསུངས་པས་ངས་གང་ཡིན་འདི་ཡིན་མ་ཤེས་པར་ལམ་སེང་ལགས་སོ་ཞུས་པ་ཡིན།
ཟབ་སྦྱོང་ཐོག་མ།
ཕྱི་ལོ་༢༠༠༠ལོར་ང་ཚོས་རབ་བྱུང་བ་ཚོར་ཚན་རིག་གི་ཟབ་སྦྱོང་ཐོག་མ་དེ་སྤྲད་པ་ཡིན། ༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་སྒེར་ཡིག་ཚང་གིས་རྒྱུ་གྲོན་སྦྱར་བ་བརྒྱུད་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གིས་ཨ་རི་ནས་ཚན་རིག་དགེ་རྒན་ཁ་ཤས་གདན་འདྲེན་ཞུས་པ་དང་། དགོན་སྡེ་ཁག་ནས་གྲྭ་པ་ཁག་གཅིག་འདེམས་སྒྲུག་བྱས་ཏེ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་ཚན་རིག་ཟབ་སྦྱོང་ཐོག་མ་དེ་གཉེར་བ་ཡིན། བློ་ཡུལ་ལས་འདས་པར་ཟབ་སྦྱོང་དེ་ཧ་ཅང་ཚགས་ཚུད་པོ་བྱུང་སོང་བ་དང་། བོད་པའི་གྲྭ་པ་ཚོ་དང་ཨ་རིའི་དགེ་རྒན་ཚོས་ཕན་ཚུན་བར་ཡིད་སྨོན་ཆེན་པོ་བྱེད་ཀྱི་འདུག། ཨ་རི་ནས་ཕེབས་པའི་དགེ་རྒན་ཚོས་བོད་པའི་གྲྭ་པ་ཚོར་བར་སྣང་དང་། དུས་ཚོད། རྡུལ་ཕྲན་སོགས་གནས་ལུགས་མང་པོའི་སྐོར་སློབ་ཁྲིད་གནང་བ་རེད། ང་ཚོ་བོད་པའི་གྲྭ་པ་ཚོར་དབྱིན་སྐད་མི་གོ་བའི་དཀའ་ངལ་ཡོད་རུང་ཁོ་ཚོས་སློབ་ཚན་ཚང་མར་གོ་བ་ཡག་པོ་ལོན་གྱི་འདུག ཨ་རིའི་དགེ་རྒན་ཚོས་འཛིན་གྲྭའི་ནང་སློབ་ཁྲིད་གང་གནང་བ་ཚང་མ་བོད་སྐད་ནང་སྒྱུར་གྱི་ཡོད་པ་དང་། བོད་པའི་གྲྭ་པ་ཚོའི་དོགས་འདྲིའམ།དྲིས་ལན་ཚང་མ་ཕར་དབྱིན་སྐད་དུ་སྒྱུར་གྱི་ཡོད། ལོ་ལྟར་ཡི་ཤུའི་འཁྲུངས་སྐར་དུས་ཆེན་ཡས་མས་སུ་ཨ་རིའི་དགེ་རྒན་ཚོར་ཟླ་བ་གཅིག་རིང་གུང་སེང་ཡོད་སྟབས། དུས་དེ་ནས་བཟུང་ང་ཚོས་ལོ་རེའི་ཟབ་སྦྱོང་དེ་ཡི་ཤུའི་འཁྲུངས་སྐར་དུས་ཆེན་ཡས་མས་སུ་གཉེར་གྱི་ཡོད། ཨ་རིའི་དགེ་རྒན་ཚོས་ཡི་ཤུའི་འཁྲུངས་སྐར་དུས་ཆེན་སྐབས་ཀྱི་དུས་ཚོད་ཚང་མ་ང་ཚོ་དང་མཉམ་དུ་བཏང་བ་བཀའ་དྲིན་ཆེན་པོ་ཡིན།
ཚན་རིག་དགེ་རྒན་ཚོའི་དགོངས་ཚུལ་གཞིར་བཟུང་སྟེ་རྗེས་སུ་ང་ཚོས་ཨ་རི་ནས་རྩིས་རིག་དགེ་རྒན་ཡང་གདན་ཞུ་བྱེད་འགོ་བཙུགས་པ་ཡིན། ད་ལྟ་ང་ཚོའི་དགེ་ལུགས་དང་། ས་སྐྱ། བཀའ་བརྒྱུད། བོན་པོའི་དགོན་སྡེ་ཁག་གི་སློབ་གཉེར་བ་ཚོར་རྩིས་རིག་དང་ཚན་རིག་གཉིས་ཀའི་འཛིན་གྲྭ་ཚུགས་ཀྱི་ཡོད། ཕྱི་ལོ་༢༠༠༢ལོ་ནས་བཟུང་ང་ཚོས་སྐྱེ་དངོས་ཚན་རིག་གི་རྣམ་གཞག་ཐོག་ལའང་འཛིན་གྲྭ་འཚོགས་ཀྱི་ཡོད་ཅིང་། སློབ་ཚན་དེར་རབ་བྱུང་བ་ཚོས་དོ་སྣང་དང་དགའ་པོ་བྱེད་ཀྱི་འདུག ད་ལྟ་བར་ནང་པའི་ཡང་སྲིད་ཀྱི་འདོད་ཚུལ་དང་སྐྱེ་དངོས་ཚན་རིག་གི་རྣམ་གཞག་དབར་འགལ་བ་གང་ཡང་མི་འདུག ང་ཚོའི་སྐྱེ་དངོས་ཚན་རིག་གི་སློབ་ཚན་དེ་ཚོ་ཌར་ཝིན་གྱི་འཕེལ་འགྱུར་རྣམ་གཞག་གཞིར་བཞག་ནས་འཁྲིད་ཀྱི་ཡོད། ཉེ་ཆར་ང་ཚོས་དྷ་རམ་ས་ལར་ཟབ་སྦྱོང་ཞིག་འཚོགས་ཤིང་། དེ་དུས་དངོས་ཁམས་རིག་པ་བ་གྲགས་ཅན་ཌད་ཝི་ཌི་ཕེན་ཀལསི་ཊིན་(David Finkelstein)ཕེབས་པར་མ་ཟད། ད་དུང་ཨ་རིར་དགེ་རྒན་གྱི་ཕྱག་ལས་གནང་མཁན་ཚན་རིག་པ་ཨུར་སུ་ལཱ་གུ་ཌི་ཨི་ནའོ་ཕུ(Ursula Goodenough)ཡིས་ཚོགས་བཅར་བ་ཚོར་སྐྱེ་དངོས་ཚན་རིག་གི་སློབ་ཁྲིད་གནང་བ་རེད།
ཚན་རིག་ཟབ་སྦྱོང་དེ་ཚོའི་སྐབས་ང་ཚོའི་གྲྭ་པ་ཚོ་ཚན་རིག་སྦྱོང་རྒྱུར་སྤྲོ་བ་ཧ་ཅང་ཆེན་པོ་འདུག་པར་ང་རང་ཧ་ལས་སོང་། སློབ་ཕྲུག་གྲྭ་པ་དེ་ཚོ་ཚང་མས་ཉིན་ལྟར་དགེ་རྒན་ལ་ཐུག་འཕྲད་ཡོང་རྒྱུར་རེ་སྒུག་བྱེད་པ་དང་། སྤྱིར་འཛིན་གྲྭ་དེ་དག་ཞོགས་པའི་ཆུ་ཚོད་བརྒྱད་པར་འགོ་ཚུགས་ཀྱི་ཡོད་ཀྱང་། ཁོ་ཚོས་དགེ་རྒན་དང་གྲོས་བསྡུར་བྱེད་པའི་གོ་སྐབས་འཐོབ་རེ་བྱས་ཏེ་ཆུ་ཚོད་བདུན་དང་སྐར་མ་བཞི་བཅུ་ཞེ་ལྔ་ཡས་མས་ནས་འཛིན་གྲྭར་ཡོང་སྟེ་མདུན་གྲལ་དུ་སྡོད་ཀྱི་འདུག འཛིན་གྲྭའི་ནང་མདུན་གྲལ་དུ་སྡོད་རྒྱུ་བྱུང་ན་ཁོ་ཚོས་དགེ་རྒན་དང་སྐད་ཆ་ཤོད་བདེ་བ་ཡོད་པ་བཤད་མ་དགོས་པ་རེད། ང་ཚོས་ད་དུང་ཉིན་ལྟར་ཕྱི་དྲོའི་ཆུ་ཚོད་བདུན་པ་ནས་བརྒྱད་དང་ཕྱེད་ཀ་བར་དགེ་རྒན་དང་སློབ་ཕྲུག་ཚོའི་དབར་བགྲོ་གླེང་ཞིག་གོ་སྒྲིག་ཞུ་གི་ཡོད། དེ་དུས་ཁོ་ཚོས་འདོད་ཚུལ་དང་རྣམ་གཞག་ཁག་གཅིག་གི་ཐོག་བསམ་ཚུལ་མི་འདྲ་བ་གང་ཡོད་ལ་བགྲོ་གླེང་བྱེད་ཀྱི་རེད།
བླ་མ་ཚན་རིག་པ།
ང་རང་ལོ་ཉི་ཤུ་ཡས་མས་ཡིན་པའི་གཞོན་ནུའི་སྐབས་ངའི་ཡོངས་འཛིན་དམ་པ་ལགས་ཀྱིས་ང་ལ་“བླ་མ་ཚན་རིག་པ”ཞེས་འབོད་ཀྱི་ཡོད་ཅིང་། ཁོང་གིས་ང་ལ་མིང་དེ་ལྟར་འབོད་དོན་གང་ཡིན་ང་རང་གིས་ཀྱང་མགོ་འཚོས་ཀྱི་མེད། ད་ལྟ་བསམ་བློ་བཏང་ཡོང་དུས་སྐབས་དེར་ཁོང་གིས་མ་འོངས་པར་ངས་གདན་ས་ཆེན་པོའི་གྲྭ་པ་ཚོར་ཚན་རིག་ཤེས་བྱ་སྤྲོད་པའི་ལས་དོན་སྒྲུབ་རྒྱུ་ཡིན་པའི་གོ་བརྡ་གསལ་པོར་སྤྲད་འདུག ཟབ་སྦྱོང་དེ་ཚོའི་སྐབས་ང་རང་གོ་སྒྲིག་གི་ལས་དོན་དེའི་ཐོག་བྲེལ་བ་ཧ་ཅང་ཆེ་ཡང་། དུས་ཁོམ་ནམ་བྱུང་ལ་ཤེས་འདོད་ཀྱི་བློས་བསྐུལ་ཏེ་ང་རང་ཚན་རིག་འཛིན་གྲྭ་གང་མང་ལ་འགྲོ་ཐབས་བྱེད་ཀྱི་ཡོད། ངའི་བསམ་པར་༸གོང་ས་༸སྐྱབས་མགོན་ཆེན་པོས་ལས་གཞི་འདི་མུ་མཐུད་དེ་གཉེར་གནང་གི་རེད་བསམ་གྱི་འདུག མ་འོངས་པར་ལས་གཞི་འདི་བརྒྱུད་ནས་ང་ཚོའི་ཁྲོད་དགེ་བཤེས་ཚན་རིན་པ་མང་པོ་ཐོན་ཏེ། ནང་ཆོས་དང་ཚན་རིག་དབར་གྱི་བགྲོ་གླེང་ཁག་སྔར་ལས་ཀྱང་གནད་དུ་འཁེལ་བ་དང་ཞིབ་ཚགས་པོ་ཡོང་གི་རེད། ངས་བསམས་ན་ད་དུང་ཡང་ནང་ཆོས་ཀྱི་ངོས་ནས་ཚན་རིག་གི་ཤེས་བྱ་མང་པོ་ཞིག་ཚུར་ལེན་རྒྱུ་ཡོད་པ་དང་། ཕར་ཚན་རིག་པ་ལ་ཡང་ནང་ཆོས་ཀྱི་ཐོག་ནས་ཤེས་བྱ་མང་པོ་ཞིག་སྤྲོད་རྒྱུ་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད།
