༄༅། །ཐུགས་རྗེ་ཆེན་པོའི་སྒོ་ནས་བཀའ་བསྒོ་དང༌། བསྔོ་བ་གཉིས་བཞུགས་སོ།།

༄༅། །རང་ཉིད་སྤྱན་རས་གཟིགས་གསལ་བའི་ཐུགས་ཀའི་ཧྲཱིཿཡིག་གི་འོད་ཟེར་གྱིས་པོ་ཏ་ལ་ནས་འཕགས་པ་སྤྱན་རས་གཟིགས་ལ་སངས་རྒྱས་དང་བྱང་སེམས་མཁའ་འགྲོ་ཆོས་སྲུང་གི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་ཏེ། སློབ་མའི་སྤྱི་བོར་བཞུགས་བར་གྱུར། འཕགས་མཆོག་སྤྱན་རས་གཟིགས །དགེ་སློང་མ་དཔལ་མོ། པཎྚི་ཏ་ཟླ་བ་གཞོན་ནུ་སོགས་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག ཁྱད་པར་དུ་ཡང་བརྩེ་ཆེན་སྙིང་རྗེའི་རང་གཟུགས་གངས་ལྗོངས་འགྲོ་བའི་སྐྱབས་མཆོག་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་འཕྲིན་ལས། སྐྱོབ་པའི་ནུས་པ་བསམ་གྱིས་མི་ཁྱབ་པ་མངའ་བའི་སྟོབས་ཀྱིས་རྡོ་རྗེ་སློབ་མ་འདི་རྣམས་སྟེང་འོག་བར་གསུམ་གྱི་གདོན་གྱི་གནོད་འཚེ་ཐམས་ཅད་ལས་སྲུངས་ཤིག བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་གནོད་པ་ཐམས་ཅད་ལས་སྲུངས་ཤིག གདོན་རིགས་སུམ་བརྒྱ་དྲུག་ཅུའི་གནོད་པ་ལས་སྲུངས་ཤིག བཞི་བརྒྱ་རྩ་བཞིའི་ནད་དང་གནོད་པ་ཕ་རོལ་གྱི་མནན་གཏད་བྱད་ཕུར་རྨི་ལམ་མཚན་ལྟས་ངན་པ་སོགས་ཉེ་བར་འཚེ་བ་ཐམས་ཅད་ལས་སྲུངས་ཤིག སྐྱོབ་ཤིགཚེ་དང་བསོད་ནམས་ལེགས་ཚོགས་ཀྱི་ཡོན་ཏན་ཐམས་ཅད་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། ལྷ་རྣམས་དགྱེས་བཞིན་དུ་སློབ་མ་རྣམས་ལ་ཐིམ་པས་བྱིན་གྱིས་བརླབ་པར་གྱུར། ཡིག་དྲུག་ཚར་གང་མང་དང༌། སྤྲོ་ན་གཟུངས་རིང་དང་ལས་སྔགས་བཟླས་ལ། མཆོག་གསུམ་བསླུ་བ་མེད་པའི་བྱིན་རླབས་དང༌། །འཕགས་མཆོག་སྤྱན་རས་གཟིགས་དབང་མཐུ་སྟོབས་ཀྱིས། །འགྲོ་བ་འདི་རྣམས་བདག་གིས་བསྲུངས་ཟིན་གྱི། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག།།ཅེས་པ་འདི་ཡང་སྨྱུང་གནས་པ་ཡེ་ཤེས་བསམ་འགྲུབ་ཀྱི་འདོད་མོས་ལྟར། །དབྱངས་ཅན་བཞད་པས་བྲིས་པའོ།།

