༄༅། །སྤྲུལ་སྐུ་མྱུར་འབྱོན་གྱི་སྐོར་དྲང་སྲོང་གྲུབ་པའི་བདེན་ཚིག་ཅེས་བྱ་བ་བཞུགས་སོ།།

༄༅། །ཨོཾ་སྭ་སྟི།རབ་མཛེས་མར་གད་རྡུལ་བརྩེགས་ལྷུན་པོ་ལ། །རྣམ་མང་མཚན་དཔེའི་གཟི་བྱིན་སྟོང་འབར་བ། །དྲན་པ་ཙམ་གྱིས་སྲིད་ཞིའི་དགེ་མཚན་ཀུན། །མགྲོན་དུ་འགུགས་མཁས་འཕགས་མས་དགེ་ལེགས་སྩོལ། །སྐལ༷་བཟ༷ང་རྒྱལ་ཀུན་གསང་གསུམ་འདུས་པའི་མགོན། །ཐུ༷བ་བསྟན༷་གསལ་མཛད་དབ༷ང་ཕྱུག༷་བརྒྱད་མངའ་བ། །མཚུངས་བྲལ་རྒྱལ་བའི་གདུང་འཚོབ་ཆོས་ཀྱི་རྗེ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཁྱོད་ཀྱི་གསང་གསུམ་ཡོན་ཏན་འོད་སྣང་གིས། །བདག་ཡིད་དད་པའི་པད་ཚལ་རབ་རྒྱས་ཤིང༌། །བཀའ་དྲིན་དྲན་པས་སྙིང་ནས་གསོལ་འདེབས་ན། །ཐུགས་རྗེས་གཟིགས་ཤིག་ཚད་མེད་སྙིང་རྗེའི་གཏེར། །སྔོན་ཚེ་རྒྱལ་བ་བྱེ་བའི་མདུན་ས་རུ། །འགྲོ་ཀུན་སྒྲོལ་བའི་ཐུགས་བསྐྱེད་དམ་བཅའི་ཁུར། །ནམ་ཡང་མི་འདོར་སྙིང་རྗེའི་གཞན་དབང་གིས། །མགོན་མེད་ཉམ་ཐག་གདུལ་བྱའི་དཔུང་གཉེན་དུ། །ཆོས་དབྱིངས་མཁའ་ལས་མཛེས་སྐུའི་ཟླ་གཞོན་དབང༌། །ངོ་མཚར་གསང་གསུམ་ཡོན་ཏན་ཆ་རྫོགས་ཤིང༌། །གང་འདུལ་མཛད་བཟང་འཕྲིན་ལས་སྣང་བ་འབུལ། །སྤྲོ་མཛད་འགྲོ་བའི་མགོན་ཏུ་མྱུར་གསལ་ཤོག །སྔོན་གོམས་ཐུགས་བསྐྱེད་ལྟེ་བ་ལས་ཐོན་པའི། །མཁྱེན་རབ་རྩིབས་སྟོང་སྙིང་རྗེའི་མུ་ཁྱུད་ཅན། །འཕྲིན་ལས་གཟི་འབར་གསེར་སྦྱངས་འཁོར་ལོ་ཡིས། །འཇམ་མགོན་ཆོས་ཀྱི་སྲིད་ལ་དབང་བསྒྱུར་ཤོག །རིང་མིན་ཁྱོད་ཞབས་ཡིད་བཞིན་དབང་གི་རྒྱལ། །མཁས་མང་བསྟན་འཛིན་བྱེ་བའི་ཟུར་ཕུད་རྩེར། །དབང་བསྒྱུར་མདོ་སྔགས་ཟབ་དོན་སྦྲང་ཆར་གྱིས། །ཐུབ་བསྟན་པདྨོའི་དགའ་ཚལ་རྒྱས་གྱུར་ཅིག །བདག་སོགས་སྐྱེ་ཀུན་རྗེ་བཙུན་བླ་མ་ཡིས། །འབྲལ་མེད་རྗེས་བཟུང་ཚུལ་བཞིན་ལེགས་བསྟེན་ཅིང༌། །ཟབ་རྒྱས་བདུད་རྩིས་བདག་རྒྱུད་སྨིན་བྱས་ནས། །རྣམ་གྲོལ་ཐར་བའི་ས་ལ་རེག་གྱུར་ཅིག །བསླུ་མེད་མཆོག་གསུམ་ཐུགས་རྗེའི་བདེན་མཐུ་དང༌། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་འཕྲིན་ལས་སྟོབས། །བདག་ཅག་དད་མོས་ཚོགས་པའི་རྟེན་འབྲེལ་གྱིས། །སྨོན་དོན་ཡིད་བཞིན་ལྷུན་གྱིས་འགྲུབ་པར་མཛོད། །ཅེས་རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་རང་གཟུགས་བཀའ་འདྲིན་མཚུངས་ཟླ་མ་མཆིས་པ།ྋརྗེ་བཙུན་སྐལ་བཟང་ཐུབ་བསྟན་དབང་ཕྱུག་དཔལ་བཟང་བོ་དག་ཞིང་དུ་དགོངས༌པ་གཏད་སྐབས་མཆོག་སྤྲུལ་མྱུར་གསལ་འདི་ལྟ་བུ་ཞིག་དགོས་ཞེས་གནམ་བསྐོས་བའི་ཚངས༌པ་ཇུན་ཝང་དཔལ་འབྱོར་རབ་བརྟན་དང༌། རིགས་རུས་ཡོན་ཏན་དུ་མས་མངོན་པར་མཐོ་བ་སྐུ་སྲིང་ནོར་བཟང་མ་སྲས་རྣམས་ཀྱིས་བསྐུལ་བའི་ངོ་མ་ལྡོག་པར། སྐྱེས་སྤྲུལ་མིང་འཛིན་དབྱངས་ཅན་བཞད་པས་དད་གུས་ཆེན་པོས་བྲིས་པ་འདིས་ཀྱང་ཚེ་རབས་ཀུན་ཏུ་བླ་མ་མཆོག་གིས་འབྲལ་བ་མེད་པར་རྗེས་སུ་འཛིན་པར་གྱུར་ཅིག། །།
ཨོཾ་སྭ་སྟི་སཾ་དྡྷཾ། རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་འཁོར་ལོ་ཀུན། །སྤྲོ་དང་སྡུད་མཛད་ཀུན་ཁྱབ་རིགས་བརྒྱའི་བདག །གསུམ་ལྡན་བཤེས་གཉེན་གར་གྱི་རྣམ་རོལ་བ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །བགྲང་ཡས་རྒྱལ་བའི་མཁྱེན་གཏེར་ང༷ག་གི་དབ༷ང༌། །འཇམ་མགོན་ལུགས་བཟང་དམ་ཆོ༷ས་སྦྲང་ཆར་གྱིས། །འཕེ༷ལ་མཛད་རྒྱལ་བའི་གདུང་འཚོབ་ཆོས་ཀྱི་རྗེ། །ཟླ་མེད་བཤེས་གཉེན་དམ་པར་གསོལ་བ་འདེབས། །མགོན་ཁྱོད་གསང་གསུམ་ཡོན་ཏན་སྣང་བ་ཡིས། །བདག་ཡིད་ངང་བའི་པདྨོ་རབ་རྒྱས་ཤིང༌། །བཀའ་དྲིན་དྲན་པས་རྩེ་གཅིག་གསོལ་འདེབས་ན། །བརྩེ་ཆེན་ཐུགས་རྗེས་གཟིགས་ཤིག་སྙིང་རྗེའི་གཏེར། །མགོན་ཁྱོད་རིང་ནས་གཞན་ཕན་ཁོ་ན་རུ། །གཞོལ་བས་སྙིང་རྗེའི་གོ་ཆ་མི་འདོར་ན། །ལྔ་བདོའི་སྙིགས་མའི་འགྲོ་བ་མགོན་མེད་རྣམས། །སྒྲོལ་བའི་དམ་བཅའི་ནུས་པ་ཆེར་བསྐྱེད་དེ། །ཟག་མེད་ཆོས་དབྱིངས་ངང་ལས་གཟུགས་སྐུའི་ཟླ། །མཁས་བཙུན་བཟང་བོའི་ཆ་ཤས་ཡོངས་རྫོགས་ཤིང༌། །འཆད་རྩོད་རྩོམ་པའི་འཕྲིན་ལས་འོད་དཀར་ཅན། །མོས་ལྡན་གདུལ་བྱའི་དཔལ་དུ་མྱུར་གསལ་ཤོག །བདག་ཀྱང་དེང་ནས་ཚེ་རབས་ཕྲེང་བ་རུ། །སྐྱབས་གསུམ་ཀུན་འདུས་ཁྱོད་ཞབས་དབང་གི་རྒྱལ། །འབྲལ་མེད་གཙུག་གི་རྒྱན་ཏུ་བསྟེན་བྱས་ནས། །གསང་བ་ཀུན་འཛིན་སྲས་སུ་འགྱུར་བར་ཤོག །མཆོག་གསུམ་དམ་ཅན་རྒྱ་མཚོའི་བྱིན་མཐུ་དང༌། །རྒྱུ་འབྲས་རྟེན་འབྱུང་བསླུ་བ་མེད་པའི་སྟོབས། །བདག་ཅག་དད་མོས་རྩེ་གཅིག་གསོལ་བཏབ་པས། །སྨོན་གནས་ཇི་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་རིགས་བརྒྱའི་ཁྱབ་བདག་བཀའ་དྲིན་མཚུངས་ཟླ་མ་མཆིས་པ་ྋརྡོ་རྗེའཆང་ངག་དབང་ཆོས་འཕེལ་དཔལ་བཟང་བོས་དགོངས་པ་ཆོས་དབྱིངས་སུ་བསྡུས་སྐབས་མཆོག་སྤྲུལ་མྱུར་འབྱོན་གྱི་གསོལ་འདེབས་འདི་ལྟ་བུ་ཞིག་གྱིས་ཞེས་ཐུབ་བསྟན་ཡོངས་ཀྱི་གསལ་བྱེད་ཁྲི་རིན་པོ་ཆེ་ནས་བཀའ་ནན་སྤྱི་བོར་ལྷུང་བ་དང༌། ཝ་ཤུལ་དགེ་སློང་ཚུལ་ཁྲིམས་བསྟན་པ། དཀའ་ཆེན་དགེ་སློང་དཀོན་མཆོག་ཐར་འདོད། ཞབས་སྡོད་པ་འཇམ་དབྱངས་རྒྱ་མཚོ་རྣམས་ནས་ཀྱང་བསྐུལ་བ་ལྟར། རྗེ་ཉིད་ཀྱི་སློབ་བུའི་ཐ་ཤལ་གྱིས་མིང་བས་དད་པ་ཆེན་བོས་སྦྱར་བ་ལ་བརྟེན་ནས་ཚེ་རབས་ཀུན་ཏུ་དཔལ་ལྡན་བླ་མ་དམ་བས་རྗེས་སུ་འཛིན་པར་གྱུར་ཅིག། ༈ བསླུ་མེད་སྐྱབས་གནས་བླ་མ་མཆོག་གསུམ་དང༌། །དངོས་གྲུབ་སྩོལ་མཛད་ཡི་དམ་དཀྱིལ་འཁོར་ལྷ། །མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས་རྣམས་ཀྱིས། །སྨོན་དོན་ཡིད་བཞིན་འགྲུབ་པའི་དགེ་ལེགས་སྩོལ། །རྒྱལ་ཀུན་མཁྱེ໅ན་ར༷བ་གཅིག་བསྡུས་འཇམ་དཔལ་དབྱངས། །བཤེས་གཉེན་གར་མཛད་འཇམ་མགོན་བླ་མ་ཡི། །རིང་ལུགས་བསྟན༷་པའི་རྒྱ༷ལ་མཚན་སྲིད་པའི་རྩེར། །བསྒྲེངས་མཛད་དགེ་བའི་བཤེས་ལ་གསོལ་བ་འདེབས། །མཁྱེ໅ན་བརྩེའི་ཡོན་ཏན་ཆ་ཤས་ར༷བ་རྫོགས་ཤིང༌། །ཐུ༷བ་བསྟན༷་ཀུན་དའི་དགའ་ཚལ་བཞད་བ༷འི་གཉེན། །རྒྱ༷ལ་བའི་གདུང་འཚོབ་མཚ༷ན་ལྡན་སྤྲུལ་བའི་ཀར། །མོས་ལྡན་གདུལ་བྱའི་དཔལ་དུ་མྱུར་གསལ་ཤོག །རྣམ໅་དག་བསླབ་གསུམ་གསེར་གྱི་ཡུ་བ་ལ། །རྣམ໅་དཀར་འཕྲིན་ལས་ཟ་འོག་ཤམ་བུ་ཅན། །རྣམ་གྲོལ་རིན་ཆེན་ནོར་བུའི་ཏོག་མཛེས་པའི། །བསྟན་པའི་རྒྱལ་མཚན་སྲིད་འདིར་མཛེས་གྱུར་ཅིག །རྡོ་རྗེའི་གཡར་དམ་ལྷུར་མཛད་སྲུང་མའི་གཙོ། །མྱུར་མཛད་མགོན་དང་ལས་གཤིན་རེ་མ་ཏི། །དྲེགས་པའི་སྡེ་དཔོན་ཐ་བག་ཆོས་རྒྱལ་གྱིས། །ཇི་ལྟར་སྨོན་པའི་འབྲས་བུ་ལྷུན་གྲུབ་མཛོད། །ཅེས་འཇམ་མགོན་རྒྱལ་བ་གཉིས་པའི་ཁྲི་ལ་དབང་བསྒྱུར་བའི་རྒྱལ་ཚབ་ཁྲི་ཐོག་དོན་ལྔ་བ་རྒྱ་རོང་བློ་བཟང་ལྷུན་གྲུབ་ཀྱི་མཆོག་སྤྲུལ་མཁྱེན་རབ་བསྟན་པའི་རྒྱལ་མཚན་གྱི་ཡང་སྤྲུལ་མྱུར་གསལ་གྱི་སྨོན་ཚིག་འདི་ལྟ་བུ་ཞིག་དགོས་ཞེས་རྒྱལ་ཁབ་མཆོག་རྩེའི་ཕྱག་མཛོད་དང༌། བཀའ་བློན་རྣམས་ཀྱིས་ལྷ་རེག་བཅས་ནན་ཆེར་བསྐུལ་ངོར་ ྋདབྱངས་ཅན་བཞད་པས་བྲིས་པའོ།།  །།      ༈ ཨོཾ་སྭ་སྟི། རྨད་བྱུང་ཚོགས་གཉིས་བཟོ་བོས་འདུ་བྱེད་ཀྱིས། །ལེགས་བསྐྲུན་མཚན་དཔེའི་དཔལ་འབར་གཟུགས་ཀྱི་སྐུ། །མཐོང་བ་ཡིས་ཀྱང་ཉོན་མོངས་རྨོངས་པའི་དཔུང༌། །འཇོམས་མཛད་འཕགས་མས་དགེ་ལེགས་ཆར་དུ་བསྙིལ། །ཆེས་དཀོ༷ན་ཐེག་མཆོ༷ག་ལུགས་བཟང་སྤེལ་བའི་གཉེན། །གསང་གསུམ་ཡེ༷་ཤེ༷ས་དཔལ་གྱིས་མངོན་མཐོ་ཞིང༌། །ཟབ་རྒྱས་ཆོ༷ས་ཚུལ་གདམས་པའི་གཏེར་མཛོད་འཛིན། །དད་ལྡན໅་རྒྱ་མཚོའི་མགོན་ལ་གསོལ་བ་འདེབས། །ཐུབ་པའི་གཞུང་ལུགས་དཀའ་གནད་བ་ཀུ་ལ། །རྒོད་བྱེད་གདམས་ངག་ལུས་ཕྲའི་འགྲམ་པའི་ཆང༌། །མཁྱེན་དཔྱོད་ཞལ་དུ་འཁྱིལ་བའི་དགའ་སྟོན་མཁན། །མོས་ལྡན་འགྲོ་བའི་དཔལ་དུ་མྱུར་གསལ་ཤོག །རྨད་བྱུང་ཐུགས་བསྐྱེད་ལྟེ་བ་ལས་ཐོན་ཅིང༌། །གསང་གསུམ་ཡོན་ཏན་རྩིབས་སྟོང་རྣམ་པར་བཀྲ། །འཕྲིན་ལས་མུ་ཁྱུད་དགེ་ལེགས་སྟོང་འབར་བའི། །འཇམ་མགོན་ཆོས་ཀྱི་སྲིད་ལ་དབང་བསྒྱུར་ཤོག །བསླུ་མེད་བླ་མ་ཡི་དམ་མཁའ་འགྲོ་དང༌། །ཆོས་སྐྱོང་སྲུང་མ་ཆེ་བཙན་དྲེགས་པའི་རྒྱལ། །ཚངས་པ་བསྭེ་ཡི་ཁྲབ་ཅན་འཁོར་བཅས་ཀྱིས། །སྨོན་དོན་ཡིད་བཞིན་འགྲུབ་པའི་འཕྲིན་ལས་མཛོད། །ཅེས་མདོ་སྨད་བསྟན་པའི་སྲོག་ཤིང་ངེས་པ་དོན་གྱི་ཐམས་ཅད་མཁྱེན་གཟིགས་ཆེན་པོ་ྋརྗེ་དཀོན་མཆོག་ཡེ་ཤེས་ཆོས་ལྡན་དཔལ་བཟང་བོའི་ཡང་སྤྲུལ་མྱུར་གསལ་གྱི་གསོལ་འདེབས་སྨོན་ཚིག་འདི་ནི། ཉིད་ཀྱི་བཀའ་སློབ་དཀོན་མཆོག་ཚོགས་འཕེལ་གྱིས་བསྐུལ་བའི་ངོར། ྋདབྱངས་ཅན་བཞད་པས་བྲིས་བ་དགེ་ལེགས་འཕེལ།།  །། ༈ རྣམ་འདྲེན་རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་ཆ། །ཡོངས་རྫོགས་གསང་གསུམ་གཟི་འོད་སྟོང་འབར་བས། །སྐལ་བཟང་ཀུན་ད་བཞད་པའི་གཉེན་གཅིག་བུ། །མཚུངས་བྲལ་སྐྱབས་མཆོག་ཟླ་བ་གཙུག་ན་རྒྱལ། །ཁྱབ་བདག་བློ໅་བཟ༷ང་འཇམ་དཔལ་སྙིང་བོ་ཡི། །གསང་གསུམ་ཡོན་ཏན་གཅིག་བསྡུས་རྡོ་རྗེ་འཛིན། །གཞན་ཕན་འཕྲི༷ན་ལ༷ས་བཟང་བོའི་མཛད་པ་ཅན། །དད་ལྡན་རྒྱ༷་མཚོའི་མགོན་ལ་གསོལ་བ་འདེབས། །ཡབ་རྗེ་བློ໅་བཟ༷ང་བསྟན་པའི་ཁང་བཟང་རྩེར། །རྨད་བྱུང་མཁས་བཙུན་བཟང་བོའི་འཕྲི༷ན་ལ༷ས་ཀྱིས། །ཆོས་ཀྱི་རྒྱལ་མཚན་བསྒྲེངས་ལ་ཟླ་བྲལ་བ། །མོས་ལྡན་རྒྱ༷་མཚོ༷འི་དཔལ་དུ་མྱུར་གསལ་ཤོག །ཚངས་སྤྱོད་ཁྲིམས་ཀྱི་ལྟེ་བ་ལས་ཐོན་ཅིང༌། །ཤེས་རབ་རྩིབས་སྟོང་ཏིང་འཛིན་མུ་ཁྱུ་ཅན། །ལྷུན་གྲུབ་འཕྲིན་ལས་གཟི་འབར་འཁོར་ལོ་ཡིས། །ཐུབ་བསྟན་ཆོས་ཀྱི་སྲིད་ལ་དབང་བསྒྱུར་ཤོག །ནམ་ཡང་བསླུ་མེད་མཆོག་གསུམ་བྱིན་རླབས་དང༌། །གཏུམ་དྲག་རྔམས་པས་ཡིད་སྲུབ་སྡེ་བཅས་དཔུང༌། །འཇོམས་མཛད་དམ་ཅན་སྲུང་མའི་མཐུ་སྟོབས་ཀྱིས། །སྨོན་དོན་ཡིད་བཞིན་འགྲུབ་པའི་ཤིས་པ་སྩོལ། །ཅེས་འཇམ་མགོན་བསྟན་པའི་མངའ་བདག་ངེས་པ་དོན་གྱི་ཐམས་ཅད་མཁྱེན་གཟིགས་ཆེན་པོ་ྋཀིརྟི་མཆོག་སྤྲུལ་རིན་པོ་ཆེས་དག་པའི་ཞིང་དུ་དགོངས་བ་གཏད་བའི་ཚེ་མཆོག་སྤྲུལ་མྱུར་གསལ་གྱི་གསོལ་འདེབས་འདི་ལྟ་བུ་གྱིས་ཞེས། །དད་བརྩོན་ཡོན་ཏན་གྱིས་མཐོ་བ་ཚུལ་ཁྲིམས་རྒྱ་མཚོས་ལྷ་རྫས་བཅས་བསྐུལ་བ་ལྟར། ྋདབྱངས་ཅན་བཞད་པས་བྲིས་པའོ།།  །།
ཨོཾ་སྭ་སྟི་སིདྡྷི། རབ་འབྱམས་རྒྱལ་ཀུན་འཕྲིན་ལས་གཅིག་བསྡུས་བ། །མཛེས་སྡུག་ལང་ཚོ་མཚན་དཔེའི་རྒྱན་གྱིས་སྤུད། །ཡེ་ཤེས་ལུས་ཅན་དགེ་ལེགས་ཤིས་པའི་དཔལ། །སྟེར་མཛད་རྒྱལ་ཡུམ་ལྷ་མོས་དཔལ་སྩོལ་ཅིག །བློ໅་བཟ༷ང་རྒྱལ་བའི་རིང་ལུགས་པདྨོའི་ཚལ། །རྒྱས་མཛད་མཁྱེ໅ན་ར༷བ་ཡེ༷་ཤེ༷ས་ངག་གི་དབང༌། །བསྟན༷་པ༷འི་རྒྱ༷ལ་མཚ༷ན་སྲིད་རྩེར་བསྒྲེངས་མཛད་པའི། །ཟླ་མེད་མཁས་གྲུབ་ཆེན་པོར་གསོལ་བ་འདེབས། །བློ໅་བཟ༷ང་རྒྱལ་བསྟན་གླིང་བཞིའི་ལྷུན་པོའི་སྤོར། །མཁྱེ໅ན་ར༷བ་ཡེ༷་ཤེ༷ས་སྤྱན་སྟོང་རྣམ་བའི་བཀྲ། །བསྟན༷་འཛིན་དམ་པ༷འི་གཙོར་གྱུར་ལེགས་བྲིས་བདག །ཐུབ་བསྟན་རྒྱ༷ལ་མཚ༷ན་བསྒྲེངས་མཛད་དེ་ལ་འདུད། །སྐལ་བཟང་གདུལ་བྱའི་བསོད་ནམས་ཤར་རིའི་རྩེར། །སྔོན་གོམས་ཐུགས་བསྐྱེད་རྟ་བདུན་གྱིས་དྲངས་བའི། །མཆོག་སྤྲུལ་མཁའ་ནོར་འཕྲིན་ལས་གཟི་འོད་ཅན། །མོས་ལྡན་གདུལ་བྱའི་དཔལ་དུ་མྱུར་གསལ་ཤོག །སྡོམ་གསུམ་ཁྲིམས་ཀྱི་རྩ་བར་རབ་ཏུ་བརྟན། །མཁས་བཙུན་བཟང་བོའི་ཡལ་འདབ་ཁོར་ཡུག་རྒྱས། །འཆད་རྩོད་རྩོམ་པའི་འཕྲིན་ལས་དྲི་བསུང་ཅན། །མཆོག་སྤྲུལ་ཡོངས་འདུའི་ལྗོན་བ་མྱུར་འཁྲུངས་ཤོག །མགོན་ཁྱོད་ཞབས་སེན་ཡིད་བཞིན་དབང་གི་རྒྱལ། །རིང་མིན་དགེ་ལྡན་མཁས་མང་ཟུར་ཕུད་རྩེར། །དབང་བསྒྱུར་ཐེགས་གསུམ་དམ་ཆོས་དཔྱིག་གི་ཆར། །འབེབས་མཁས་དམ་པའི་རྣམ་ཐར་སྐྱོངས་གྱུར་ཅིག །བརྩེ་ཆེན་སྙིང་རྗེའི་རང་གཟུགས་མྱུར་མཛད་མགོན། །འཇམ་དཔལ་ཞི་ཁྲོའི་གར་མཛད་ཆོས་ཀྱི་རྒྱལ། །སོར་རྟོག་ཡེ་ཤེས་སྣང་ཆ་བསྭེ་ཁྲབ་སོགས། །བསྟན་སྲུང་རྒྱ་མཚོས་སྨོན་དོན་ལྷུན་གྲུབ་མཛོད། །ཅེས་དགེ་ལྡན་བསྟན་བའི་མངའ་བདག་ཐེ་བོ་སྤྲུལ་བའི་སྐུ་རིན་པོ་ཆེའི་ཡང་སྤྲུལ་མྱུར་གསལ་གྱི་སྨོན་ཚིག་འདི་ཡང༌྾྾བསྐུལ་བའི་ངོར་ྋདབྱངས་ཅན་བཞད་པས་བྲིས་པའོ།།  །།