དེ་ཡང་ངས་དྲན་ཚོད་ལྟར་ན།ཕྱི་ལོ་༡༩༥༩ལོའི་སྔོན་ལ་མའོ་ཙེ་ཏུང་ཚུད་པའི་རྒྱ་ནག་གི་འགོ་ཁྲིད་ཚོས་ཚན་རིག་གོང་འཕེལ་སོང་བ་བརྒྱུད་ཆོས་ལུགས་ཚང་མ་འཛམ་གླིང་ཐོག་ནས་མཐོང་རྒྱུ་མེད་པར་འགྱུར་རྒྱུ་ཡིན་པའི་རེ་བ་བྱས་པ་རེད། ཐེངས་གཅིག་མའོ་ཙེ་ཏུང་གིས་སྐུ་ན་གཞོན་པའི་༸གོང་ས་༸སྐྱབས་མགོན་ཆེན་པོར་“ཆོས་དུག་རེད”ཅེས་ཁ་གསལ་པོས་བཅོས་མིན་གྱི་བསླབ་བྱ་བརྒྱབ་པས་༸གོང་ས་མཆོག་ཧ་ལས་འདུག་ཀྱང་། མའོ་ཙེ་ཏུང་གི་སྐད་ཆ་དེར་༸གོང་ས་མཆོག་བློ་ཕམ་བྱུང་བའི་རྣམ་པ་ཁོང་གིས་དེ་དུས་མའོ་ཙེ་ཏུང་ལ་བསྟན་གནང་མེད་པ་འདྲ། ཕྱི་ལོ་༡༩༨༧ལོར་ངས་པེ་ཅིང་དུ་བླ་མ་སྤྲུལ་སྐུ་ཚོའི་ཆེད་དུ་གསར་འཛུགས་བྱས་པའི་སློབ་གྲྭ་ཞིག་ཏུ་དགེ་རྒན་བྱས་ཏེ་ཟླ་བ་དྲུག་གི་རིང་བསྡད་པ་ཡིན། སློབ་གྲྭ་དེ་ནི་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་རྒྱ་ནག་གི་སྲིད་བྱུས་གཏན་འབེབས་བྱེད་མཁན་ཚོའི་གྲོགས་ཕན་ལ་བརྟེན་ནས་གསར་འཛུགས་གནང་བ་ཞིག་ཡིན་པ་དང་། དེའི་ནང་བོད་པའི་བླ་མ་སྤྲུལ་སྐུ་ལྔ་བཅུ་ཙམ་ཡོད། ཁོ་ཚོ་མང་ཆེ་བ་ངའི་ལོ་ཚད་དང་མཉམ་པ་ཡིན་ཡང་ཁོ་ཚོ་བཙན་བྱོལ་དུ་བྲོས་ཐར་མ་བྱུང་བས་ང་དང་འདྲ་བའི་སློབ་སྦྱོང་གི་གོ་སྐབས་ཐོབ་མི་འདུག ང་རང་ཚོ་བཙན་བྱོལ་དུ་འབྱོར་བའི་ཐོག་མའི་ལོ་བཅུའི་རིང་ངས་རྒྱ་གར་ཤར་ཕྱོགས་སུ་བོད་ཀྱི་སྲོལ་རྒྱུན་གྱི་བསླབ་པ་སློབ་གཉེར་རྒྱུན་མི་ཆད་པར་བྱེད་བཞིན་པའི་སྐབས་སུ་བོད་དུ་ལུས་པའི་གཞིས་བཞུགས་བླ་སྤྲུལ་ཚོས་སྲོལ་རྒྱུན་སློབ་གཉེར་གནང་རྒྱུར་བར་ཆད་བྱུང་འདུག།
ངའི་ངོས་ནས་བཤད་ན་པེ་ཅིང་གི་འགྲུལ་བཞུད་དེ་ནི་ཧ་ཅང་དོན་སྙིང་ལྡན་པ་བྱུང་སྟེ། ང་ལ་བླ་སྤྲུལ་དེ་ཚོ་མི་རེ་ངོ་རེར་སློབ་གཉེར་ཆ་ཚང་མ་བྱུང་བའི་སྟོང་ཆ་འགེངས་པའི་གོ་སྐབས་ཤིག་བྱུང་། ཁོ་ཚོས་ང་ལ་དྲིས་པའི་དོགས་འདྲི་གཙོ་བོ་གཅིག་ནི་ནང་ཆོས་དང་ཚན་རིག་གི་འབྲེལ་བའི་ཐོག་ཡིན་ཏེ། ཁོ་ཚོས་ང་ལ་“ནང་པའི་མཁས་པ་ཚོས་འཛམ་གླིང་ནུབ་ཕྱོགས་ཀྱི་ཚན་རིག་པ་དང་བགྲོ་གླེང་བྱེད་ཀྱི་ཡོད་དམ་མེད་”ཅེས་འདྲི་གི་འདུག ཁོང་ཚོའི་བསམ་པར་ནང་པའི་གྲྭ་པ་ཚོ་ངོ་ཚ་སྨིན་དྲགས་ཏེ་ཚན་རིག་པ་དང་ཐུག་འཕྲད་བྱེད་ནུས་ཀྱི་མེད་པ་དང་། ནང་ཆོས་དང་ཚན་རིག་དབར་མི་མཐུན་པའི་ཆ་གང་དང་གང་ཡོད་པའི་ཐོག་ཞིབ་དཔྱད་བྱེད་ཐུབ་མེད་པའི་ཡིད་ཆེས་བྱེད་ཀྱི་འདུག དམར་ཤོག་ལྟ་བས་ཚན་རིག་གོང་འཕེལ་དུ་སོང་ན་ནང་ཆོས་ཚུད་པའི་ཆོས་ལུགས་ཚང་མ་རྩ་མེད་དུ་འགྱུར་གྱི་རེད་ཅེས་བཤད་ཡོད་པ་སོགས་ཁོ་ཚོའི་བསམ་བློར་དམར་ཤོག་གི་ལྟ་བས་ཤུགས་རྐྱེན་སྤྲད་འདུག །
སེམས་དང་ཚེ་སྲོག
ང་རང་ཉིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྷ་རམ་ས་ལར་འཚོགས་པའི་སེམས་དང་ཚེ་སྲོག་ཅེས་པའི་ཚོགས་འདུ་མང་པོར་ང་རང་ཚོགས་བཅར་ཞུ་དགོས་པའི་བཀའ་གནང་བྱུང་། ཚོགས་འདུ་དེ་ཚོའི་ཚོགས་བཅར་བ་མང་ཆེ་བ་སྐད་གྲགས་ཡོད་པའི་འཛམ་གླིང་ནུབ་ཕྱོགས་ཀྱི་ཚན་རིག་པ་ཤ་སྟག་རེད་འདུག་ཅིང་།ཚོགས་འདུ་དེ་ཚོའི་ཐོག་ཚན་རིག་པས་ནང་པའི་འདོད་ཚུལ་ཤེས་རྟོགས་བྱེད་རྒྱུར་དོ་སྣང་དང་འདུན་པ་ཆེན་པོ་ཡོད་པ་དངོས་སུ་མཐོང་བྱུང་། ད་དུང་འཛམ་གླིང་ནུབ་ཕྱོགས་པའི་ཚན་རིག་པ་མང་ཆེ་བ་སྟེ། ཕལ་ཆེར་བརྒྱ་ཆ་བདུན་ཅུ་ཙམ་ཆོས་དད་ཡོད་མཁན་རེད་འདུག འདི་ཚོ་ནི་ང་རང་གིས་དངོས་སུ་མྱོང་བའི་ཉམས་མྱོང་ཁག་གཅིག་ཡིན། ང་རང་ཚོས་མི་ཚེའི་ནང་ཉིན་ལྟར་བདེན་པའི་གནས་ལུགས་ལ་འཚོལ་སྙེག་བྱེད་ཀྱི་ཡོད་ཅིང་། དེའང་བདེན་པའི་གནས་ལུགས་ཙམ་མ་ཡིན་པར་དོན་དམ་གྱི་བདེན་པ་ཡིན་ངེས་རེད། འདི་གནས་ཚུལ་བཟང་པོ་ཡིན་མིན་གང་ལྟར་ཡང་། ང་ཚོས་དོན་དམ་བདེན་པ་ཇི་ཙམ་བཙལ་ཡང་དེ་ཙམ་དེ་དངོས་སུ་རྙེད་རྒྱུ་མེད་པར་སྣང་། དཔལ་འབྱོར་སྤྱི་ཚོགས་དང་། ཤེས་ཡོན་སློབ་གསོ། ཆབ་སྲིད་སོགས་གང་དུའང་ང་ཚོས་དོན་དམ་གྱི་གནས་ལུགས་ལ་འཚོལ་སྙེག་བྱས་ཏེ་རྙེད་རྒྱུ་དཀའ་ཚེགས་ཆེ་རུ་ཆེ་རུ་འགྲོ་བཞིན་ཡོད།
དེང་སྐབས་དངོས་ཁམས་རིག་པ་བ་མང་པོས་དོན་དངོས་ཞེས་པ་རང་གི་འདོད་ཚུལ་དང་འབྲེལ་ཡོད་པའི་དོགས་པ་བྱེད་འགོ་ཚུགས་ཡོད་ཅིང་། ཚོད་ལྟ་ཁང་སོགས་སུ་ཡང་ནས་ཡང་དུ་ཚོད་ལྟ་བྱེད་སྐབས་དངོས་ཁམས་རིག་པ་བ་དེ་ཚོའི་སེམས་ནང་ཁོ་རང་ཚོའི་རྙེད་དོན་དེ་ཚོ་རང་གི་རྟོག་པས་བཟོས་པ་མིན་སྙམ་པའི་དོགས་པ་ཡོང་གི་ཡོད། ལོ་མང་པོའི་སྔོན་ལ་ཚན་རིག་པ་ཚོས་ཁྱད་ཆོས་གསུམ་མམ།བཞི་ཡོད་པའི་ཡིད་ཆེས་བྱས་ཡོད་ཀྱང་། ད་ལྟ་ཁོ་ཚོས་ཁྱད་ཆོས་བཅུ་གཅིག་ཙམ་རྙེད་ཡོད་ས་རེད། རྗེས་ལ་ཁོ་ཚོས་རིམ་པས་ཁྱད་ཆོས་དེ་ལས་མང་བ་རྙེད་སྲིད། གསར་རྙེད་ཤེས་བྱ་གཅིག་མཇུག་གཅིག་མཐུད་གྱིས་འཐོན་གྱི་ཡོད་ཅིང་།གསར་རྙེད་ཤེས་བྱ་མང་པོ་ཞིག་དེ་སྔའི་གསར་རྙེད་ཤེས་བྱ་དང་འགལ་བ་རེད། དེར་བརྟེན།ངའི་བསམ་པར་ང་ཚོར་ཤེས་བྱའམ། གནས་ལུགས་ཤིག་གསར་དུ་རྙེད་དུས་ང་ཚོས་དེ་དོན་དམ་མམ། ཡང་དག་པར་རྩི་གི་ཡོད་ཀྱང་། ཕྱིས་ཀྱི་གསར་རྙེད་ཤེས་བྱས་ང་ཚོའི་སྔོན་གྱི་ཡིད་ཆེས་དེ་ནོར་བ་ཡིན་པའི་ཁུངས་སྐྱེལ་བྱེད་ཀྱི་རེད།
