༄༅།། ན་མོ་གུ་རུ་ཨཱརྱ་ཏཱ་རེ་དེ་ཝ་མཎྜལེ་སརྦ་སིདྡྷི་ཡ་ཙྪནྟུ། ཡིད་འཕྲོག་མ་རྒད་གསར་བའི་འཁྲི་ཤིང་བཞིན།། བཅུ་དྲུག་ལང་ཚོ་མཚན་དཔེའི་རྒྱན་གྱིས་སྤུད།། དངོས་གྲུབ་ཆར་འབེབས་འཕགས་མ་སྒྲོལ་མ་ཡིས།། རྣམ་ཀུན་དགེ་ལེགས་ཤིས་བ་ཆར་དུ་བསྙིལ།། འདིར་རྗེ་བཙུན་མ་འཕགས་མ་སྒྲོལ་མའི་སྒོ་ནས་བཀྲ་ཤིས་ཀྱི་དགེ་མཚན་སྤེལ་བའི་ཆོ་ག་ཉམས་སུ་ལེན་བར་འདོད་བས། བདག་མདུན་འབྲེལ་བའམ་མ་མཐའ་བདག་བསྐྱེད་ཙམ་སྔོན་དུ་བཏང༌། སྤྲོ་ན་དངོས་གྲུབ་ཀྱི་རྫས་བཤམས། སྦྱིན་བདག་སོགས་ཀྱིས་གོས་གསར་བ་གྱོན་ཏེ་གདན་ལ་འཁོད། དང་པོ་ཚོགས་ཞིང་སྤྱན་དྲངས་བ་ནི། ཧྲཱིཿལྷོ་ཕྱོགས་པོ་ཏ་ལ་ཡི་གནས་མཆོག་ནས།། རྒྱལ་ཀུན་འཕྲིན་ལས་རང་གཟུགས་རྗེ་བཙུན་མ།། མགོན་དེའི་ཐུགས་རྗེའི་སྤྲུལ་བ་མར་མེ་མཛད།། ཡང་སྤྲུལ་བློ་བཟང་རྒྱལ་བ་ཙོང་ཁ་པ།། དབྱེར་མེད་དྲིན་ཅན་རྩ་བའི་བླ་མ་ཉིད།། མཆོག་ཐུན་འདོད་དགུའི་དངོས་གྲུབ་སྩོལ་པའི་ཕྱིར།། མཚར་སྡུག་ལང་ཚོའི་རྣམ་རོལ་ལྷག་པའི་ལྷ།། རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང༌།། སངས་རྒྱས་བྱང་སེམས་དཔའ་བོ་རྣལ་འབྱོར་མ།། ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས།། རྩེ་གཅིག་མོས་བའི་ཡིད་ཀྱིས་སྤྱན་འདྲེན་ན།། ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ།། ཨོཾ་གུ་རུ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་བཛྲས་མ་ཛཿ ཛཿ ས་སྤྱན་དྲངས། མདུན་གྱི་ནམ་མཁར་ཀུན་ཏུ་བཟང་པོ་ཡི།། རབ་འབྱམས་མཆོད་པའི་སྤྲིན་ཕུང་འཁྲིགས་པའི་དབུས།། སྲིད་ཞིའི་འཇིགས་སྐྱོབ་སྐྱབས་གཅིག་རྗེ་བཙུན་མ།། རིགས་ཀྱི་བདག་པོ་གར་དབང་སྣང་མཐའ་ཡས།། སྟེང་དུ་ཐུགས་རྗེའི་བདག་ཉིད་སློབ་དཔོན་ལ།། དྲིན་ཅན་རྩ་བརྒྱུད་བླ་མའི་ཚོགས་ཀྱིས་བསྐོར།། མཐའ་སྐོར་ཡི་དམ་མཆོག་གསུམ་སྲུང་ཚོགས་བཅས།། བདག་ཅག་མགོན་དང་སྐྱབས་སུ་བཞུགས་སུ་གསོལ།། ཀ་མ་ལ་ཡེ་སྟྭཾ། སྤྲོ་ན་ཡན་ལན་བདུན་པ་འབུལ། དེ་ནས་བྱིན་རླབས་འབེབས་ལ་བསྐུལ་བ་ནི། དམིགས་མེད་སྙིང་རྗེའི་གཏེར་གྱུར་སྤྱན་རས་གཟིགས།། མགོན་དེས་རྗེས་བཟུང་དཔལ་ལྡན་ཨ་ཏི་ཤ།།དུས་གསུམ་ཀུན་འདུས་བློ་བཟང་གྲགས་པ་སོགས།། རྩ་བརྒྱུད་བླ་མའི་བྱིན་རླབས་དེང་འདིར་ཕོབ།། ཁྱོད་མཚན་ཐོས་བ་ཙམ་གྱིས་འགྲོ་ཀུན་གྱི།། རྒུད་པའི་གདུངས་པ་མ་ལུས་སེལ་མཛད་པ།། རབ་བརྗིད་གར་གྱི་ཉམས་ལྡན་ལྷག་པའི་ལྷ།། འཕགས་མ་སྒྲོལ་མའི་བྱིན་རླབས་དེང་འདིར་ཕོབ།། གར་གྱི་སྟང་སྟབས་གཅིག་ཙམ་བསྐྱེད་པས་ཀྱང༌།། སྲིད་ཞིའི་དཔལ་འབྱོར་ལེགས་ཚོགས་མ་ལུས་པ།