དཀོ༷ན་མཆོ༷ག་རྒྱལ་ཀུན་ཟབ་གསང་བསྟན་པའི་གནད། །འཛི༷ན་མཛད་མཐུ་སྟོབས་དབང་ཕྱུག་སྒྱུ་འཕྲུལ་ལས། །ངུར་སྨིག་ཚུལ་རོལ་ཕུ༷ན་ཚོ༷གས་དགེ་བའི་བཤེས། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །འཇམ་མགོན་ཆོས་ཚུལ་གངས་ཀྱི་རི་བོའི་སྦོར། །བསླབ་གསུམ་གཡུ་རལ་ཁུར་གྱིས་རབ་བརྗིད་ཅིང༌། །ཕྱོགས་ལས་རྣམ་རྒྱལ་རིགས་བའི་སྡེར་ཕྲེང་གཡོ། །ཟླ་མེད་སྨྲ་བའི་སེང་གེར་གསོལ་བ་འདེབས། །རིགས་རུས་ཆོ་འབྲང་གཙང་མའི་ཆུ་ཤེལ་ཁམས། །སྦངས་རྟོགས་ཡོན་ཏན་དཀྱིལ་འཁོར་ཡོངས་སུ་རྫོགས། །གཞན་ཕན་འཕྲིན་ལས་འོད་དཀར་སྣང་བ་འབུམ། །འགྱེད་མཁས་མཆོག་སྦྲུལ་ཟླ་གཞོན་མྱུར་གསལ་ཤོག །ཚངས་སྤྱོད་ཁྲིམས་ཀྱི་ལྟེ་བ་ལས་ཐོན་ཅིང༌། །མཁྱེན་རབ་རྩིབས་སྟོང་སྙིང་རྗེའི་མུ་ཁྱུད་ཅན། །འཕྲིན་ལས་གཟི་འབར་གསེར་སྦྱངས་འཁོར་ལོ་ཡིས། །ཐུབ་བསྟན་ཆོས་ཀྱི་སྲིད་ལ་དབང་བསྒྱུར་ཤོག །བསླུ་མེད་བླ་མ་ཡི་དམ་མཁའ་འགྲོ་དང༌། །མྱུར་མཛད་མགོན་པོ་སྟོབས་ཆེན་ཆོས་ཀྱི་རྒྱལ། །རེ་མ་ཏི་དང་རྡོ་རྗེ་ལེགས་པ་ཡིས། །བདག་ཅག་སྨོན་དོན་ལྷུན་གྱིས་འགྲུབ་པར་མཛོད། །ཅེས་ཡོངས་རྫོགས་བསྟན་བའི་མངའ་བདག་ཧ་མཐའ་རྡོ་རྗེ་འཆང་གི་ཡང་སྤྲུལ་མྱུར་འབྱོན་གྱི་གསོལ་འདེབས་སྨོན་ཚིག་འདི་ལྟ་བུ་ཞིག་དགོས་ཞེས། །རྗེ་ཉིད་ཀྱི་ཚ་བོ་བློ་བཟང་ཆོས་རྒྱན་གྱིས་བསྐུལ་བ་ལྟར། ྋདབྱངས་ཅན་བཞད་པས་བྲིས་པའོ།།  །།
ཨོཾ་སྭ་སྟི། རབ་འབྱམས་རྒྱལ་ཀུན་བྱ་གྲུབ་ཡེ་ཤེས་ཉིད། །ཡིད་འཕྲོག་མཚན་དཔེའི་དཔྱིད་དུ་ལེགས་སྨིན་པ། །དགེ་ལེགས་མགྲོན་དུ་འགུགས་མཛད་སྒྲོལ་མ་ཡིས། །རྣམ་ཀུན་དགེ་བའི་ཤིས་པ་ཆར་དུ་བསྙིལ། །འཇ༷མ་དབྱང༷ས་མཁྱེན་རབ་མཚོན་གྱིས་རྨོངས་པའི་སྲོག །ཉེར་བཅོམ་མཁ༷ས་གྲུ༷བ་བྱེ་བའི་ཟུར་ཕུད་རྩེར། །དབང་བསྒྱུར་སྨྲ་བའི་གདུང་འཚོབ་ཆོས་ཀྱི་རྗེ། །མོས་ལྡན་རྒྱ༷་མཚོ༷འི་མགོན་ལ་གསོལ་བ་འདེབས། །མགོན་ཁྱོད་རིང་ནས་བདག་སོགས་འགྲོ་བ་ཀུན། །སྒྲོལ་བའི་ཐུགས་བསྐྱེད་ནུས་པ་ཆེར་བསྐྱེད་དེ། །ཟག་མེད་ཆོས་དབྱིངས་ངང་ལས་སྤྲུལ་པའི་གར། །དད་ལྡན་འགྲོ་བའི་དཔལ་དུ་མྱུར་གསལ་ཤོག །རྣམ་དག་ཚུལ་ཁྲིམས་གཙང་མའི་ལྟེ་བ་ལ། །མཁྱེན་དཔྱོད་རྩིབས་སྟོང་སྙིང་རྗེའི་མུ་ཁྱུད་ཅན། །གཞན་ཕན་འཕྲིན་ལས་གཟི་འབར་འཁོར་ལོ་ཡིས། །ཐུབ་བསྟན་ཆོས་ཀྱི་སྲིད་ལ་དབང་བསྒྱུར་ཤོག །བསླུ་མེད་མཆོག་གསུམ་ཐུགས་རྗེའི་བྱིན་རླབས་དང༌། །རྡོ་རྗེའི་གཡར་དམ་ལྷུར་མཛད་སྲུང་མའི་གཙོ། །མྱུར་མཛད་མགོན་དང་ལས་གཤིན་ལ་སོགས་པས། །སྨོན་དོན་ལྷུན་གྱིས་འགྲུབ་པའི་ཤིས་པ་སྩོལ། །
ཅེས་གནས་ལྔ་རིག་བའི་དབང་ཕྱུག་རྗེ་འཇམ་དབྱངས་མཁས་གྲུབ་རྒྱ་མཚོའི་ཡང་སྤྲུལ་མྱུར་གསལ་གྱི་གསོལ་འདེབས་འདི་ནི། མགོན་པོ་གང་དེའི་ཐུགས་སྲས་བློ་བཟང་དཔལ་ལྡན་དང༌། ཚོགས་འདུ་བླ་སྤྱི་ཐུན་མོང་ནས་ལྷ་རེག་བཅས་བསྐུལ་ངོར། ྋ རྨོངས་རྟུལ་དབྱངས་ཅན་བཞད་པས་བྲིས་པའོ། །
རྒྱ་ཆེན་ཚོགས་གཉིས་ཆུ་གཏེར་ལས་འཁྲུངས་ཤིང༌། །གསང་གསུམ་ཡོན་ཏན་ཆ་ཤས་ཡོངས་སུ་རྫོགས། །རླབས་ཆེན་བཅུ་གཉིས་མཛད་པའི་འོད་དཀར་ཅན། །རྣམ་འདྲེན་སྟོབས་བཅུ་མངའ་བས་དགེ་ལེགས་སྩོལ། །དཀོ༷ན་མཆོ༷ག་ཀུན་འདུས་གསང་གསུམ་སྒྱུ་འཕྲུལ་ལས། །ངུར་སྨྲིག་གར་རོལ་བཤེས་གཉེན་ཉིན་མོའི་མགོན། །བློ໅་གྲོས༷་འོད་ཀྱི་དྲ་བ་འབུམ་འགྱེད་བ། །ཡོན་ཏན་རྒྱ༷་མཚོ༷འི་གཏེར་ལ་གསོལ་བ་འདེབས། །རྨད་བྱུང་ཐུགས་བསྐྱེད་ས་བོན་སྨིན་པ་ལས། །ཚངས་སྤྱོད་ཁྲིམས་ཀྱི་རྩ་བ་རབ་ཏུ་བརྟན། །མཁྱེན་བརྩེའི་ཡལ་འདབ་འཕྲིན་ལས་དྲི་བསུང་ཅན། །མཁས་མཆོག་ཡོངས་འདུས་དབང་བོར་གསོལ་བ་འདེབས། །རིགས་རུས་ཆོ་འབྲང་གཙང་མའི་སྐྱེད་ཚལ་དུ། །ཆོས་སྲིད་འཕྲིན་ལས་དྲི་ངད་འབུམ་སྤྲོ་བའི། །འཁྲུལ་མེད་ཡང་སྤྲུལ་མཆོག་གྱུར་འདབ་བརྒྱ་བ། །བློ་གསལ་རྐང་དྲུག་དཔལ་དུ་མྱུར་གསལ་ཤོག །བསླབ་གསུམ་དག་པའི་གསེར་གྱི་ཡུ་བ་ལ། །འཆད་རྩོད་རྩོམ་པའི་ཟ་འོག་ཤམ་བུ་གཡོ། །རིམ་གཉིས་ནོར་བུའི་ཏོག་གིས་རབ་མཛེས་པའི། །བསྟན་པའི་རྒྱལ་མཚན་སྲིད་ན་མཛེས་གྱུར་ཅིག །བསླུ་མེད་མཆོག་གསུམ་ཐུག་རྗེའི་བྱིན་རླབས་དང༌། །མྱུར་མཛད་མགོན་དང་ལས་གཤིན་རེ་མ་ཏི། །རྒྱལ་ཆེན་བསྭེ་ཁྲབ་ཅན་སོགས་སྲུང་ཚོགས་ཀྱིས། །སྨོན་པའི་གནས་ཀུན་ལྷུན་གྱིས་འགྲུབ་པར་ཤོག །ཅེས་འཇམ་མགོན་བསྟན་པའི་སྲོག་ཤིང་དཀོན་མཆོག་བློ་གྲོས་རྒྱ་མཚོའི་ཡང་སྤྲུལ་མྱུར་འབྱོན་གྱི་གསོལ་འདེབས་འདི་ནི་དཔོན་པོ་ཐུབ་བསྟན་གྱི་གཙོས་ཞབས་འབྲང་བ་རྣམས་ཀྱིས་བསྐུལ་བ་ལྟར། ྋདབྱངས་ཅན་བཞད་པས་རྡོ་རྗེས་སྦྱར་བའོ།།  །།