དྲི་བ་དྲིས་ལན།
Rob Hogendoorn ཁྱེད་ཀྱིས་དོན་དམ་བདེན་པ་ཞེས་པའི་ཤེས་བྱའམ། གནས་ལུགས་མེད་ཅེས་གསུང་དུས་ཐོག་མ་ནས་ངེས་པའི་ཆོས་(certainty)ཤིག་མེད་ཅེས་གསུང་གི་ཡོད་དམ། མ་ཟད་ནང་ཆོས་ཀྱིས་ཐོག་མ་ནས་ངེས་པའི་ཤེས་བྱར་ཁས་ལེན་བྱེད་ཀྱི་ཡོད་དམ།
ཨ་མཆོག་རིན་པོ་ཆེ། དྲི་བ་འདི་ཧ་ཅང་ཡག་པོ་འདུག “ཐོག་མ་ནས་ངེས་པ”དང་དོན་དམ་བདེན་པའི་དབར་གྱི་འབྲེལ་བ་ངས་གསལ་པོ་མི་ཤེས་ཀྱང་། དེ་གཉིས་དབར་ཁྱད་པར་ཏོག་ཙམ་ཡོད་ས་རེད།
Rob Hogendoorn ཚན་རིག་ཟབ་སྦྱོང་སྐབས་གནད་དོན་འདིའི་ཐོག་བགྲོ་གླེང་བྱུང་སོང་ངམ།
ཨ་མཆོག་རིན་པོ་ཆེ། བྱུང་བ་རེད། འོན་ཀྱང་། ཐོག་མ་ནས་ངེས་པའི་དོན་ལ་དཔྱད་པ་བཏང་སྟེ་དོན་དམ་བདེན་པ་བཙལ་བ་ཡིན་ན་དེ་གཉིས་ཀྱི་འབྲེལ་བ་དེ་བས་མི་གསལ་བ་འགྱུར་གྱི་རེད།
Rob Hogendoorn འཛམ་གླིང་ནུབ་ཕྱོགས་ཀྱི་ལྟ་གྲུབ་སྨྲ་བ་ཚོའི་ཁྲོད་དུ་ཐོག་མ་ནས་ངེས་པའི་ཤེས་བྱ་ཡོད་ཅེས་ཤོད་མཁན་མང་པོ་ལྷག་མེད།གང་ཡིན་ཞེ་ན། དེ་ལྟར་བཤད་ན་གཞན་གྱིས་གང་བཤད་ལ་ལམ་སེང་ཡིད་ཆེས་བྱེད་མཁན་ལ་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན། འཛམ་གླིང་ནུབ་ཕྱོགས་ཁུལ་དུ་ཐོག་མ་ནས་ངེས་པར་འདོད་མཁན་ཧ་ལམ་མེད་པ་ལྟ་བུ་རེད། གཅིག་བྱས་ན་འཛམ་གླིང་ནུབ་ཕྱོགས་ཀྱི་མི་ཚོས་ནང་ཆོས་ལྟ་བུའི་གནས་གཞན་དུ་ཐོག་མ་ནས་ངེས་པའི་གནས་ལུགས་རྙེད་རྒྱུའི་རེ་བ་བྱས་ཏེ་བློ་ཁ་དེ་ཚོར་འཕོས་ཡོད་སྲིད། འཛམ་གླིང་ནུབ་ཕྱོགས་ཀྱི་མི་ཚོས་ནང་ཆོས་ནང་ཐོག་མ་ནས་ངེས་པའི་གནས་ལུགས་རྙེད་རྒྱུའི་རེ་བ་བྱས་ན་ཅོལ་ཆུང་རེད་དམ།
ཨ་མཆོག་རིན་པོ་ཆེ། ངས་དེར་ཅོལ་ཆུང་ལབ་ས་མ་རེད། འོན་ཀྱང་། ངས་ཐོག་མ་ནས་ངེས་པར་ཐེ་ཚོམ་བྱེད་དོན་དང་དོན་དམ་བདེན་པ་འབྲེལ་བ་ཡོད། ཕྱི་ཚུལ་ལ་ཐོག་མ་ནས་ངེས་པ་ཡོད་པ་ལྟར་སྣང་ཡང་། གལ་ཏེ་དཔྱད་པ་བཏང་སྟེ་དབྱེ་ཞིབ་གཏིང་ཟབ་པོ་བྱས་ན་དོན་དམ་དང་འབྲེལ་བའི་ཐོག་མ་ནས་ངེས་པའི་གཞི་རྟེན་རིམ་པས་བརླག་འགྲོ་གི་རེད།
Rob Hogendoorn བྱས་ན་ཁྱེད་ཀྱིས་སྒྲུབ་རུང་བ་གང་ཞིག གཞི་རྟེན་བྲལ་བའི་ཐོག་མ་ནས་ངེས་པའི་ལྟོས་བཅས་སམ། ཀུན་རྫོབ་ཀྱི་འདུ་ཤེས་ཤིག་ཡོད་ཅེས་གསུང་གི་ཡོད་དམ།
ཨ་མཆོག་རིན་པོ་ཆེ། ཡོད། ཐོག་མ་ངེས་པའི་ལྟོས་བཅས་ཀྱི་འདུ་ཤེས་དེས་རིམ་ཁ་ཤས་སར་འགན་ལེན་ལྟ་བུའི་ནུས་པ་འཐོན་གྱི་ཡོད། འོན་ཀྱང་། གལ་ཏེ་དེ་བས་གཏིང་ཟབ་པའི་དཔྱད་པ་བྱས་ན་ཐོག་མ་ནས་ངེས་པ་རྙེད་རྒྱུ་མེད། འདི་དང་དོན་དམ་གྱི་གནས་ལུགས་འབྲེལ་བ་ཡོད།
ཚོགས་བཅར་བ་ཞིག བགྲོ་གླེང་འདིའི་ནང་ང་ཚོས་ཡང་སྲིད་དཔེ་མཚོན་དུ་བླངས་ན་འགྲིག་གི་རེད་དམ། གོང་དུ་ཁྱེད་ཀྱིས་ནང་པའི་ཡང་སྲིད་ཀྱི་འདོད་ཚུལ་དང་སྐྱེ་དངོས་ཚན་རིག་གི་རྙེད་དོན་དབར་འགལ་བ་གང་ཡང་མི་འདུག་ཅེས་གསུངས་སོང་། འདིའི་ཐོག་ཁྱེད་ཀྱིས་འགྲེལ་བཤད་ཅུང་རྒྱས་ཙམ་གནང་རོགས། གང་ཡིན་ཞེ་ན། འཛམ་གླིང་ནུབ་ཕྱོགས་པ་མང་པོས་སྐྱེ་བ་ཕྱི་མ་ཡོད་པར་མཐའ་གཅིག་ཏུ་ཡིད་ཆེས་བྱེད་ཐུབ་ཀྱི་མེད་ཅིང་། དེ་ནི་ཡིད་ཆེས་ཙམ་རེད་ཅེས་ཤོད་ཀྱི་ཡོད།
ཨ་མཆོག་རིན་པོ་ཆེ། ཐ་ན་ནང་པས་ཀྱང་སྐྱེ་བ་ཕྱི་མ་མཐའ་གཅིག་ཏུ་ཡོད་པའི་ངེས་པ་མེད་ཅེས་ཤོད་ཀྱི་ཡོད། ང་ཚོས་སྐྱེ་བ་ཕྱི་མ་ཞེས་པ་སྣང་ཚུལ་ཐོག་ནས་ཤོད་ཀྱི་ཡོད་ཅིང་། དབྱིན་སྐད་ཐོག་ཀུན་རྫོབ་བམ།conventionalཐོག་ནས་ཤོད་ཀྱི་ཡོད་ས་རེད། ངས་དབྱིན་ཇིའི་ཚིག་conventionalཞེས་པའི་དོན་ཁ་གསལ་པོར་ཤེས་ཀྱི་མེད་ཀྱང་། གལ་ཏེ་སྣང་ཚུལ་ལས་བརྒལ་ཏེ་དེ་བས་གཏིང་ཟབ་པའི་དཔྱད་པ་བཏང་ན་ཐོག་མ་ནས་ངེས་པ་དང་སྐྱེ་བ་ཕྱི་མའི་འདུ་ཤེས་བརླག་འགྲོ་གི་རེད། ནང་ཆོས་དབྱིན་སྐད་དུ་སྒྱུར་མཁན་མང་པོས་“ཀུན་རྫོབ་ཀྱི་ཐོག་ནས”དང“དོན་དམ་པའི་ཐོག་ནས”ཞེས་པའི་ཚིག་བེད་སྤྱོད་གཏོང་གི་ཡོད། དོན་དམ་པའི་ཐོག་ནས་ཐ་སྙད་འདི་བེད་སྤྱད་དེ་བཤད་ན། ང་ཚོས་མཐར་ཐུག་སྐྱེ་བ་ཕྱི་མ་ལྟ་ཅི། ཐ་ན་སྟོན་པ་བཅོམ་ལྡན་འདས་དང་ཐར་པའང་མེད་ཅེས་ཤོད་ཆོག་གི་རེད།
ངའི་བསམ་པར་ཁྱོད་ཀྱིས་ཆོས་གང་ཡང་རུང་བ་ཞིག་མ་གློད་པར་བཟུང་ན་དེ་ཞེན་ཆགས་དང་འདོད་ཆགས་ཀྱི་རྣམ་པར་འགྱུར་གྱི་རེད། འདོད་ཆགས་དང་ཞེན་ཆགས་ནི་ཁྱོད་ཀྱིས་གང་བདེན་པར་ངོས་བཟུང་བའམ། ཡིད་ཆེས་པ་དང་འབྲེལ་བ་ཆེན་པོ་ཡོད། དཔེར་ན། ངས་ང་རང་གིས་གང་བཤད་པ་བདེན་པ་ཡིན་པ་དང་།དེར་དེ་ལས་གཞན་པའི་འགྲེལ་ལུགས་མེད་པའི་ཡིད་ཆེས་དང་བཅས་གཏམ་བཤད་བྱེད་བཞིན་པའི་སྐབས་སུ་གལ་ཏེ་མི་ཞིག་གིས་ངས་གང་བཤད་པ་མཐའ་གཅིག་ཏུ་ནོར་བ་རེད་ཅེས་བཤད་ན་དེར་ངས་ཡ་ལན་གང་སྤྲོད་རྒྱུ་རེད་དམ། རྣམ་འགྱུར་གང་སྟོན་རྒྱུ་རེད་དམ། གལ་ཏེ་ངའི་ངོ་གདོང་དམར་པོར་གྱུར་ན་དེ་མ་ཐག་ངའི་རྒྱུད་ལ་སེམས་ཚོར་དྲག་པོ་ཞིག་བྱུང་ཡོད་པའི་རྟགས་རེད། ངའི་སེམས་ཁམས་ལ་འགྱུར་བ་སོང་བའི་སྐད་ཅིག་མ་དེར་ངར་རྙོག་གྲ་འཕྲད་འགོ་ཚུགས་པ་རེད། མི་དགའ་བ་དང་མི་འདོད་པའི་མྱོང་བ་ཚང་མ་ཞེན་ཆགས་དང་འདོད་ཆགས་དང་འབྲེལ་བ་ཡོད། རང་གི་སེམས་ཁམས་ལ་འགྱུར་བ་སོང་བའི་སྐད་ཅིག་དེར་མཐའ་འཁོར་གྱི་ཁོར་ཡུག་ལའང་འགྱུར་བ་འགྲོ་རྒྱུ་ཡིན་པ་ངེས་པ་རེད། འདི་ནི་རྒྱུན་ཤེས་ཀྱི་ཐོག་མ་ནས་ངེས་པའི་གནས་ལུགས་རེད།