༈།།ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་བའི་བླ་མ་རྒྱལ་བ་སྲས་དང་སློབ་མའི་ཚོགས་རྣམས་ཀྱིས་བདག་སོགས་སེམས་ཅན་ཐམས་ཅད་ལ་གཟིགས་ཤིང་དགོངས་སུ་གསོལ། རང་ཅག་རྣམས་ཀྱིས་དུས་གསུམ་དགེ་བའི་ངོ་བོ་ཕྱོགས་གཅིག་ཏུ་བསྡོམས་བས་མཐུས་རྒྱལ་བསྟན་སྤྱི་དང་བྱེ་བྲག་འཇམ་མགོན་རྒྱལ་བ་གཉིས་པའི་རིང་ལུགས་དར་རྒྱས་ཡུན་རིང་དུ་གནས་པ་དང༌། མཉམ་མེད་སྟོབས་བཅུ་མངའ་བ་ནས་བཟུང༌། རྒྱན་དྲུག་མཆོག་གཉིས། མཉམ་མེད་ཇོ་བོ་ཡབ་སྲས། འཇམ་མགོན་རྒྱལ་བའི་དབང་པོ་རྗེ་བློ་བཟང་གྲགས། ལྔ་ལྡན་དང་པོའི་མགོན་པོ་དང་གཉིས་སུ་མ་མཆིས་པ་རྡོ་རྗེ་འཆང་ཆེན་པོ་རྗེ་ངག་དབང་ཆོས་འཕེལ་དཔལ་བཟང་པོ་སོགས་དགོངས་པ་ཆོས་དབྱིངས་སུ་ཞུགས་པའི་ཚུལ་བསྟན་ཟིན་པ་རྣམས་གྱི་ཟག་མེད་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་པར་གྱུར་ཅིག ད་ལྟ་རང་ཅག་རྣམས་ཀྱི་མགོན་དུ་བསམ་བཞིན་མིའི་ཟློས་གར་བསྒྱུར་བ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་རྗེ་བཙུན་བློ་བཟང་བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་ཕུན་ཚོགས་དཔལ་བཟང་པོ་སོགས་བསྟན་འཛིན་དམ་པ་གང་ན་སུ་བཞུགས་རྣམས་ཀྱི་སྐུ་ཚེ་མཛད་འཕྲིན་ཡར་ངོས་ཟླ་བ་ལྟར་འཕེལ་ཞིང་རྒྱས་པར་གྱུར་ཅིག ནོར་འཛིན་ཡངས་པའི་རྒྱན་མཆོག་མང་ཐོས་ལུང་གི་དཔལ་གྱི་འདབ་མ་ཉེ་བར་བཞད་ཅིང༌། སྒྲུབ་པའི་རྟོགས་པའི་ཟིལ་མངར་བཅུད་ཀྱིས་གཏམས་པའི་ཁྲིམས་ལྡན་འདུས་པའི་ཚོགས་རྣམས་ཐུགས་མཐུན་ཞིང༌། བཤད་སྒྲུབ་ཀྱི་བྱ་བ་རྣམས་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག སྐྱབས་མཆོག་དམ་པ་རྣམས་ཀྱི་ཐུགས་རྗེ་ལ་བརྟེན་ནས་ཚེ་ལས་འདས་པ་རྣམས་ཀྱི་སྔོན་བསགས་སྒྲིབས་གཉིས་བག་ཆགས་དང་བཅས་བ་དག་ནས་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག བསྟན་པ་རིན་པོ་ཆེ་ལ་གུས་འདུད་ལྷུར་ལེན་པའི་བསྟན་པའི་སྦྱིན་བདག་ཚེ་དང་ལྡན་པ་རྣམས་ཀྱི་འགལ་རྐྱེན་བར་ཆད་ཞི་ཞིང༌། མཐུན་རྐྱེན་ཚེ་ནོར་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པར་གྱུར་ཅིགབསྟན་འཛིན་དམ་པའི་སྤྱན་སྔར་འགྱུར་བ་མེད་པའི་གཡར་དམ་ལྷུར་མཛད་པའི་སྲུང་མའི་དབང་བོ་རྣམས་ཀྱིས་གཡེལ་བ་མེད་པར་གྲོགས་མཛད་ཅིང། ལྷ་ཀླུ་དཀར་ཕྱོགས་སྐྱོང་བ་རྣམས་ཀྱི་མཐུ་སྟོབས་གཟི་བརྗིད་འཕེལ་ཏེ། ཡངས་པའི་རྒྱལ་ཁམས་ཐམས་ཅད་ཆོས་འབྱོར་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་པའི་སྐལ་བ་དང་ལྡན་པར་གྱུར་ཅིགའཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང༌། སོགས་བྱའོ། །ཞེས་པ་འདི་ཡང་དགེ་སློང་ཕུལ་བྱུང་གིས་བསྐུལ་བ་ལྟར། དབྱངས་ཅན་བཞད་པས་བྲིས་པའོ། །པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།། བཀྲ་ཤིས།

དཔྱད་མཆན་སྤེལ།