དཀོ༷ན་མཆོ༷ག་རྒྱལ་ཀུན་མཁྱེན་བརྩེ་ནུས་བའི་གཏེར། །ངུར་སྨྲིག་ཚུལ་རོལ་འཇམ་མགོན་བླ་མ་ཡི། །ཟབ་རྒྱས་ཆོ༷ས་ཚུལ་འཕེ༷ལ་མཛད་མཚན་ལྡན་རྗེ། །དྲིན་ཅན་རྩ་བའི་བླ་མར་གསོལ་བ་འདེབས། །རྨད་བྱུང་ཡོན་ཏན་ཆ་ཤས་ཡོངས་སུ་རྫོགས། །བཤད་སྒྲུབ་མཛད་བཟང་འོད་དཀར་སྣང་བ་ཡིས། །ཐུབ་བསྟན་ཀུན་དའི་དགའ་ཚལ་རྒྱས་མཛད་པའི། །མཆོག་སྤྲུལ་ཟླ་གཞོན་དབང་བོ་མྱུར་གསལ་ཤོག །བསླུ་མེད་བླ་མ་ཡི་དམ་བྱིན་རླབས་དང༌། །དམ་ཅན་ཆོས་རྒྱལ་བསེ་ཡི་ཁྲབ་ཅན་སོགས། །རྡོ་རྗེའི་ཡར་དམ་ལྷུར་མཛད་སྲུང་མ་ཡིས། །སྨོན་པའི་འབྲས་བུ་འགྲུབ་པའི་འཕྲིན་ལས་མཛོད། །ཅེས་བསྟན་བའི་གསལ་བྱེད་རྗེ་དཀོན་མཆོག་ཆོས་འཕེལ་བའི་ཡང་སྤྲུལ་མྱུར་འབྱོན་འདི་ནི། །དམ་པ་ཉིད་ཀྱི་ཞབས་སྡོད་སྤྲུལ་བའི་སྐུ་དམ་ཆོས་རྒྱ་མཚོས་བསྐུལ་བ་ལྟར། ྋདབྱངས་ཅན་བཞད་པས་བྲིས་པའོ།། །།
བགྲང་ཡས་རྒྱལ་བའི་གསང་གསུམ་ཡོན་ཏན་ཀུན། །གཅིག་བསྡུས་བཤེས་གཉེན་ཚུལ་གྱིས་རོལ་པ་ཡིས། །གཞན་ཕན་འདོད་པ་འཇོ་བའི་གཉེན་གཅིག་བུ། །སྐྱབས་མཆོག་དཔག་བསམ་དབང་པོ་རྒྱལ་གྱུར་ཅིག །ལུང་རྟོགས་ཡོན་ཏན་ཆ་ཤས་ཡོངས་རྫོགས་ཤིང༌། །གཞན་ཕན་འཕྲིན་ལས་འོད་དཀར་སྣང་བའི་གཟིས། །འཇམ་མགོན་ལུགས་བཟང་ཀུན་དའི་དགའ་ཚལ་མཆོག །རྒྱས་མཛད་ཟླ་གཞོན་དབང་བོར་གསོལ་བ་འདེབས། །ཚངས་སྤྱོད་ཚུལ་ཁྲིམས་གཙང་མའི་ཡུ་བ་རུ། །རྣམ་བཀྲ་ཏིང་འཛིན་ཟ་འོག་ཤམ་བུ་གཡོ། །ཤེས་རབ་ནོར་བུའི་ཏོག་གིས་ཉེར་སྤྲས་པས། །དགེ་ལྡན་བསྟན་པའི་ཁང་བཟང་མཛེས་གྱུར་ཅིག །མོས་ལྡན་འཕྲོ་བའི་བསོད་རྣམས་ཤར་རིའི་སྤོར། །མཚུངས་མེད་སྤྲུལ་པའི་སྐུ་མཆོག་ཉིན་མོའི་མགོན། །འཆད་རྩོད་རྩོམ་པའི་གཟི་བྱིན་སྟོང་འབར་བ། །ཐུབ་བསྟན་པདྨོའི་གཉེན་དུ་མྱུར་གསལ་ཤོག །བསླུ་མེད་བླ་མ་མཆོག་གསུམ་བྱིན་རླབས་དང༌། །རྡོ་རྗེའི་གཡར་དམ་ལྷུར་མཛད་སྲུང་མའི་དབང༌། །བསྭེ་ཁྲབ་ཅན་དང་བེ་གདོང་ལྕམ་དྲལ་ཀྱིས། །སྨོན་བའི་གནས་ཀུན་ལྷུན་གྱིས་འགྲུབ་པར་མཛོད། །ཅེས་དགེ་བའི་བཤེས་གཉེན་ཚུལ་ཁྲིམས་རྒྱ་མཚོའི་ཡང་སྤྲུལ་མྱུར་གསལ་འདི་ཡང༌། །མཁྱེན་རབ་ཀྱི་དབང་ཕྱུག་དམ་བ་སྤྲུལ་བའི་སྐུ་དཀོན་མཆོག་བསྟན་པའི་རྒྱ་མཚོས་བསྐུལ་བའི་ངོ་མ་ལྡོག་པར་ ྋདབྱངས་ཅན་བཞད་པས་བྲིས་པ་ཛ་ཡནྟུ།།   །།
སྔོན་གོམས་བྱམ༷ས་བ༷འི་དམ་བཅའ་ཡོངས་སྨིན་པས། །ཀུན་ལ་གྲགས་མིན་སྙན་བརྒྱུད་གདམས་པ༷་མཆོག །འཆད་རྩོམ་འཕྲིན་ལས་འོད་ཟེ༷ར་སྣང་བ་ཡིས། །རྒྱས་མཛད་བླ་མ་མཆོག་ལ་གསོལ་བ་འདེབས། །རྨད་བྱུང་བྱམ༷ས་བརྩེའི་ཆུ་གཏེར་བསྲུབས་པ༷་ལས། །གསང་གསུམ་ཆ་རྫོགས་གྲག༷ས་སྙན་རབ་རྒྱས་པ༷། །འཕྲིན་ལས་འོ༷ད་སྣང་ཟེ༷ར་གྱིས་ཐུབ་བསྟན་ཚལ། །རྒྱས་མཛད་མཆོག་སྤྲུལ་ཟླ་གཞོན་མྱུར་གསལ་ཤོག །སྐྱེས་པ་ཀུན་ཏུ་ཡང་དག་བླ་མ་དང༌། །྾྾མྱུར་ཐོབ་ཤོག །ཅེས་པ་འདི་ནི་རྗེ་ཉིད་ཀྱི་སྐུ་ཚ་བསྟན་པའི་སྣང་བྱེད་སྤྲུལ་པའི་སྐུ་དཀོན་མཆོག་མཁས་གྲུབ་ཀྱིས་བསྐུལ་བའི་ངོར་ ྋདབྱངས་ཅན་བཞད་པས་བྲིས་པའོ།།  །།
བློ་གཏེར་འཇམ་དཔལ་དབྱངས་དངོས་ཙོང་ཁ་བའི། །བསྟན་པའི་ཡང་སྙིང་དྲི་བྲལ་ལུགས་བཟ༷ང་མཆོག །མི་ཉམས་འཕེ༷ལ་ཞིང་རྒྱ༷ས་མཛད་ཆོས་ཀྱི་རྗེ། །བཀའ་དྲིན་མཚུངས་མེད་དམ་པར་གསོལ་བ་འདེབས། །མདོ་རྒྱུད་གཞུང་བརྒྱའི་ཟབ་དོན་ཚུལ་བཞིན་དུ། །ཉམས་སུ་བསྟར་བས་སྤངས་རྟོགས་མཐར་སོན་ཡང༌། །གཞན་ཕན་སྙིང་རྗེས་གང་འདུལ་སྤྲུལ་པའི་གར། །བསྒྱུར་མཛད་བཤེས་གཉེན་མཆོག་ལ་གསོལ་བ་འདེབས། །རྨད་བྱུང་ཐུགས་བསྐྱེད་རྟ་བདུན་གྱིས་དྲངས་པའི། །མཚུངས་བྲལ་ཟླ་མེད་མཆོག་སྤྲུལ་ཉིན་མོའི་མགོན། །མཛད་བཟང་འོད་ཀྱི་དྲ་བ་འབུམ་འགྱེད་པ། །མོས་ལྡན་གདུལ་བྱའི་དཔལ་དུ་མྱུར་གསལ་ཤོག །བསླུ་མེད་མཆོག་གསུམ་སྤྱི་དང་ཁྱད་པར་དུ། །མ་ཅིག་དཔལ་ལྡན་སྲིད་གསུམ་བདག་མོ་དང༌། །སྐྱེས་མཆོག་རྡོ་རྗེ་ལེགས་པ་འཁོར་བཅས་ཀྱིས། །སྨོན་གནས་ཇི་བཞིན་འགྲུབ་པའི་གྲོགས་མཛོད་ཅིག །ཅེས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་འཕེལ་རྒྱས་བའི་ཡང་སྤྲུལ་མྱུར་འབྱོན་གྱི་གསོལ་འདེབས་འདི་ནི། རྣམ་དབྱོད་ཡངས་པ་དགེ་སློང་བློ་བཟང་མཁས་གྲུབ་ཀྱིས་བསྐུལ་བའི་ངོ་མ་ལྡོག་པར་ ྋདབྱངས་ཅན་བཞད་པའི་རྡོ་རྗེས་དབེན་གནས་མཁའ་སྤྱོད་རྩེར་སྦྱར་བ་ཛ་ཡནྟུ།།  །།