སྐབས་སྐབས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་དང་རྒྱལ་སྤྱིའི་ཐོག་ཆེ་མཐོང་ཆེན་པོ་ཡོད་པའི་ཚན་རིག་པ་ཞིག་དབར་བགྲོ་གླེང་གནང་བའི་ཉམས་མྱོང་གསུང་གི་རེད། ཚན་རིག་པ་དེས་༸གོང་ས་མཆོག་གིས་འདི་ལྟར་བཤད་འདུག་སྟེ། ཁོ་རང་ལ་ཤེས་བྱ་གསར་པ་ཞིག་རྙེད་དུས་ཁོང་གིས་དེར་ཚད་ལས་འདས་པའི་ཞེན་ཆགས་བྱེད་རྒྱུ་མེད་པ་ཧ་ཅང་གལ་ཆེན་པོ་རེད་བཞག གལ་ཏེ་གསར་རྙེད་ཤེས་བྱ་དེར་ཁོ་རང་ལ་ཚད་ལས་འདས་པའི་ཞེན་ཆགས་སྐྱེས་ན་ཁོང་གིས་དེར་གོང་འཕེལ་ལམ། ཡང་ན་དེ་ཡར་རྒྱས་གཏོང་རྒྱུར་དཀའ་ལས་ཁག་པོ་འདུག་ཅེས་བཤད་འདུག དེར་བརྟེན། མིང་དོན་མཚུངས་པའི་ཚན་རིག་པ་ཞིག་ཡིན་ན་རང་གི་གསར་རྙེད་ཤེས་བྱར་ཞེན་ཆགས་ཚད་ལས་འདས་པ་བྱེད་རྒྱུ་མེད། ༸གོང་ས་མཆོག་གིས་ཚན་རིག་པ་དེའི་སྐད་ཆར་གོ་རྒྱུ་གཏིང་ཟབ་ཡོད་པའི་ངོས་འཛིན་གནང་གི་འདུག ཚན་རིག་པ་ཚོར་རྙེད་པའི་ཤེས་བྱ་གསར་པ་དེ་ཚོ་ལྟོས་བཅས་དང་ཀུན་རྫོབ་ཀྱི་ཐོག་ནས་ཤེས་བྱ་གསར་པ་ཡིན་ཡང་། མྱོང་བ་གང་ལ་བརྟེན་ནས་ཁོ་ཚོས་ཚམ་ཚོམ་བྱེད་དགོས་བྱུང་བ་དེ་ལྟོས་མེད་དམ། རང་ཚུགས་སུ་གྲུབ་པ་ཞིག་རྙེད་དཀའ་བ་ཡིན་པ་དང་འབྲེལ་བ་ཡོད། ཁོ་ཚོར་ཐེ་ཚོམ་སྐྱེས་པ་དེ་ཁོ་ཚོར་དོན་དམ་གྱི་མྱོང་བ་སྐྱེ་འགོ་ཚུགས་པ་དང་འབྲེལ་བ་ཡོད།
འོན་ཀྱང་། ཀུན་རྫོབ་ཀྱི་ཆ་ནས་ཐོག་མ་ནས་ངེས་པའི་གནས་ལུགས་ཡོད་པ་རྒྱུན་ཤེས་རེད། ཁྱོད་ཀྱིས་གནད་ལ་ཁེལ་བའི་དཔྱད་པ་མི་གཏོང་བའི་སྐབས་སུ་ཐོག་མ་ནས་ངེས་པ་བདེན་པ་རེད། དཔེར་ན། ང་དེ་རིང་ཧོ་ལན་ཌིར(Holland)གཏམ་བཤད་བྱེད་པར་ཡོང་རྒྱུ་ངེས་པ་རེད། འདི་ཀུན་རྫོབ་ཀྱི་ཆ་ནས་ངེས་པ་རེད། ང་ཚོ་ཁ་ཆད་བྱས་ཡོད་པས་གལ་ཏེ་ང་གཏམ་བཤད་བྱེད་པར་ཡོང་མི་ཐུབ་ན་ང་སྐྱིད་པོ་ཡོང་གི་མ་རེད། མ་ཟད་ངས་ཁྱོད་ཚོར་ཁས་ལེན་བྱས་པ་རེད། ཁས་ལེན་དེ་ཀུན་རྫོབ་ཀྱི་ཆ་ནས་ཐོག་མ་ནས་ངེས་པ་ཞིག་རེད། ང་དངོས་ཁམས་རིག་པ་བ་ཚོས་ཤེས་བྱ་ཚང་མ་ཆ་ཤས་ཕྲ་མོ་ནས་ཆེས་ཕྲ་མོར་གསེ་དོན་གང་ཡིན་ནམ་སྙམ་གྱི་འདུག་ཅིང་། ངའི་བསམ་པར་ཁོ་ཚོས་དོན་དམ་བདེན་པ་འཚོལ་ཐབས་བྱེད་ཀྱི་ཡོད་སྟབས་རེད། གློག་རྡུལ་དུམ་བུར་བཏང་སྟེ་ཕོ་རྡུལ་(རྒྱུ་རྡུལ)དུ་གསེས་ཡོད། འོན་ཀྱང་། དངོས་ཁམས་རིག་པ་བ་ཚོས་ཕོ་རྡུལ(རྒྱུ་རྡུལ)དེ་ཚོ་དེ་བས་ཀྱང་ཆ་ཤས་ཕྲ་མོར་གསེ་ཐུབ་མིན་ངས་མི་ཤེས།
རྡུལ་ཕྲ་མོར་ཚོད་ལྟ་བྱེད་པ་དེ་ཐོག་མ་ནས་ངེས་པ་ཡོད་མེད་ཀྱི་གནད་དོན་ཞིག་རེད། ཚན་རིག་པས་ཚོད་ལྟ་ཁང་དུ་ཤེས་བྱར་(རྡུལ་ཕྲ་མོར)བརྟག་ཞིབ་དང་། ཞིབ་དཔྱོད། དབྱེ་ཞིབ་རྒྱུན་མི་ཆད་པར་བྱས་ཏེ་ཐོག་མ་ནས་ངེས་པ་འཚོལ་གྱི་ཡོད། ཁོ་ཚོས་ཚོད་ལྟ་ཁང་དུ་ཚོད་ལྟ་བྱེད་དུས་ཁོ་རང་ཚོས་ཚོད་ལྟའི་བརྒྱུད་རིམ་མམ། ཚོད་ལྟ་བྱེད་སྟངས་བྱེད་ལུགས་ཏག་ཏག་བྱེད་ཀྱི་ཡོད་མེད་ལ་དོགས་པ་བྱེད་པ་དང་། ད་དུང་ཚོད་ལྟའི་འཕྲུལ་ཆས་དང་ཡོ་ཆས་ཀྱང་ཏག་ཏག་ཡོད་མེད་ལྟ་གི་ཡོད་ཀྱང་།ཁོ་ཚོས་རང་གི་སེམས་ཀྱི་གནས་སྟངས་ལ་བརྟེན་ནས་ཚོད་ལྟའི་རྙེད་དོན་ལ་ཁྱད་པར་བཟོ་གི་ཡོད་མེད་ཐོག་དོགས་འདྲི་བྱེད་ཀྱི་མེད། དེ་ལྟར་ཡང་། ཚད་རྡུལ་དངོས་ཁམས་རིག་པ་བས་སེམས་ཀྱི་ཆ་དཔྱད་པའི་ཡུལ་དུ་ལེན་གྱི་ཡོད་པས་འདིར་ཚན་རིག་དང་ནང་ཆོས་མཉམ་དུ་འདུས་ཏེ་སྐད་ཆ་ཤོད་ཐུབ་ཀྱི་ཡོད། འོན་ཀྱང་། ཚན་རིག་དང་ནང་ཆོས་ཕན་ཚུན་ཐུག་སྟེ་སྐད་ཆ་ཤོད་ཡུལ་ཧ་ཅང་ཕྲ་མོ་རེད། ཚན་རིག་པ་ཚོས་ད་ལྟའང་ལྟོས་མེད་དམ། དོན་དམ་གྱི་གནས་ལུགས་མེད་པར་ཡིད་ཆེས་བྱེད་ཀྱི་མེད་ཅིང་། ཁོ་ཚོས་དེར་དོགས་པ་ཙམ་བྱེད་ཀྱི་ཡོད། ནང་པས་དོན་དམ་དུ་མེད་པ་ཤེས་ཀྱི་ཡོད། འོན་ཀྱང་། ཀུན་རྫོབ་ཀྱི་ཆ་ནས་ཐོག་མ་ནས་ངེས་པ་ཡོད་ཅེས་ཤོད་ཀྱི་ཡོད།
ང་ཚོས་ཀུན་རྫོབ་ཀྱི་ཐོག་མ་ནས་ངེས་པར་སྣང་ཆུང་བྱེད་རྒྱུ་མེད། འཛམ་གླིང་ནུབ་ཕྱོགས་ཀྱི་སྤྱི་ཚོགས་ནང་ཀུན་རྫོབ་ཀྱི་ཆ་ནས་ཐོག་མ་ནས་ངེས་པ་ཡོད་པ་གཞིར་བཅས་ཁྲིམས་དང་སྒྲིག་སྲོལ་གཏན་འབེབས་བྱེད་ཀྱི་ཡོད། འདི་སྤྱི་ཚོགས་དང་མི་སྡེ་ཚང་མར་གལ་ཆེན་པོ་རེད། དཔེར་ན། འཛམ་གླིང་ནུབ་ཕྱོགས་པ་ཚོས་རླངས་འཁོར་གྱི་མྱུར་ཚད་མགྱོགས་སུ་གཏོང་ཐབས་ལ་དཀའ་ལས་མང་པོ་རྒྱག་གི་ཡོད་ཀྱང་། དུས་མཚུངས་པར་ཁོ་ཚོས་འགྲིམ་འགྲུལ་གློག་བརྡ་དམར་སྔོན་སྔར་ལས་ཇེ་མང་གསར་འཛུགས་བྱེད་དགོས་ཀྱི་ཡོད། འགྲིམ་འགྲུལ་གློག་བརྡས་རླངས་འཁོར་གྱི་མྱུར་ཚད་ཀུན་རྫོབ་ཀྱི་ཆ་ནས་ཚོད་འཛིན་བྱེད་ཀྱི་ཡོད་ཅིང་། དེའི་ཆ་ནས་ང་ཚོས་དོན་དངོས་ངེས་པའི་ཆར་རྩི་འཇོག་བྱེད་དགོས་པས་རྒྱུན་ཤེས་སྣང་མེད་དུ་གཏོང་མི་རུང་། གལ་ཏེ་ངས་རྒྱུན་ཤེས་སྣང་མེད་དུ་བཏང་ན་ང་ལ་རོགས་པ་གཅིག་ཀྱང་རག་གི་མ་རེད། ང་ལ་རོགས་པ་དགོས་པ་དང་། ང་ཚོ་ཕན་ཚུན་གཅིག་ལ་གཅིག་བརྟེན་རེད། འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བྱ་རྒོད་ཕུང་པོའི་རིར་གནང་བའི་ཀུན་རྫོབ་དང་དོན་དམ་བདེན་པའི་བཀའ་ཆོས་གཙོ་བོ་དེ་རེད། མི་མང་པོར་བདེན་པ་དེ་གཉིས་དུས་རྟག་ཏུ་འགལ་ཟླར་གནས་ཡོད།
