༄༅། །ཨོཾ་སྭ་སྟི་སཾགྷ། །དཀར་གསལ་ཟླ་ཟེར་འཐུང་བའི་གངས་ཀྱི་རི། །རྣམ་མང་མཚན་དཔེའི་རྒྱན་གྱིས་སྤྲས་པ་བཞིན། །ཡིད་འཕྲོག་མཛེས་སྡུག་ཉམས་ཀྱིས་རབ་སྒེག་པ། །རྒྱལ་ཡུམ་འཕགས་མས་དགེ་ལེགས་ཤིས་པ་སྩོལ། །སྐལ་བཟང་རྒྱལ་ཀུན་འདུས་ཞལ་ངུར་སྨིག་གར། །ཐུབ་གསུང་མདོ་རྒྱུད་ཟབ་མོའི་ལམ་གྱི་གནད། །གསལ་མཛད་བསྟན་པའི་དབང་ཕྱུག་ཆོས་ཀྱི་རྗེ། །དད་ལྡན་རྒྱ་མཚོའི་མགོན་ལ་གསོལ་བ་འདེབས། །རྨད་བྱུང་གསང་གསུམ་གསེར་གྱི་འཁོར་ལོ་ཡིས། །རིས་མེད་ཐུབ་བསྟན་གླིང་བཞིའི་མཁར་འཕགས་ཏེ། །ལུང་རྟོགས་ཡོན་ཏན་རིན་ཆེན་སྣ་བདུན་ལ། །དབང་བསྒྱུར་བསྟན་པའི་བདག་པོར་གསོལ་བ་འདེབས། །ཤེས་བྱའི་གནས་ཚུལ་མ་འདྲེས་གསལ་བར་གཟིགས། །ཉམ་ཐག་འགྲོ་ལ་བརྩེ་ལྡན་བྱང་ཆུབ་སེམས། །མཐུ་སྟོབས་དབང་འབྱོར་མཁྱེན་བརྩེ་ནུས་པའི་གཏེར། །བཀའ་དྲིན་ཟླ་མེད་བླ་མར་གསོལ་བ་འདེབས། །མགོན་ཁྱོད་རིང་ནས་རྡོ་རྗེའི་སྐུ་བརྙེས་ཀྱང༌། །ཚུར་མཐོང་མོས་ངོར་ཤར་བའི་གཟུགས་ཀྱི་སྐུ། །བགྲང་ཡས་སྲིད་པ་ཇི་སྲིད་གནས་ཀྱི་བར། །གཡོ་མེད་རྡོ་རྗེའི་ཁམས་སུ་བརྟན་པར་ཤོག །མཐོང་བས་ལས་ཉོན་ཚ་གདུངས་སེལ་བའི་སྐུ། །ཀུན་རྨོངས་མུན་འཇོམས་ཚངས་དབྱངས་སྙན་པའི་གསུང༌། །སྒྲིབ་བྲལ་མཁྱེན་བརྩེ་དཔག་པར་དཀའ་པའི་ཐུགས། །གསང་གསུམ་བསྟན་འགྲོའི་དཔལ་དུ་བརྟན་པར་ཤོག།།བསྟན་འཛིན་སྐྱོང་མཛད་ཆོས་རྒྱལ་འཁོར་བཅས་ཀྱིས། །དཔལ་ལྡན་བླ་མའི་སྐུ་ཚེ་མཛད་འཕྲིན་སྤེལ། །བསྟན་ལ་འཚེ་བའི་དགྲ་བགེགས་མ་ལུས་པ། །མངོན་སྤྱོད་དྲག་པོས་ཚར་ཆོད་འཕྲིན་ལས་མཛོད། །བདག་ཅག་དེང་བཟུང་བྱང་ཆུབ་ཐོབ་ཀྱི་བར། །མགོན་པོ་ཁྱོད་ཀྱིས་འབྲལ་མེད་རྗེས་བཟུང་ནས། །དྲི་བྲལ་བསྟན་པའི་སྙིང་པོའི་སྒོར་ཞུགས་ཏེ། །ཁྱོད་གསུང་བདུད་རྩིའི་དགའ་སྟོན་མྱོང་བར་ཤོག།།གཏང་མེད་ཆོས་བརྒྱད་ཚེ་འདིའི་སྣང་བ་དང༌། །སྲིད་པའི་ཕུན་ཚོགས་སྒྱུ་མའི་རོལ་རྩེད་བཞིན། །མི་རྟག་བསླབ་བའི་ངང་ཚུལ་ལེགས་རྟོགས་ནས། །ཐར་འདོད་ཤུགས་དྲག་སྐྱེ་བར་བྱིན་ཀྱིས་རློབས། །མཐའ་མེད་སྲིད་མཚོར་ལས་ཉོན་སྡུག་བསྔལ་གྱིས། །རྟག་ཏུ་མནར་བའི་མ་གྱུར་འགྲོ་བ་རྣམས། །བླ་མེད་གཏན་བདེའི་ས་ལ་འགོད་པའི་ཕྱིར། །བྱང་ཆུབ་སེམས་མཆོག་འབྱོངས་པར་བྱིན་གྱིས་རློབས། །འཁོར་འདས་ཆོས་ཀུན་རང་བཞིན་གྱིས་སྟོང་ཡང་། །བྱ་བྱེད་རྒྱུ་འབྲས་ནམ་ཡང་མི་བསླུ་བའི། །མཐའ་བྲལ་སྣང་སྟོང་ཟུང་འཇུག་ལྟ་བའི་གནད། །ཇི་བཞིན་ཁོང་དུ་ཆུད་པར་བྱིན་གྱིས་རློབས། །སྣང་སྟོང་ལྷ་སྐུར་དམིགས་པའི་གསལ་སྣང་དང༌། །ང་རྒྱལ་བརྟན་པོ་བདེ་སྟོང་མཚོན་རྣོན་ཀྱིས། །ལས་རླུང་གཡོ་བའི་ལྷ་མིན་སྲོག་བཅད་ནས། །བླ་མེད་སྐུ་གསུམ་གོ་འཕང་མྱུར་ཐོབ་ཤོག། ། །ཅེས་རྒྱལ་ཀུན་འདུས་པའི་སྤྱི་གཟུགས་བཀའ་དྲིན་མཚུངས་མེད་ ༧ སྐྱབས་གཅིག་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་ ༧ རྗེ་སྐལ་བཟང་ཐུབ་བསྟན་དབང་ཕྱུག་དཔལ་བཟང་བོའི་ ༧ ཞབས་པད་རིང་དུ་བརྟན་པའི་སྨོན་ཚིག་འདི་ལྟ་བུ་ཞིག་དགོས་ཞེས། དད་ལྡན་དགེ་སློང་བློ་བཟང་རྒྱལ་མཚན་གྱིས་ལྷ་རྫས་བཅས་ཡང་ཡང་བསྐུལ་བའི་ངོ་མ་ལྡོག་པར་ ༧ སྐྱབས་མགོན་མཆོག་གི་བཀའ་འབངས་ཀྱི་ཐ་ཤལ་བ་༧དབྱངས་ཅན་བཞད་པས་རྩེ་གཅིག་དད་ཅིང་གུས་བ་ཆེན་པོས་སྦྱར་བ་དགེ་ལེགས་འཕེལ།། པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་སེང་གེའི་གླིང་དུ་བཞུགས།། །།