ཨོཾ་སྭ་སྟི། དགེ་ལེགས་རྒྱ་མཚོའི་གཏེར་གྱུར་རྫོགས་སངས་རྒྱས། །སྤྲོས་བྲལ་དོན་དམ་རང་བཞིན་དམ་པའི་ཆོས། །རིག་གྲོལ་བརྒྱད་ལྡན་འཕགས་ཚོགས་དགེ་འདུན་ཏེ། །མཆོག་གསུམ་བདེན་མཐུས་ཤིས་པ་འབར་གྱུར་ཅིག །བློ་བཟ༷ང་རྒྱལ་བའི་རིང་ལུགས་ཀུན་དའི་ཚལ། །མདོ་སྔགས་ད༷མ་ཆོ༷ས་བདུད་རྩིའི་གཟི་འོད་ཀྱིས། །རྒྱས་མཛད་མཚུངས་མེད་སྐྱབས་མཆོག་ཟླ་གཞོན་དབང༌། །མོས་ལྡན་རྒྱ༷་མཚོ༷འི་མགོན་ལ་གསོལ་བ་འདེབས། །བློ་བཟ༷ང་རྒྱལ་བསྟན་གངས་ཀྱི་རི་བོའི་སྤོར། །ད༷མ་པའི་མཛད་བཟང་རལ་ཁུར་གྱིས་མཛེས་ཤིང༌། །ཐེག་གསུམ་ཆོ༷ས་ཀྱི་སྒྲ་དབྱངས་སྒྲོགས་མཁས་པ། །ཐར་འདོད་རྒྱ༷་མཚོ༷འི་མགོན་དུ་མྱུར་གསལ་ཤོག །རིགས་རུས་ཆོ་འབྲང་ཤར་རིའི་ཕྲག་བ་རུ། །འཕྲིན་ལས་གཟི་འབར་མཚུངས་བྲལ་ཉིན་བྱེད་དབང༌། །སྔོན་གོམས་ཐུགས་བསྐྱེད་རྟ་བདུན་གྱིས་དྲངས་ཏེ། །འགྲོ་བའི་ཡིད་ཀྱི་གདུང་བ་སེལ་གྱུར་ཅིག །བསླུ་མེད་བླ་མ་ཡི་དམ་མཁའ་འགྲོ་དང༌། །ཆོས་སྐྱོང་སྲུང་མ་ཆེ་བཙན་དྲེགས་པའི་རྒྱལ། །ཐ་བག་ཆོས་རྒྱལ་འཁོར་དང་བཅས་རྣམས་ཀྱིས། །སྨོན་དོན་ཡིད་བཞིན་འགྲུབ་པའི་འཕྲིན་ལས་མཛོད། །ཅེས་བསྟན་བའི་གསལ་བྱེད་རྗེ་བློ་བཟང་དམ་ཆོས་རྒྱ་མཚོའི་ཡང་སྤྲུལ་མྱུར་གསལ་གྱི་གསོལ་འདེབས་འདི་ཡང་དགེ་བའི་བཤེས་གཉེན་ཆེན་པོ་དབང་ཕྱུག་གི་གཙོས་ལྟོས་བཅས་རྣམས་ཀྱིས་ལྷ་རེག་བཅས་བསྐུལ་ངོར་ ྋདབྱངས་ཅན་བཞད་པས་བྲིས་པའོ།།  །།
རྒྱལ་ཀུན་འཕྲིན་ལས་གཅིག་བསྡུས་ལྷག་བའི་ལྷ། །ཉི་འོད་འཐུང་བའི་མ་རྒད་ལྷུན་པོའི་མདངས། །འཕྲོག་མཛད་མཚན་དཔེའི་རྒྱན་གྱིས་སྒེག་པ་མོ། །རྒྱལ་ཡུམ་ལྷ་མོས་དགེ་ལེགས་ཤིས་པ་སྩོལ། །བློ་བཟ༷ང་རྒྱལ་བའི་རིང་ལུགས་གངས་རིའི་སྤོར། །ལུ༷ང་རྟོགས་གཡུ་རལ་རི༷གས་པའི་སྡེར་ཕྲེང་ཅན། །ཀུན་ལས་རྣམ་རྒྱ༷ལ་སྨྲ་བའི་སེང་གེ་མཆོག །མཚ༷ན་ལྡན་བཤེས་གཉེས་ཆེན་པོར་གསོལ་བ་འདེབས། །གསང་གསུམ་ཡོནཏན་མཛོད་ལ་མངའ་བརྙེས་ཤིང༌། །འཕྲིན་ལས་གཟི་འབར་མཆོག་སྤྲུལ་ཉིན་མོའི་མགོན། །ཐུགས་བསྐྱེད་ཁྱུང་སྔོན་སྐྱེས་ཀྱིས་མྱུར་དྲངས་ཏེ། །བསྟན་འགྲོའི་ཕན་བདེའི་པད་ཚལ་བཞད་གྱུར་ཅིག །ཚུལ་ཁྲིམས་དག་བའི་རྩ་བ་རབ་ཏུ་བརྟན། །འཆད་རྩོད་རྩོམ་པའི་ལོ་འདབ་ཁུར་གྱིས་བརྗེད། །གཞན་ཕན་མཛད་བཟང་འབྲས་བུ་གཡུར་ཟ་བའི། །སྐྱབས་མཆོག་དཔག་བསམ་དབང་བོ་མྱུར་གསལ་ཤོག །བསླུ་མེད་བླ་མ་མཆོག་གསུམ་བྱིན་རླབས་དང༌། །མཐུ་ལྡན་དམ་ཅན་སྲུང་ཚོགས་མཐུ་དང་སྟོབས། །བདག་ཅག་དད་མོས་ཚོགས་པའི་རྟེན་འབྱུང་མཐུས། །སྨོན་དོན་ཡིད་བཞིན་ལྷུན་གྱིས་འགྲུབ་བར་ཤོག །ཅེས་འཇམ་མགོན་བསྟན༌བའི་སྲོག་ཤིང་དགེ་བའི་བཤེས་གཉེན་ཆེན་བོ་བློ་བཟང་ལུང་རིགས་རྒྱལ་མཚན་གྱི་ཡང་སྤྲུལ་མྱུར་གསལ་འདི་ཡང༌། རྩང་སྤྲུལ་བློ་བཟང་བསྟན་པའི་རྒྱལ་མཚན་དང༌། བློ་བཟང་ཕུན་ཚོགས་གཉིས་ཀྱིས་བསྐུལ་བ་ལྟར་ ྋདབྱངས་ཅན་བཞད་པས་སྦྱར་པའོ།།   །།
ཟླ་མེད་མཚན་དང་དཔེ་བྱད་འབར་བའི་སྐུ། །སྙན་འཇེབས་ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང༌། །མཐའ་ཡས་ཤེས་བྱའི་གནས་ཚུལ་གཟིགས་པའི་ཐུགས། །སྟོབས་བཅུ་མངའ་བས་དགེ་ལེགས་ཤིས་བ་སྩོལ། ༈གཏད་མེད་ཆོས་བརྒྱད་སྤྲོ་བ་དིར་རོང་ནས། །བྱང་ཆུབ་སེམས་ཀྱིས་བདག་རྒྱུད་ལེགས་སྨིན་ཏེ། །འཆད་རྩོད་རྩོམ་བའི་འཕྲིན་ལས་འོ༷ད་ཟེ༷ར་གྱིས། །ཐུབ་བསྟན་གསལ་མཛད་མགོན་པོར་གསོལ་བ་འདེབས། །མང་ཐོས་གཞུང་བརྒྱ་སྨྲ་ལ་དབང་འབྱོར་ཞིང༌། །སྒོ་གསུམ་ཉེས་ལྟུང་སྐྱོན་བྲལ་འདུལ་མཛིན་མཆོག །སྐལ་ལྡན་ཐར་པར་འཁྲིད་པའི་ས་མཁན་ཆེ། །མཚུངས་བྲལ་དགེ་བའི་བཤེས་ལ་གསོལ་བ་འདེབས། །བརྒྱ་ཕྲག་སྡུག་བསྔལ་གྱིས་གཟིར་ལུས་ཅན་རྣམས། །དགྲོལ་སླད་བྱང༷་ཆུ༷བ་བསྒྲུབ་པར་དམ་བཅས་བཞིན། །གསང་གསུམ་ཡོན་ཏན་འོ༷ད་སྣང་བསིལ་ཟེ༷ར་ཅན། །མཆོག་སྤྲུལ་ཟླ་བ་གཞོན་ནུ་མྱུར༌གསལ་ཤོག །བགྲང་ཡས་བསྟན་འཛིན་རྐང་འཐུང་བྱེ་བའི་ཁྲོད། །ངོ་མཚར་ཡོན་ཏན་ཡལ་འདབ་ཁྱོན་ཡངས་ཤིང༌། །གང་འདོད་བསམ་དགུའི་རེ་འབྲས་ཡིད་བཞིན་དུ། །སྩོལ་མཛད་མཆོག་སྤྲུལ་ཡོངས་འདུའི་མྱུར་འཁྲུངས་ཤོག །ཅེས་པ་འདི་ཡང་འཇམ་མགོན་གང་དེར་མི་ཕྱེད་པའི་དད་པ་ཅན་དགེ་སློང་བློ་བཟང་བསྟན་འཛིན་གྱིས་ལྷ་རྫས་བཅས་བསྐུལ་བའི་ངོར་ ྋདབྱངས་ཅན་བཞད་པས་བྲིས་པའོ།།  །།