Rob Hogendoorn ངས་གོང་གི་ཡང་སྲིད་དམ། སྐྱེ་བ་ཕྱི་མའི་སྐོར་གྱི་བཀའ་མོལ་ཐོག་བསམ་བློ་གཏོང་སྐབས་ངའི་སེམས་ནང་ང་ཚོས་སྐྱེ་བ་ཕྱི་མར་སྣང་ཚུལ་ཐོག་ནས་བསམ་བློ་བཏང་ན་བོད་པར་སྐྱེ་བ་ཕྱི་མ་དངོས་ཡོད་དུ་སྣང་གི་ཡོད་ཚོད་འདུག དེར་དགག་པ་ཇི་ལྟར་རྒྱག་ཐུབ་བམ། དཔང་རྟགས་དང་ཁུངས་སྐྱེལ་གང་ལ་བརྟེན་ནས་བོད་པས་སྐྱེ་བ་ཕྱི་མ་མེད་པར་ཁས་ལེན་བྱེད་དགོས་བཟོ་ཐུབ་བམ།
ཨ་མཆོག་རིན་པོ་ཆེ། སྐྱེ་དངོས་ཚན་རིག་གིས་སྐྱེ་བ་ཕྱི་མ་ཡོད་ཅེས་ཤོད་ཀྱི་མེད་ལ། མེད་ཅེས་ཀྱང་ཤོད་ཀྱི་མེད། རྣམ་ཤེས་ཨ་མའི་མངལ་དུ་ཕྱི་ལོགས་ནས་ཞུགས་ཀྱི་ཡོད། ཁམས་དཀར་པོ་ས་ཡ་མང་པོ་ཨ་མའི་མངལ་དུ་ཞུགས་ཀྱི་ཡོད་ཀྱང་། དེ་ཚོ་མང་ཆེ་བ་ལམ་བར་དུ་འཆི་འགྲོ་གི་ཡོད་པ་དང་། ཁམས་དཀར་པོ་གཉིས་གསུམ་མ་གཏོགས་ཁམས་དམར་པོ་དང་སྦྱོར་ཐུབ་ཀྱི་མེད། སྤྱིར་བཏང་བྱས་ན་ཁམས་དཀར་དམར་བར་གྱི་རྒྱང་ཐག་རིང་པོ་མ་རེད་ཀྱང་། ད་དུང་ཁམས་དཀར་པོ་ས་ཡ་མང་པོ་ཁམས་དམར་པོ་བར་སླེབ་ཐུབ་ཀྱི་མེད་པས་སྐྱེ་དངོས་ཚན་རིག་པ་ཚོས་ད་ལྟའང་ཨ་མའི་མངལ་སྣོད་དུ་ཕྱི་རོལ་ནས་རྣམ་ཤེས་ཤིག་ཞུགས་རྗེས་མངལ་སྦྲུམ་ཆགས་ཀྱི་མེད་དམ་སྙམ་པའི་དོགས་པ་བྱེད་བཞིན་ཡོད། སྐྱེ་དངོས་ཚན་རིག་གི་འདོད་ཚུལ་ལྟར་ན་མངལ་སྦྲུམ་ལ་རྣམ་ཤེས་“ཕྱི་རོལ་”ནས་ཞུགས་ཞེས་ཤོད་དགོས་ཀྱང་།ནང་པའི་འདོད་ཚུལ་ལྟར་ན། རྣམ་ཤེས་དེ་“སྐྱེ་བ་སྔོན་མའི་”རྒྱུན་རེད་ཅེས་ཤོད་ཀྱི་རེད། གལ་ཏེ་རྣམ་ཤེས་ཕྱི་རོལ་ནས་མངལ་སྦྲུམ་ལ་ཞུགས་ཀྱི་ཡོད་པ་དང་།མངའ་སྦྲུམ་དེ་རིམ་པས་མིར་འགྱུར་གྱི་ཡོད་པ་ཁུངས་སྐྱེལ་བྱེད་ཐུབ་ན་སྐྱེ་དངོས་ཚན་རིག་གི་ལམ་ནས་སྐྱེ་བ་ཕྱི་མ་དངོས་ཡོད་ཡིན་པ་ར་སྤྲོད་བྱེད་ལས་སླ་པོ་རེད།འོན་ཀྱང་། སྐྱེ་དངོས་ཚན་རིག་གིས་དེ་ལྟར་བྱེད་ཐུབ་པར་ད་དུང་དུས་ཡུན་རིང་པོ་འགོར་ངེས་རེད། དེ་ལྟར་ཡང་། ནང་ཆོས་ཀྱིས་ཚོད་ལྟར་བྱེད་དགོས་དོན་མེད། གང་ཡིན་ཞེ་ན་རང་གི་སྐྱེ་བ་སྔོན་མའི་གནས་ཚུལ་དྲན་མཁན་མི་མང་པོ་ཡོད་པ་ལས་སྐྱེ་བ་ཕྱི་མ་ཡོད་པ་གསལ་པོ་རེད་ཅེས་ཤོད་ཀྱི་ཡོད །སྐྱེ་བ་སྔ་ཕྱི་དངོས་ཡོད་ཡིན་མིན་ཐོག་དྲན་པ་གལ་ཆེན་པོ་ཡིན་པར་ངོས་འཛིན་བྱེད་རྒྱུ་གལ་ཆེན་པོ་རེད། དཔེར་ན། རང་ལོ་དྲུག་ཅུར་སོན་པའི་ཨ་མཆོག་རིན་པོ་ཆེ་བོད་ནས་ཡོང་ཡོད་པ་དྲན་པས་མ་གཏོགས་ཁུངས་སྐྱེལ་ཐུབ་ཀྱི་མ་རེད། གལ་ཏེ་ངས་ང་རང་བོད་ནས་ཡོང་བ་བརྗེད་པའམ། གཞན་གྱིས་ཀྱང་དྲན་མ་གསོས་ན་ང་བོད་ནས་ཡོང་ཡོད་པར་སུ་དང་གང་ལའང་དཔང་རྟགས་སྟོན་རྒྱུ་མེད།
Rob Hogendoorn ཁྱེད་ཀྱིས་དེ་ལས་གཞན་པའི་རྒྱུན་མེད་ཅེས་གསུང་གི་ཡོད་དམ།
ཨ་མཆོག་རིན་པོ་ཆེ། ལགས་འོང་། དེ་འདྲ་ཆགས་ན་རྒྱུན་མེད་ལ། རྒྱུན་ཡོད་པ་ཤེས་མཁན་ཡང་མེད། ང་ཚོའི་ཉིན་རེའི་འཚོ་བའི་ནང་དྲན་པ་ཧ་ཅང་གལ་ཆེན་པོ་རེད། ཚན་རིག་པ་ཚུད་པའི་ང་ཚོ་ཚང་མས་དངོས་སུ་ཁས་ལེན་མ་བྱས་ནའང་དྲན་པ་སྟེན་གྱི་ཡོད། དཔེར་ན། ཐོ་བཀོད་ཡིག་ཆ་ལ་བརྟེན་ནས་ས་ཌམ་ཧུ་སན་ (Saddam Hussein)གྱི་ཌི་ཨན་ཨད་(DNA)ཁུངས་སྐྱེལ་དཔང་རྟགས་སྟོན་དགོས་ཤིང་། དེ་འདྲའི་ཐོ་བཀོད་ཡིག་ཆ་དྲན་པ་གཞིར་བཞག་པ་རེད།
Rob Hogendoorn ཁྱེད་ཀྱིས་ང་ཚོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁྱེད་ལ་གྲྭ་པ་ཚོར་ཚན་རིག་སློབ་སྦྱོང་སྤྲོད་རྒྱུའི་དགོངས་ཚུལ་དེ་ཇི་ལྟར་གསུངས་པའི་སྐོར་གསུངས་སོང་། ཁྱེད་ཀྱིས་ང་ཚོར་ད་དུང་དགོངས་ཚུལ་དེར་མི་ཁ་ཤས་དེ་ཙམ་སྤྲོ་སེམས་ཆེན་པོ་བྱུང་མེད་པའི་སྐོར་ཡང་གསུངས་བྱུང་། ལས་གཞི་གསར་པ་འདིར་ངོ་རྒོལ་བྱེད་མཁན་ཚོས་རིགས་པ་རྒྱུ་མཚན་གང་གཞིར་བཞག་སྟེ་ངོ་རྒོལ་བྱེད་ཀྱི་ཡོད་པ་ཁྱེད་ཀྱིས་ང་ཚོར་འགྲེལ་བཤད་ཅིག་གནང་རོགས།ཁོ་ཚོས་རྩོད་པ་གང་རྒྱག་གི་ཡོད་དམ།
ཨ་མཆོག་རིན་པོ་ཆེ། ཁོ་ཚོས་རིགས་པ་རྒྱུ་མཚན་གང་ཡང་བཤད་མེད། ཁོ་ཚོས་དགོངས་ཚུལ་དེ་༸གོང་ས་༸སྐྱབས་མགོན་ཆེན་པོའི་དགོངས་ཚུལ་ཡིན་པ་ཤེས་ཀྱི་ཡོད་པས་ཁོ་ཚོས་དེར་ནོར་བ་མེད་པར་ཡིད་ཆེས་བྱེད་ཀྱི་ཡོད། དཔེར་ན། ཁོ་ཚོས་དགོངས་ཚུལ་དེ་ནོར་འཁྲུལ་ཡིན་པའམ། ཡང་ན་དེས་རྙོག་གྲ་བཟོ་རྒྱུ་ཡིན་པའི་རྩོད་པ་རྒྱག་སྲིད་ཀྱི་མ་རེད།
Rob Hogendoorn གཅིག་བྱས་ན་ཁོ་ཚོས་ཡོངས་གྲགས་སུ་མ་ཡིན་ནའང་། ལྐོག་ལྐོག་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་སྲིད་པ་རེད།
ཨ་མཆོག་རིན་པོ་ཆེ། ཡོངས་གྲགས་སུ་སྐྱོན་བརྗོད་དང་རྩོད་པ་རྒྱག་མཁན་མེད། ཁོ་ཚོས“ང་ཚོས་གང་བྱེད་དགོས་པ་ཤེས་ཀྱི་མི་འདུག ང་ཚོས་ལས་གཞི་འདི་ཇི་ལྟར་གོ་སྒྲིག་བྱེད་དགོས་པ་ཤེས་ཀྱི་མི་འདུག”ལྟ་བུའི་སྐད་ཆ་ཙམ་ཤོད་ཀྱི་ཡོད། ཁོ་ཚོའི་རྣམ་འགྱུར་དང་ཡ་ལན་མང་པོ་ཞིག་རྩ་བ་ནས་ཁ་གསལ་པོ་མེད་པས་ཁོ་ཚོའི་སེམས་ནང་རིགས་པ་དང་རྒྱུ་མཚན་གང་ཡོད་ཤེས་ཁག་པོ་རེད།
Rob Hogendoorn ཁྱེད་རང་གི་དགོངས་པར་ཁོ་ཚོའི་རིགས་པ་རྒྱུ་མཚན་གང་རེད་དམ་སྙམ་གྱི་འདུག་གམ། ཁྱེད་རང་གིས་ཚོད་དཔག་གང་གནང་གི་ཡོད་དམ། ཚན་རིག་གྲྭ་པའི་བསླབ་གཞིའི་ཁོངས་སུ་བཅུག་དུས་ཅིའི་ཕྱིར་ཁོ་ཚོར་སེམས་ཁྲལ་ཡོང་གི་ཡོད་དམ། ཁོ་ཚོས་གང་འབྱུང་རྒྱུ་རེད་དམ་སྙམ་སྟེ་ཞེད་སྣང་བྱེད་ཀྱི་ཡོད་དམ།
ཨ་མཆོག་རིན་པོ་ཆེ། ངའི་བསམ་པར་ཁོ་ཚོར་རྒྱུ་མཚན་མང་པོ་ཡོད་ངེས་རེད་བསམ་གྱི་འདུག གཅིག་ནས་ལས་གཞི་དེ་གསར་པ་གསར་རྐྱང་རེད། ད་བར་བོད་པའི་དགོན་སྡེ་ཁག་ཏུ་ཚན་རིག་རྩ་བ་ནས་སློབ་མྱོང་མེད། དེ་ནི་དགོན་སྡེ་ཁག་ལ་བསླབ་གཞི་འཕར་མ་ཞིག་ཡིན་པས་དགོན་སྡེའི་ནང་ཚན་རིག་སློབ་ཁྲིད་བྱེད་རྒྱུ་དཀའ་ལས་ཁག་པོ་ཡིན་པ་ཤོད་མི་དགོས་པ་རེད། གཉིས་ནས་གལ་ཏེ་རང་རང་གི་དགོན་སྡེ་གྲྭ་ཚང་གི་བསླབ་གཞིའི་ཐོག་རིག་པ་རྩེ་གཅིག་ཏུ་བསྒྲིམས་ཏེ་སློབ་གཉེར་བྱེད་མཁན་གྲྭ་པ་སློབ་སྦྱོང་ཡག་ཤོས་ཁ་ཤས་ལ་ཚན་རིག་བསླབས་པ་ཡིན་ན་ཁོ་ཚོ་ས་ཆ་གཞན་དུ་འགྲོ་དགོས་པས་དགོན་སྡེའི་བསླབ་གཞི་ལས་སེམས་གཡེང་སྲིད་པ་རེད། གནས་ལུགས་འདི་གྲྭ་པ་ཚོར་བོད་པའི་སྲོལ་རྒྱུན་བརླག་རྒྱུ་མེད་པ་དང་། ཐེག་པ་ཆེན་པོའི་ཀུན་སློང་བྱང་ཆུབ་སེམས་སམ།སྙིང་རྗེ་ཆེན་པོ་སོགས་རང་གི་དམ་བཅའ་བརྗེད་མི་རུང་ཞེས་བསླབ་བྱ་རྒྱག་མཁན་ཚུད་པའི་སྐྱེ་བོ་ཚང་མས་ཤེས་ཀྱི་ཡོད། འོན་ཀྱང་། ང་རང་གི་བསམ་པར་རིགས་པ་རྒྱུ་མཚན་འདི་ལྟར་གཏོང་གི་མེད་སྙམ་གྱི་འདུག གལ་ཏེ་གྲྭ་པ་སློབ་གཉེར་བ་ཚོས་ནང་པའི་གཞུང་གི་སློབ་གཉེར་ཐོག་རིག་པ་རྩེ་གཅིག་ཏུ་བརྒྱ་ཆ་༧༥དོ་སྣང་བྱེད་ཀྱི་ཡོད་ན་འདི་བརྒྱ་ཆ་གང་ཙམ་མཐོན་པོ་རེད། བརྒྱ་ཆ་ལྷག་མ་༢༥ཁོ་ཚོས་བྱེད་སྒོ་གཞན་ཐོག་དོ་སྣང་བྱེད་ཀྱི་ཡོད། གྲྭ་པ་ཚོར་ཚན་རིག་སློབ་ཁྲིད་བྱས་པ་ཡིས་ཁོ་ཚོས་ནང་པའི་གཞུང་ལ་སློབ་གཉེར་ཆེད་རིག་པ་རྩེ་གཅིག་ཏུ་དོ་སྣང་བྱེད་པའི་བརྒྱ་ཆ་༧༥ནས་བརྒྱ་ཆ་ཇི་ཙམ་ཉུང་དུ་གཏོང་གི་རེད་དམ། བརྒྱ་ཆ་༢༥རེད་དམ།གལ་ཏེ་དེས་བརྒྱ་ཆ་༢༥ཉུང་དུ་གཏོང་གི་ཡོད་པར་ཆ་བཞག་ན་གྲྭ་པ་ཚོའི་ནང་པའི་གཞུང་གི་སློབ་གཉེར་སྤུས་ཚད་དམའ་རུ་གཏོང་གི་ཡོད།
Rob Hogendoorn ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་དུང་གྲྭ་པ་ཚོས་ཚན་རིག་སློབ་སྦྱོང་མི་བྱ་ཐབས་མེད་རེད་ཅེས་གསུང་གི་མི་འདུག་གམ། ཁོང་གིས་ཁྱབ་ཆེ་བའི་ཚན་རིག་གི་འཛམ་གླིང་ལྟ་ཚུལ་དང་མཐུན་པ་ཡོང་ཐབས་སུ་གྲྭ་པ་ཚོས་སྔ་རྗེས་མ་གཏོགས་ཚན་རིག་སློབ་སྦྱོང་བྱེད་དགོས་རེད་ཅེས་གསུང་གི་མི་འདུག་གམ།
ཨ་མཆོག་རིན་པོ་ཆེ། ངའི་བསམ་པར་འདི་ཁོང་གི་རྒྱུ་མཚན་གཅིག་རེད་བསམ་གྱི་འདུག
Rob Hogendoorn འོན་ཀྱང་། མོས་མཐུན་མི་བྱེད་མཁན་ཚོས་ཁོང་གི་རྒྱུ་མཚན་འདིར་ཁས་ལེན་བྱེད་ཀྱི་མེད་པ་རེད་དམ།
ཨ་མཆོག་རིན་པོ་ཆེ། ཁོ་ཚོས་དངོས་སུ་ཁ་ནས་འདི་ལྟར་ཤོད་ཀྱི་མེད། དེ་བས་ཁོ་ཚོས་ཁ་གཡར་ས་ཆུང་ཙག་རིགས་འཚོལ་ཐབས་བྱེད་ཀྱི་ཡོད། ད་ལྟ་གང་གལ་ཆེན་པོ་རེད་དམ་ཞེ་ན། ༸སྐྱབས་མགོན་རིན་པོ་ཆེ་ཚུད་པའི་བླ་མ་སྐྱེས་ཆེན་དམ་པ་ཚོ་ད་དུང་སྐུ་འཚོ་བཞུགས་ཀྱི་སྐབས་སུ་ནང་ཆོས་དང་ཚན་རིག་དབར་བག
གླེང་ཚུགས་ཐུབ་པ་བྱེད་རྒྱུ་གལ་ཆེན་པོ་རེད། དེ་ལྟར་བྱུང་ན་ནང་པའི་གྲྭ་པ་དང་ཚན་རིག་པའི་དབར་འཛམ་གླིང་ནུབ་ཕྱོགས་པའི་ཚན་རིག་གི་འདོད་ཚུལ་གདོང་དང་གདོང་ཐུག་སྟེ་གྲོས་བསྡུར་བྱེད་ཐུབ་ཀྱི་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་ལྟར་བྱུང་ན་ནང་པའི་གྲྭ་པ་ཚོས་ཚན་རིག་གི་ལྟ་ཚུལ་ནས་ཤེས་བྱ་མང་པོ་ཤེས་རྟོགས་བྱུང་སྟེ་ནང་པའི་ལུགས་ལ་གནོད་རྒྱུའི་ཚབ་ཏུ་སྔར་ལས་ཇེ་ཕྱུག་ཏུ་གཏོང་རྒྱུ་ཡིན་པའི་ཡིད་ཆེས་གནང་གི་ཡོད།ཚན་རིག་ཤེས་བྱས་གྲྭ་པ་ཚོའི་སྔར་ཡོད་འདོད་ཚུལ་དེ་བས་སྲ་བརྟན་བཟོ་གི་ཡོད་པས་ཚན་རིག་ཤེས་བྱ་ལས་ཁོ་ཚོར་སྐུལ་ལྕག་ཆེན་པོ་ཐེབས་ཀྱི་འདུག དེར་བརྟེན། ཚན་རིག་གིས་ཁོ་ཚོར་གནོད་རྒྱུ་ལྟ་ཅི།དེ་བས་ཕན་ཐོགས་འདུག འཛམ་གླིང་ནུབ་ཕྱོགས་ཀྱི་ཚན་རིག་སྦྱངས་པ་བརྒྱུད་གྲྭ་པ་ཚོ་རང་གི་ཆོས་ལུགས་ལ་སྔར་ལས་སྤོབས་པ་དང་ཡིད་ཆེས་ཆེ་བར་འགྱུར་གྱི་འདུག་པས་སྔོན་མ་ཁོ་ཚོས་ནང་པའི་གཞུང་གི་སློབ་གཉེར་ཐོག་རིག་པ་རྩེ་གཅིག་ཏུ་བརྒྱ་ཆ་༧༥ལས་འཇོག་གི་མེད་པ་ཡིན་ན། ད་ལྟ་ཁོ་ཚོས་རིག་པ་རྩེ་གཅིག་ཏུ་བརྒྱ་ཆ་༨༠འཇོག་གི་ཡོད།
Rob Hogendoorn སྤྱིར་ངས་ཚོད་དཔག་ཙམ་ལས་བྱེད་མི་ཐུབ་ཀྱང་། ངས་མཐོང་བའི་དཔེ་མཚོན་གཅིག་ནི་༸གོང་ས་༸སྐྱབས་མགོན་ཆེན་པོའི་གསུང་སྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་རེད། ཁོང་དབྱིན་ཡུལ་གྱི་ཀམ་བྷིརི་ཇི(Cambridge)གཙུག་ལག་སློབ་གྲྭ་ཆེན་མོའི་ནང་འཛམ་གླིང་ནུབ་ཕྱོགས་ཀྱི་ལྟ་གྲུབ་སློབ་སྦྱོང་གནང་བར་ཕེབས་པ་རེད། ནང་པའི་མཁས་པ་མང་པོས་འཛམ་གླིང་ནུབ་ཕྱོགས་ཀྱི་ལྟ་གྲུབ་ལ་སློབ་སྦྱོང་བྱས་ན་དུས་ཚོད་འཕྲོ་བརླག་རེད་དགོངས་ཡོད་ངེས་རེད་ཀྱང་། དུས་དེ་ནས་བཟུང་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱི་གསུང་སྒྱུར་ནུས་པར་ཡར་རྒྱས་ཕྱིན་ཡོད།
ཨ་མཆོག་རིན་པོ་ཆེ། ཁོང་གི་གསུང་སྒྱུར་ནུས་པ་གོང་མཐོར་སོང་བ་རེད།
Rob Hogendoorn དེ་ནས་བཟུང་གསུང་སྒྱུར་ཡག་ཏུ་སོང་བར་བརྟེན་ནས་༸གོང་ས་༸སྐྱབས་མགོན་ཆེན་པོའི་གསུང་ཆོས་ཀྱང་ཡག་ཏུ་ཕྱིན་སོང་།ངའི་བསམ་པར་འདི་འདྲ་བྱས་ཏེ་མ་མཐར་ཡང་འཛམ་གླིང་ནུབ་ཕྱོགས་ཀྱི་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་ལེགས་པ་ཡོང་གི་རེད་བསམ་གྱི་འདུག