བསླུ་མེད་དཀོན་མཆོག་རྣམ་གསུམ་ཐུགས་རྗེའི་མཐུས། །བཤེས་གཉེན་ཆེན་པོ་བྱང༷་ཆུ༷བ་འོ༷ད་ཟེ༷ར་གྱི། །ཡང་སྤྲུལ་འཁྲུལ་མེད་མྱུར་དུ་གསལ་གྱུར་ནས། །སྐལ་ལྡན་སྙིང་གི་གདུང་བ་སེལ་གྱུར་ཅིག །འདི་ཡང་དབྱངས་ཅན་བཞད་པས་བྲིས།  །།དངོས་གྲུབ་མཆོག་སྩོལ་བླ་མ་ཡི་དམ་ལྷ། །རིག་འཛིན་མཁའ་འགྲོ་ཆོས་སྲུང་མཐུ་སྟོབས་ཀྱིས། །གང་འདོད་རེ་འབྲས་བསམ་འཕེལ་ནོར་བུ་ལྟར། །ཡིད་བཞིན་འཇོ་བའི་དགེ་ལེགས་ཤིས་པ་སྩོལ། །ཆེས་དཀོ༷ན་ཐུབ་པ་མཆོ༷ག་གི་བསྟན་པའི་གནད། །ཟབ་རྒྱས་ཆོས་ཚུལ་བདུད་རྩིའི་དགའ་སྟོན་གྱིས། །སྐལ་ལྡན་སྙིང་ལ་འདེ་བའི་དཔལ་སྟེར་པ། །བསྟན་འཛིན་དམ་པའི་གཙོ་ལ་གསོལ་བ་འདེབས། །རྒྱལ་བསྟན་ཤར་གྱི་རི་བོའི་ཟུར་ཕུད་རྩེར། །མཚུངས་མེད་སྤྲུལ་བའི་ཟློས་གར་ཟླ་ཤེལ་དབང༌། །མྱུར་གསལ་འཕྲིན་ལས་བསིལ་ཟེར་འབུམ་ཕྲག་གིས། །སྐལ་བཟང་ཡིད་ཀྱི་ཀུན་ད་བཞད་གྱུར་ཅིག །གཏུམ་དྲག་རྔམས་བས་ཡིད་སྲུབས་སྡེ་བཅས་དཔུང༌། །མཐར་བྱེད་ཁྲོ་བོའི་གར་མཛད་སྲུང་ཚོགས་ཀྱིས། །གང་བཅོལ་འཕྲིན་ལས་སྒྲུབ་ལ་མ་གཡེལ་བར། །སྨོན་དོན་ལྷུན་གྱིས་འགྲུབ་པའི་དགེ་ལེགས་སྩོལ། །ཅེས་རྩེ་གཅིག་སྒྲུབ་ལ་བརྩོན་བའི་བཤེས་གཉེན་དམ་པ་གྲོང་མང་བླ་མ་མཆོག་གི་ཡང་སྤྲུལ་མྱུར་འབྱོན་གྱི་གསོལ་འདེབས་འདི་ནི། འབྲོག་དགེའི་བླ་སྤྱི་ཐུན་མོང་གི་འདོད་མོས་ལྟར་ ྋདབྱངས་ཅན་བཞད་པས་པ་བྲིས་ཛ་ཡནྟུ། །
རྒྱལ་ཀུན་འཕྲིན་ལས་རང་གཟུགས་ལྷག་པའི་ལྷ། །དྲན་པ་ཙམ་གྱིས་སྲིད་ཞིའི་འཇིགས་པ་ཀུན། །འཇོམས་མཛད་འཕགས་མ་ཡིད་བཞིན་འཁོར་ལོ་ཡིས། །རྣམ་ཀུན་དགེ་ལེགས་ཤིས་པས་སྐྱོངས་གྱུར་ཅིག །འཇམ་དབྱངས་རྒྱལ་བ་གཉིས་པའི་བསྟན་པའི་གནད། །ཚོ༷གས་གཉིས་ཟུང་འབྲེལ་ལམ་བཟང་འདབ་སྟོང་ཚལ། །འཕེ༷ལ་ཞིང་རྒྱས་མཛད་དང་ལྡན་རྒྱ༷་མཚོ༷འི་མགོན། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །རིགས་རུས་ཆོ་འབྲང་ཤར་རིའི་ཕྲག་བ་རུ། །ཐུགས་བསྐྱེད་ཁྱུང་སྔོན་སྐྱེས་ཀྱིས་ཉེར་དྲངས་པའི། །མཚུངས་མེད་མཆོག་སྤྲུལ་ཉིན་མོའི་མགོན་པོ་མཆོག །མྱུར་གསལ་ཆོས་སྲིད་སྣང་བ་འབར་གྱུར་ཅིག །བསླབ་གསུམ་ཟ་འོག་དར་གྱི་ཤམ་བུ་ཅན། །ཆེས་ཟབ་རིམ་གཉིས་ནོར་བུའི་ཏོག་མཛེས་པའི། །བསྟན་པའི་རྒྱལ་མཚན་སྲིད་ཞིའི་ཟུར་ཕུད་རྩེར། །བསྒྲེངས་མཛད་སྤྲུལ་བའི་ཟློས་གར་མྱུར་གསལ་ཤོག །ནམ་ཡང་བསླུ་མེད་བླ་མ་མཆོག་གསུམ་དང༌། །སྙིང་རྗེའི་རང་གཟུགས་མྱུར་མཛད་མགོན་པོ་སོགས། །བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱིས། །སྨོན་དོན་ཡིད་བཞིན་འགྲུབ་པའི་འཕྲིན་ལས་མཛོད། །ཅེས་པ་འདི་ཡང་ཟངས་དཀར་སྟོད་མའི་དགེ་སྐོས་ཤེས་རབ་རྒྱ་མཚོ་སོགས་ལས་སྣ་མང་ནས་བསྐུལ་བ་ལྟར། ྋདབྱངས་ཅན་བཞད་པས་བྲིས་པའོ།།  །།
ཨོཾ་སྭ་སྟི། དགེ་ལེགས་རྒྱ་མཚོའི་གཏེར་གྱུར་ངག༷་གི་དབང༷༌། །ཆེས་དཀོན་ཐུབ་བསྟན༷་ཁང་བཟང་མཛེས་པའི༷་རྩེར། །དྲི་བྲལ་ཆོས་ཀྱི་རྒྱ༷ལ་མཚ༷ན་འཛིན་པའི་གཙོ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཚངས་སྤྱོད་ཚུལ་ཁྲིམས་དག་བའི་ཆུ་ཤེལ་ཁམས། །ལུང་རྟོགས་ཡོན་ཏན་ཆ་ཤས་ཡོངས་སུ་རྫོགས། །འཕྲིན་ལས་སྣང་བས་ཐུབ་བསྟན་ཀུན་དའི་ཚལ། །རྒྱས་མཛད་སྤྲུལ་པའི་ཟློས་གར་མྱུར་གསལ་ཤོག །བསླུ་མེད་བླ་མ་ཡིད་དམ་ལྷ་ཚོགས་དང༌། །བསྟན་སྲུང་དམ་ཅན་རྒྱ་མཚོའི་མཐུ་སྟོབས་ཀྱིས། །མི་མཐུན་བདུད་སྡེའི་དཔུང་ཚོགས་ཉེར་བཅོམ་སྟེ། །སྨོན་དོན་ལྷུན་གྱིས་འགྲུབ་པའི་དགེ་ལེགས་སྩོལ། །ཅེས་པ་འདི་ནི་བསྔགས་འོས་ཡོན་ཏན་གྱིས་མངོན་པར་མཐོ་བ་ནག་སྒོ་ཆོས་མཛད་གྱིས་བསྐུལ་བ་ལྟར་ ྋདབྱངས་ཅན་བཞད་པས་བྲིས་པའོ།།  །།