ཚོགས་བཅར་བ་ཞིག གོང་དུ་ཁྱེད་ཀྱིས་གང་གསུངས་པ་དངོས་ཁམས་རིག་པ་དང་འབྲེལ་བ་ཆེན་པོ་འདུག་ཅིང་། ད་ལྟའི་བརྗོད་གཞི་ནི་སྤྱི་ཚོགས་ཚན་རིག་དང་ལྟ་གྲུབ་སོགས་ཚན་རིག་གི་རིག་པའི་གནས་གཞན་དང་འབྲེལ་བ་འདུག ནང་ཆོས་སུ་ཤེས་པའི་ཚན་རིག་ཐོག་ཤེས་བྱ་ཕྱུག་པོ་ཡོད། དཔེར་ན། སེམས་དང་ཚེ་སྲོག་གི་ཚོགས་འདུ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་དང་ཌད་ཝིཌི་བྷུམ་ (David Bohm)དང་ཕརན་སིསི་ཀོ་ཝ་རི་ལ་ (Francesco Varela)དབར་གྱི་གྲོས་མོལ་དེ་ཚོ་དངོས་ཁམས་རིག་པ་ནས་འགོ་བཙུགས་འདུག་པས། ནང་པའི་གྲྭ་པ་ཚོས་ཚན་རིག་སློབ་སྦྱོང་བྱེད་སྐབས་ཁོ་ཚོས་ནང་ཆོས་ཀྱི་སྔར་ཡོད་ཤེས་བྱ་དེ་ཚོ་ཕྱི་དངོས་པོའི་ཐོག་ནས་བདེན་པ་ར་སྤྲོད་བྱེད་པའི་ཚན་རིག་གི་རིག་པའི་གནས་དེ་ཚོའི་ཐོག་དོ་སྣང་གཙོ་བོ་བྱེད་ཀྱི་ཡོད་དམ།
ཨ་མཆོག་རིན་པོ་ཆེ། སེམས་དང་ཚེ་སྲོག་གི་ཚོགས་འདུའི་སྐབས་ང་ཚོས་གཙོ་བོ་ཤེས་པའི་ཚན་རིག་དང་། དངོས་ཁམས་རིག་པ།སྐྱེ་དངོས་ཚན་རིག་ཐོག་གྲོས་བསྡུར་བྱེད་ཀྱི་ཡོད། ཚན་རིག་ཟབ་སྦྱོང་དེ་ཚོའི་སྐབས་ང་ཚོས་དངོས་ཁམས་རིག་པ་དང་སྐྱེ་དངོས་ཚན་རིག་ཁོ་ནའི་ཐོག་དོ་སྣང་བྱེད་ཀྱི་ཡོད། ད་ལྟ་ང་ཚོས་ཟབ་སྦྱོང་དེ་ཚོའི་ཐོག་དབང་རྩའི་ཚན་རིག་པ་གདན་འདྲེན་ཞུས་ཏེ་ཤེས་པའི་ཚན་རིག་ངོ་སྤྲོད་བྱེད་འགོ་འཛུགས་རྒྱུའི་བསམ་བློ་གཏོང་བཞིན་ཡོད་ཀྱང་། ད་བར་ང་ཚོས་ཤེས་པའི་ཚན་རིག་ཐོག་ལག་པ་འཆང་མེད། ཤེས་པ་དང་ཀླད་པ་འབྲེལ་བ་ཡོད་མེད་རྟོག་ཞིབ་ཀྱི་ཚོད་ལྟ་ཁ་ཤས་བྱས་ཡོད་ཀྱང་། འདས་པའི་ལོ་ལྔའི་རིང་ང་ཚོས་གཙོ་བོ་དངོས་ཁམས་རིག་པ་དང་། སྐྱེ་དངོས་ཚན་རིག རྩིས་རིག་གཙོ་བོར་བཟུང་བ་ཡིན།
Rob Hogendoorn འདི་ཁྱེད་ཚོས་འདམ་ཀ་བྱས་པའི་སྲིད་བྱུས་ཤིག་རེད་དམ།
ཨ་མཆོག་རིན་པོ་ཆེ། རེད། ང་ཚོས་ནང་པའི་ཤེས་པའི་འདོད་ཚུལ་དང་ཚན་རིག་གི་ཤེས་པའི་འདོད་ཚུལ་ཕན་ཚུན་མཉམ་བསྲེས་བྱེད་རྒྱུ་མེད། ང་ཚོ་དངོས་ཁམས་རིག་པ་དང་སྐྱེ་དངོས་ཚན་རིག་ལས་ཚན་རིག་ཁོ་ནའི་ལྟ་ཚུལ་ཤེས་འདོད་ཡོད།
ཚོགས་བཅར་བ་ཞིག བྱས་ན་ནང་ཆོས་ལ་རིག་པའི་གནས་དེ་ཚོ་ནས་ཤེས་བྱ་ལེན་རྒྱུ་མང་ཤོས་ཡོད་པ་རེད་དམ།
ཨ་མཆོག་རིན་པོ་ཆེ། ང་ཚོས་ལས་དོན་གང་ཙམ་བསྒྲུབས་ཟིན་པས་རྗེས་ལ་གང་མགྱོགས་ཤེས་པའི་ཚན་རིག་ལ་སློབ་སྦྱོང་བྱེད་ཀྱི་ཡིན།
Rob Hogendoorn ངས་བོད་བརྒྱུད་ནང་བསྟན་གྱི་ནུབ་ཕྱོགས་པའི་ལོ་ཙཱ་བ་གཙོ་བོའི་གྲས་ཨེ་ལེག་ཛན་དྲར་བྷར་ཛིན་(Alexander Berzin)གྱི་གཏམ་བཤད་ཅིག་བཀླགས་པ་དྲན་བྱུང་། ཁོང་སེར་ཀོང་རིན་པོ་ཆེའི་གསུང་སྒྱུར་རེད། ཕྱི་ལོ་༡༩༨༩ལོར་ཁོང་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་བཞིན་རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་ཆེན་པོའི་གྲྭ་པ་ཚོར་འཛམ་གླིང་ནུབ་ཕྱོགས་ཁུལ་ལ་ནང་ཆོས་འཆད་འཁྲིད་ཀྱི་བརྗོད་གཞིའི་ཐོག་གཏམ་བཤད་བྱེད་པར་ཕྱིན་པ་དང་། ཁོང་གིས་གྲྭ་པ་ཚོར་སྐད་སྒྱུར་བྱེད་སྟངས་དང་། ནུབ་ཕྱོགས་པ་ཚོས་རྒྱུན་དུ་འདྲི་སྲིད་པའི་དྲི་བའི་རིགས་ལ་གཏམ་བཤད་བྱས། གཏམ་བཤད་དེ་ཚོའི་སྐབས་ཁོང་གིས་ད་དུང་ནང་པའི་དགེ་བཤེས་དང་། གྲྭ་པ། ད་དུང་སྐད་སྒྱུར་བ་ཚོས་འཛམ་གླིང་ནུབ་ཕྱོགས་ཀྱི་སེམས་ཁམས་རིག་པ་དང་། ཆོས་ལུགས་དང་ཚན་རིག་ལ་སློབ་སྦྱོང་བྱས་ན་ཡག་པོ་ཡོད། གང་ཡིན་ཞེ་ན། ནུབ་ཕྱོགས་པ་ཚོའི་དྲི་བ་མང་པོ་ཞིག་དེ་ཚོའི་ལྟ་ཚུལ་གཞིར་བཞག་ནས་ཡོང་གི་ཡོད་ཅེས་བཤད་འདུག
འོན་ཀྱང་། དེའི་རྗེས་ལ་ཁོང་གིས་ནང་པའི་གྲྭ་པ་དང་། སྐད་སྒྱུར་ཚོས་འཛམ་གླིང་ནུབ་ཕྱོགས་ཀྱི་ལྟ་གྲུབ་སྦྱོང་དགོས་དོན་མེད། གང་ཡིན་ཞེ་ན། ནུབ་ཕྱོགས་པ་ཁོ་རང་ཚོས་ཀྱང་དེ་སྦྱོང་གི་མེད་ཅེས་བཤད་འདུག་པ་ངས་མགོ་འཚོས་མ་སོང་། ངའི་བསམ་པར་དེ་ནི་བློ་ཡུལ་དུ་ཤོང་དཀའ་བ་ཞིག་རེད། ཅིའི་ཕྱིར་ཞེ་ན། ངའི་བསམ་པར་འཛམ་གླིང་ནུབ་ཕྱོགས་ཀྱི་ལྟ་གྲུབ་ལ་ཤེས་རྟོགས་མ་བྱས་པར་ནུབ་ཕྱོགས་ཀྱི་སེམས་ཁམས་རིག་པ་དང་། ཆོས་ལུགས། ཚན་རིག་ལ་གོ་བ་ལོན་ཐུབ་ཀྱི་མ་རེད་བསམ་གྱི་འདུག དཔེ་བཞག་ན། ཚན་རིག་གི་གཞི་རྟེན་དུ་ཡིད་ཆེས་དང་ལྟ་གྲུབ་ཀྱི་ཚོད་དཔག་མང་པོ་ཡོད། གང་ལྟར་རྗེས་ལ་ཚན་རིག་པའི་བསམ་ཚུལ་གང་ཡིན་པ་དང་། ཁོ་ཚོས་གང་ལ་ཡིད་ཆེས་བྱེད་ཀྱི་ཡོད་པ་ཇི་བཞིན་ཤེས་རྟོགས་བྱེད་པར་ངའི་བསམ་པར་གནས་སྟངས་འདི་ཤེས་དགོས་ཀྱི་རེད། ད་ལྟ་ཁྱེད་ཚོས་ཚང་མ་དུས་གཅིག་ལ་བྱེད་མི་ཐུབ་པ་ངས་ཤེས་ཀྱི་ཡོད་ཀྱང་། ཁྱེད་ཚོས་ཁྱེད་ཚོའི་བསླབ་གཞིའི་ཁོངས་སུ་ནུབ་ཕྱོགས་ཀྱི་ལྟ་གྲུབ་གང་མགྱོགས་འཇུག་རྩིས་ཡོད་དམ། ཡང་ན་རྗེས་ལ་འཇུག་རྒྱུ་ཡིན་ནམ། ཁྱེད་ཚོས་དེ་ད་དུང་ཡང་ཁྱེད་རང་ཚོའི་བསླབ་གཞིའི་ཁོངས་སུ་མ་བཅུག་པར་འཇོག་དོན་གང་ཡིན་ལ་ང་ཡ་མཚན་གྱི་འདུག
ཨ་མཆོག་རིན་པོ་ཆེ། ཁྱེད་ཀྱིས་བོད་པའི་དགེ་བཤེས་དང་གྲྭ་པ་ཚོས་འཛམ་གླིང་ནུབ་ཕྱོགས་ཀྱི་ལྟ་གྲུབ་མི་སྦྱོང་དོན་གང་ཡིན་འདྲི་གི་ཡོད་དམ།