ཨོཾ་སྭ་སྟི་སིདྡྷི། །གང་ལ་བརྟེན་ན་གཏན་གྱི་བདེ་སྟེར་ཞིག །མཆོག་ཐུན་དངོས་གྲུབ་འདོད་པ་འཇོ་བའི་དཔལ། །བླ་མ་ཡི་དམ་མཆོག་གསུམ་སྲུང་ཚོགས་ཀྱིས། །དགེ་ལེགས་ཤིས་བ་འབར་བའི་དཔལ་སྩོལ་ཅིག །འཇ༷མ་དབྱང༷ས་བླ་མའི་ལུགས་བཟང་གངས་རིའི་སྦོར། །མདོ་སྔགས་ཆོ༷ས་ཚུལ་རལ་བའི་ཁུར་མཛེས་ཤིང༌། །དོན་ལྡན༷་གྲག༷ས་པའི་སྡེར་ཕྲེང་ཆེར་གཡོ་བ། །སྐལ་བཟང་རྒྱ༷་མཚོ༷འི་མགོན་ལ་གསོལ་བ་འདེབས། །རིགས་རུས་ཆོ་འབྲང་གཙང་མའི་ཤར་རིའི་རྩེར། །ཐུགས་བསྐྱེད་ཁྱུད་སྔོན་སྐྱེས་ཀྱིས་ཉེར་དྲངས་པའི། །ཡང་སྤྲུལ་རྟ་ལྗང་དབང་པོ་མྱུར་གསལ་ཏེ། །མཛད་བཟང་སྣང་བས་ས་སྟེང་ཁྱབ་གྱུར་ཅིག །རྣམ་དག་བསླབ་གསུམ་གར་གྱིས་ཤམ་བུ་ཅན། །གསང་ཆེན་ཆོས་ཀྱི་ནོར་བུའི་ཏོག་མཛེས་པའི། །དགེ་ལྡན་ལུགས་བཟང་རྒྱལ་མཚན་སྲིད་པའི་རྩེར། །བསྒྲེང་མཛད་སྤྲུལ་པའི་ཟློས་གར་མྱུར་གསལ་ཤོག །བསླུ་མེད་བླ་མ་མཆོག་གསུམ་བྱིན་རླབས་དང༌། །དམ་ལྡན་ཆོས་སྐྱོང་སྲུང་མའི་མཐུ་དང་སྟོབས། །བདག་ཅག་སྨོན་འདུན་ལྷན་ཅིག་ཚོགས་པའི་མཐུས། །ཡིད་ལ་སྨོན་བའི་རེ་འབྲས་ལྷུན་གྲུབ་ཤོག །ཅེས་ཐུབ་བསྟན་གསལ་བའི་སྒྲོན་མེ་སྐུ་ཞང་མཆོག་སྤྲུལ་རིན་པོ་ཆེའི་ཡང་སྤྲུལ་མྱུར་གསལ་གྱི་གསོལ་འདེབས་འདི་ནི་ལུང་རྟོགས་ཡོན་ཏན་གྱི་གཏེར་མཛོད་འཛིན་པ་རྒྱ་ནག་མས་སྤྲུལ་སྐལ་བཟང་བསྟན་པ་རྒྱ་མཚོ་དང༌། དུས་འཁོར་གྲྭ་ཚང་འདུས་སྤྱི་བཅས་ནས་བསྐུལ་བ་ལྟར། ྋདབྱངས་ཅན་བཞད་པས་སྦྱར་བའོ།།  །།བསླུ་མེད་སྐྱབས་གནས་བླ་མ་མཆོག་གསུམ་དང༌། །དངོས་གྲུབ་སྩོལ་མཛད་ཡིད་དམ་དཀྱིལ་འཁོར་ལྷ། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་ཀྱིས། །སྨོན་དོན་ཡིད་བཞིན་འགྲུབ་པའི་དགེ་ལེགས་སྩོལ། །དཀོ༷ན་མཆོག༷་གསུམ་དངོས་འཇ༷མ་དཔལ༷་མི་ཡི་གར། །ལུང་རྟོགས་ཡོན༷་ཏན་སྤྲིན་གྱི་སྒྲ་དབྱངས་ཅན༷། །བསམ་ཡས་མཛད་པས་རྒྱལ་བསྟན་པདྨོའི་ཚལ། །འཕེལ་མཛད་བཤེས་གཉེན་མཆོག་ལ་གསོལ་བ་འདེབས། །ལུག་རྟོགས་ཡོན་ཏན་དཀྱིལ་འཁོར་ཡོངས་རྫོགས་ཤིང༌། །དགེ་ལྡན་ལུགས་བཟང་ཀུ་མུད་བཞད་པའི་གཉེན། །ཐུབ་པའི་གདུང་འཚོབ་མཆོག་སྤྲུལ་ཟླ་ཤེལ་དབང༌། །སྐལ་བཟང་གདུལ་བྱའི་དཔལ་དུ་མྱུར་གསལ་ཤོག །རྣམ་དག་བསླབ་གསུམ་རྩ་བ་རབ་ཏུ་བརྟན། །མཁས་བཙུན་བཟང་བོའི་ཡལ་འདབ་འཁོར་ཡུག་ཁྱབ། །འཆད་རྩོད་རྩོམ་པའི་དྲི་བསུང་འབུམ་སྤྲོ་བའི། །མཆོག་སྤྲུལ་དཔག་བསམ་ལྗོན་པ་མྱུར་འཁྲུངས་ཤོག །རྡོ་རྗེའི་གཡར་དམ་ལྷུན་མཛད་སྲུང་མའི་དབང༌། །མྱུར་མཛད་མགོན་དང་ལས་གཤིན་རེ་མ་ཏི། །དྲེགས་པའི་སྡེ་དཔོན་ཐ་འོག་ཆོས་རྒྱལ་གྱིས། །ཇི་ལྟར་སྨོན་དོན་འགྲུབ་པའི་གྲོགས་མཛོད་ཅིག །ཅེས་ལུང་རྟོགས་ཡོན་ཏན་བྱེ་བའི་མཛོད་འཛིན་མཚན་ཆོགས་སྤྲུལ་པའི་སྐུ་རིན་པོ་ཆེའི་ཡང་སྤྲུལ་མྱུར་གསལ་གྱི་སྨིན་ཚིག་འདི་ནི་མཚན་སྒྲོགས་དགོན་འདུས་སྤྱི་ནས་བསྐུལ་བ་ལྟར། །དབྱངས་ཅན་བཞད་པས་སྦྱར་བ་ཛ་ཡནྟུ།། །།
ངག་གི་དབ༷ང་ཕྱུག་འཇམ་མགོན་བློ་བཟ༷ང་གྲགས། །བཤེས་གཉེན་ཚུལ་གྱིས་རྒྱལ་བསྟན་པདྨོའི་ཚལ། །འཕྲིན་ལས་སྣང་བས་རྒྱས་མཛད་ཆོས་ཀྱི་རྗེ། །མོས་ལྡན་རྒྱ་མཚོའི་མགོན་ལ་གསོལ་བ་འདེབས། །འཇམ་མགོན་ཆོས་ཚུལ་གངས་ཀྱི་རི་བོའི་སྤོར། །བསླབ་གསུམ་གཡུ་རལ་ཁྱུར་གྱིས་རབ་བརྗིད་ཅིང༌། །ཕྱོགས་ལས་རྣམ་རྒྱལ་རིགས་པའི་སྡེར་འཕྲེང་གཡོ། །ཟླ་མེད་སྨྲ་བའི་སངྒཻར་གསོལ་བ་འདེབས། །སྐལ་བཟང་གདུལ་བྱའི་བསོད་ནམས་ཤར་རེའི་རྩེར། །མཁས་བཙུན་བཟང་བོའི་ཆ་རྫོགས་སྤྲུལ་བའི་ཟླ། །སྔོན་གོམས་ཐུགས་བསྐྱེད་རྟ་བདུན་གྱིས་དྲངས་ཏེ། །མཛད་འཕྲིན་འོད་དཀར་སྣང་བས་མྱུར་ཁྱབ་ཤོག །མི་དམན་རིགས་རུས་གཙང་མའི་སྐྱེད་ཚུལ་དུ། །རྣམ་དཀར་མཛད་འཕྲིན་དྲི་བསུང་འཐུལ་བ་ཡིས། །འཁྲུལ་བྲལ་ཟླ་མེད་མཆོག་སྤྲུལ་འདབ་བརྒྱ་བ། །ཐར་འདོད་རྐང་དྲུག་དཔལ་དུ་མྱུར་གསལ་ཤོག །བསླུ་མེད་མཆོག་གསུམ་ཐུགས་རྗེའི་བྱིན་རླབས་དང༌། །རྒྱལ་ཀུན་སྙིང་རྗེའི་རང་གཟུགས་མྱུར་མཛད་མགོན། །བདུད་སྡེའི་དཔུང་འཇོམས་བསྭེ་ཁྲབ་ཅན་སོགས་ཀྱིས། །སྨོན་གནས་ཡིད་བཞིན་འགྲུབ་པའི་ཤིས་པ་སྩོལ། །ཅེས་པ་འདི་ཡང་སྟག་ཚ་ཚང་གི་མཆོག་སྤྲུལ་མྱུར་འབྱོན་དུ་དགོན་བློང་ཀུན་ནས་བསྐུལ་བ་ལྟར་ ྋདབྱངས་ཅན་བཞད་པས་བྲིས་པའོ།།  །།

དཔྱད་མཆན་སྤེལ།