Rob Hogendoorn ད་ལྟའི་ཆར་ཚན་རིག་ཟབ་སྦྱོང་དེ་ཚོ་སྤྱིར་བཏང་གི་ཚོད་ལྟ་དང་གཞི་རིམ་སློབ་ཁྲིད་ཙམ་ཡིན་ཡང་། དེ་ཚོ་མཉམ་དུ་ཕན་ཚུན་བགྲོ་གླེང་དང་གྲོས་བསྡུར་བྱེད་དགོས།བོད་པའི་གྲྭ་པ་ཚོས་ཚོད་ལྟར་བལྟས། དགེ་རྒན་གྱིས་གང་བཤད་པའི་ཐོག་ལ་གྲོས་བསྡུར་བྱས་ན་གྲོས་བསྡུར་དེ་ཚོ་གང་མགྱོགས་ལྟ་གྲུབ་ཀྱི་ཐོག་ལ་འགྲོ་གི་རེད།
ཨ་མཆོག་རིན་པོ་ཆེ། ང་ཚོས་དེ་འདྲའི་གྲོས་བསྡུར་རིགས་བྱས་ཚར་བ་རེད།
Rob Hogendoorn བྱས་ན་གྲྭ་པ་ཚོས་འཛམ་གླིང་ནུབ་ཕྱོགས་ཀྱི་ལྟ་གྲུབ་སྐོར་ཏོག་ཙམ་ཤེས་ན་གྲོས་བསྡུར་དེ་ཚོའི་སྐབས་ཕན་ཐོགས་ཆེ་བ་ཡོད་པ་མ་རེད་དམ། ངས་ད་དུང་དྲི་བ་གཞན་ཞིག་འདྲི་ཆོག་པ་ཞུ། ཟབ་སྦྱོང་དང་པོ་དེའི་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གྲྭ་པ་ཚོར་བཀའ་སློབ་ཞིག་གནང་སོང་། ཁོང་གིས་སྔ་རྗེས་མ་གཏོགས་ཚན་རིག་པ་ཚོས་ལྟ་གྲུབ་ཁོ་ནའི་སྐད་ཆ་ཤོད་དགོས་ཆགས་ཀྱི་རེད། གང་ཡིན་ཞེ་ན།ནམ་ཞིག་ཚན་རིག་པ་ཚོ་ཚན་རིག་གི་ཐབས་ལམ་ཁོ་ནས་འགྲིག་ཐབས་མེད་པའི་མཚམས་ཤིག་ལ་སླེབ་ཀྱི་རེད་ཅེས་གསུངས་པ་དང་། ཁོང་གིས་ད་དུང་(འཛམ་གླིང་ནུབ་ཕྱོགས་ཀྱི་)ལྟ་གྲུབ་སྨྲ་བ་ཚོ་དང་འདྲ་བར་ཚན་རིག་པ་ཚོའང་བོད་པའི་ལྟ་གྲུབ་སྨྲ་བའི་འགྲན་ཟླ་མ་རེད་ཅེས་གསུངས་སོང་། ༸གོང་ས་མཆོག་གི་བཀའ་མོལ་ནང་ཚན་རིག་པ་ཚོར་ལྟ་གྲུབ་ཀྱི་ཤེས་བྱ་ཟབ་པོ་མེད་སྟབས་ཁོ་ཚོ་ལྟ་གྲུབ་སྨྲ་བ་ཡག་པོ་མིན་པའམ།ཡང་ན་འཛམ་གླིང་ནུབ་ཕྱོགས་ཀྱི་ལྟ་གྲུབ་གཏིང་ཟབ་པོ་དང་ཁྱབ་ཆེན་པོ་མ་རེད་ཅེས་གསུང་གི་ཡོད་པ་ཁ་གསལ་པོ་མི་འདུག་ཀྱང་། ༸གོང་ས་མཆོག་གིས་གཏམ་འདི་ལྟར་གསུངས་ཏེ་འཛམ་གླིང་ནུབ་ཕྱོགས་ཀྱི་ལྟ་གྲུབ་བགྲོ་གླེང་འདིའི་ནང་བཅུག་ཡོད། དེར་བརྟེན། འཛམ་གླིང་ནུབ་ཕྱོགས་ཀྱི་ལྟ་གྲུབ་ཁྱེད་ཚོའི་བསླབ་གཞིའི་ཁོངས་སུ་སྔོན་ནས་མི་བཅུག་པར་ང་རང་ཡ་མཚན་དོན་གང་ཡིན་ཁྱེད་ཀྱིས་མཁྱེན་སོང་ངམ།
ཨ་མཆོག་རིན་པོ་ཆེ། ང་ཚོས་ལོ་ལྟར་ཟླ་བ་གཅིག་རིང་ཉིན་ལྟར་ཚན་རིག་སྦྱོང་གི་ཡོད། ཞོགས་པའི་ཆུ་ཚོད་བརྒྱད་པ་ནས་ཕྱི་དྲོའི་ཆུ་ཚོད་དྲུག་པ་བར། ཉིན་གུང་ཁ་ལག་ཆེད་ངལ་གསོ་ཆུ་ཚོད་གཅིག་ཡོད་པ་ཕུད་ཚན་རིག་སྦྱོང་གི་ཡོད། དགོང་དྲོའི་ཆུ་ཚོད་བདུན་པ་ནས་དགུ་པ་བར་ང་ཚོས་བགྲོ་གླེང་གི་ཚོགས་ཐུན་འཚོགས་ཀྱི་ཡོད་ཅིང་། བགྲོ་གླེང་དེ་ཚོའི་སྐབས་སྤྱིར་ང་ཚོས་ལྟ་གྲུབ་ཅེས་པའི་ཚིག་དངོས་སུ་བེད་སྤྱོད་གཏོང་གི་མེད་ཀྱང་། ལྟ་གྲུབ་ཀྱི་ལམ་ནས་སྦྱང་བཤད་བྱེད་ཀྱི་ཡོད། ངའི་བསམ་པར་ནུབ་ཕྱོགས་པའི་ཚན་རིག་པ་དང་བོད་རིགས་གྲྭ་པའི་དབར་ལྟ་གྲུབ་མ་བརྒྱུད་པར་བགྲོ་གླེང་ཡོང་ཤེས་ཐབས་མེད། དེར་བརྟེན། ང་ཚོས་འཛམ་གླིང་ནུབ་ཕྱོགས་ཀྱི་ལྟ་གྲུབ་པ་ཚོའི་མིང་དངོས་སུ་བེད་སྤྱོད་མ་བཏང་བར་ནུབ་ཕྱོགས་པའི་ལྟ་གྲུབ་མང་པོ་སྦྱོང་གི་ཡོད་པ་དང་། ཚན་རིག་པ་ཚོས་ཀྱང་ནང་པའི་ལྟ་གྲུབ་གང་མང་སྦྱོང་གི་ཡོད།
ཚོགས་བཅར་བ་ཞིག ཁྱེད་ཀྱིས་ཤེས་རབ་དང་ཤེས་བྱའི་འབྲེལ་བའི་སྐོར་ལ་ཏོག་ཙམ་གསུང་རོགས་གནང་། མི་ཞིག་ལ་ཤེས་བྱ་ཡོན་ཏན་ཇི་ཙམ་མེད་ཀྱང་རྣམ་དཔྱོད་ཅན་ཡིན་ཆོག་པ་དང་། ཤེས་བྱ་ཡོན་ཏན་ཕྱུག་པོ་ལྡན་པའི་མི་ཞིག་རྣམ་དཔྱོད་ཅན་ཡིན་པའི་ངེས་པ་མེད་པས་ཤེས་རབ་དང་ཤེས་བྱ་གཉིས་ཀས་བདེན་པའི་གནས་ལུགས་གཅིག་དམིགས་བྱར་བཟུང་ཡོད་དམ།
ཨ་མཆོག་རིན་པོ་ཆེ། ངའི་བསམ་པར་ཤེས་བྱ་ཡོན་ཏན་དང་གནས་ཚུལ་ལམ། བརྡ་འཕྲིན་འབྲེལ་བ་ཆེ་བ་ཡོད་པར་སྣང་ཞིང་། ང་ཚོས་མི་ཞིག་རྣམ་དཔྱོད་ཅན་རེད་ཅེས་ཤོད་དུས་མི་དེས་རྣམ་དཔྱོད་དང་ལྡན་པའི་ཐག་གཅོད་བྱེད་ཀྱི་ཡོད་པའི་བརྡ་སྟོན་གྱི་ཡོད། རྒྱུན་དུ་ཐག་གཅོད་ཡག་པོ་ཞིག་བྱེད་པར་ང་ཚོར་དེ་འབྲེལ་གྱི་གནས་ཚུལ་འདང་ངེས་ཡོད་དགོས་པ་དང་། ང་ཚོས་གནས་སྐབས་དང་ཕུགས་རྒྱང་རིང་པོའི་ཁེ་ཕན་ལ་བསམ་བློ་དགོས་པ་རེད། གནས་སྐབས་ཀྱི་ཁེ་ཕན་ཁོ་ན་གཞིར་བཞག་སྟེ་ཐག་གཅོད་བྱེད་མཁན་ལ་ང་ཚོས་རྣམ་དཔྱོད་མེད་མཁན་ཞེས་འབོད་ཀྱི་ཡོད་ཅིང་། གལ་ཏེ་མི་ཞིག་གིས་གང་ཐག་བཅད་པར་ཕུགས་རྒྱང་རིང་པོའི་ཁེ་ཕན་ཡོད་ན་ང་ཚོས་མི་དེ་རྣམ་དཔྱོད་དང་ལྡན་པ་རེད་ཅེས་ཤོད་ཀྱི་རེད། དེར་བརྟེན།རྣམ་དཔྱོད་ལྡན་མི་ལྡན་གྱི་གདེང་འཇོག་བྱེད་སྟངས་དེ་འགྲེལ་བཤད་རྒྱག་སྟངས་ལའང་རག་ལས་ཡོད། ང་རང་ལ་ཆ་བཞག་ན། སྐབས་སྐབས་སུ་ང་ལྐུག་རྟགས་ཚ་པོ་ཡོད་ཀྱང་།སྐབས་གཞན་དུ་ང་རང་གི་ཐག་གཅོད་དང་བསམ་བློ་གཏོང་སྟངས་ལ་ང་རང་འདོད་པ་ཁེངས་པོ་ཡོང་གི་འདུག དེར་བརྟེན། ང་ཚོས་ཐག་གཅོད་གང་བྱེད་དགོས་བྱུང་རུང་རང་གི་སེམས་ཚོར་རམ། སེམས་ཀྱི་གནས་སྟངས་ལ་བརྟག་དཔྱད་བྱེད་རྒྱུ་གལ་ཆེན་པོ་རེད།
དེ་རིང་ང་ཚོ་འདིར་མཉམ་དུ་འཛོམས་ཏེ་བསམ་པ་རྣམ་དག་གི་གྲོས་མོལ་བྱས་པ་བརྒྱུད་དགེ་བའི་ལས་གང་དང་གང་བྱུང་བ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་པ་དང་།ཡུལ་འདིའི་མི་མང་འབྱོར་པ་རྒྱས་པ་དང་ནད་མེད་ཚེ་རིང་ཡོང་བའི་རྒྱུར་བསྔོ་བ་དང་། དེ་རིང་གི་དགེ་བའི་ལས་འདི་བརྒྱུད་ང་ཚོ་ཡང་ནས་བསྐྱར་དུ་མཇལ་རྒྱུ་ཡོང་བ་དང་ང་ཚོ་ཕན་ཚུན་ཤེས་བྱ་དང་ཉམས་མྱོང་བརྗེ་ལེན་བྱེད་རྒྱུ་ཡོང་བའི་རེ་བ་ཞུ་གི་ཡོད།
ཁུངས།གཏམ་བཤད་ཇི་མ་ཇི་བཞིན་ཡིག་འབེབས་ཞུས་པ།བྷུ་སམ([Bussum]ནི་ཐར་ལན་ཌི) ཕྱི་ལོ་༢༠༠༤ལོའི་ཟླ་༤ཚེས་༢༤ཉིན།