། གཅིག་ཆར་མྱུར་དུ་འགུགས་པའི་དཔལ་ཡོན་ཅན།། འཕགས་མཆོག་སྐུ་ཡི་བྱིན་རླབས་དེང་འདིར་ཕོབ།། གང་གསུང་བཟླས་བརྗོད་དབྱར་སྐྱེས་རྔ་གསང་དང༌།། ལྷན་ཅིག་མཆོག་ཐུན་དངོས་གྲུབ་ཆར་ཆེན་གྱིས།། ཉོན་མོངས་སྡུག་བསྔལ་ཚ་གདུངས་སེལ་མཛད་པ།། འཕགས་མཆོག་གསུང་གི་བྱིན་རླབས་དེང་འདིར་ཕོབ།། རྨད་བྱུང་དགོངས་པ་སྙིང་རྗེའི་གཞན་དབང་གིས།། གང་ལ་གང་འཚམ་འཕྲིན་ལས་རྣམ་པ་བཞིས།། འགྲོ་ཀུན་ཐབས་ཀྱིས་སྐྱོང་བའི་ཐུགས་རྗེའི་གཏེར།། འཕགས་མཆོག་ཐུགས་ཀྱི་བྱིན་རླབས་དེང་འདིར་ཕོབ།། བླ་མ་རྗེ་བཙུན་སྒྲོལ་མ་དབྱེར་མེད་པ།། ཁྱེད་ཀྱི་གསང་གསུམ་བཀོད་པའི་ངོ་མཚར་ལས།། ཤར་བའི་བླ་མ་མཆོག་གསུམ་བཀའ་སྡོད་བཅས།། སྐྱབས་ཡུལ་ཀུན་གྱི་བྱིན་རླབས་དེང་འདིར་ཕོབ།། དེ་ལྟར་གསོལ་བ་བཏབ་པས་ཐུགས་རྒྱུད་བསྐུལ་ཏེ། ཚོགས་ཞིང་རྣམས་ལས་སྐུ་ཆེ་ཆུང་ཚད་མེད་པ་དང༌། གསུང་ཨཱ་ལི་ཀཱ་ལི་སོགས་རང་སྒྲ་སྒྲོགས་བཞིན་པ་དང༌། ཐུགས་ཕྱག་མཚན་གྱི་རྣམ་པ་དཔག་ཏུ་མེད་པ་དབྱར་གྱི་ཆར་ཆེན་པོ་བབས་པ་བཞིན་བྱོན། བདག་དང་དགོན་གནས་སྦྱིན་བདག་སོགས་ཀྱི་གནས་ལུས་ལོངས་སྤྱོད་ཐམས་ཅད་ལ་སིབ་སིབ་ཐིམ་པས་ཡེ་ཤེས་ཀྱི་བྱིན་ཆེན་པོ་བབས་པར་བསམ་ལ། ཨོཾ་ཏཱ་རེ་ཏུ་ཏྡཱ་རེ་ཏུ་རེ་སྭཱཧཱ། ས་མ་ཡ་ཨ་བེ་ཤ་ཡ་ཨ་ཨཿཞེས་ཅི་འགྲུབ་བཟླ། དངོས་གྲུབ་ཀྱི་རྫས་བཤམས་ཡོད་ན། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་ཀྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་ཕོག་པས། ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་ལྷ་སྔགས་ཕྱག་མཚན་ཀྱི་རྣམ་པ་དང༌། འབྱུང་བཞིའི་བཅུད་དང་ལྷ་མིའི་ཚེ་བསོད་སོགས་འཁོར་འདས་ཀྱི་ཡོན་ཏན་ཐམས་ཅད་བདུད་རྩི་དང་བཀྲ་ཤིས་རྟགས་རྫས་ལ་སོགས་བའི་རྣམ་པར་བཀུག་ནས། རྫས་རྣམས་ལ་བསྟིམ་པས་ནུས་ལྡན་དུ་བྱིན་གྱིས་བརླབས་པར་བསམ་ལ། སྔགས་ཀྱི་མཐར། ཀཱ་ཡ་ཝཱཀྐ ཙིཏྟ་སིདྡྷི་ཨ་ལ་ལ་ཧོཿ ། །ཨོཾ་བཛྲ་ཨ་ཡུ་ཥེ་ཧཱུཾ་ཨཱཿ ། ཨི་ཨ་ཡུར་ཛྙ་ན་སིདྡྷི་བྷུཾ། ཞེས་བཏགས་པ་ཅི་ནུས་སུ་བཟླ། དེ་ནས་སྤོས་རོལ་གཡབ་དར་དང་བཅས། ཧྲིཿསྐྱབས་གནས་བསླུ་མེད་བླ་མ་མཆོག་གསུམ་དང༌།། ཁྱད་པར་འཕགས་མ་སྒྲོལ་མའི་ལྷ་ཚོགས་ཀྱིས།། བདག་དང་དམིགས་ཡུལ་སྦྱིན་པའི་བདག་པོ་ཡི།། ཡུལ་ཕྱོགས་གནས་གཞི་རི་ཀླུང་ཆུ་བྲག་ནགས།། གྲོང་དང་གྲོང་ཁྱེར་འབྲོག་གནས་དགོན་པ་དང༌།། གཙུག་ལག་ཁང་དང་རྭ་བ་ཁང་ཁྱིམ་དང༌།། སྦྲ་གུར་སྐྱེད་ཚལ་ལམ་འཕྲང་གྲུ་ཟམ་སོགས།། སྣོད་ཀྱི་འཇིག་རྟེན་ཀུན་ལ་བྱིན་ཆེན་ཕོབ།། ས་གཡོ་ཤྭ་འོད་སད་སེར་བཙན་ཐན་སོགས།། འབྱུང་བའི་གནོད་པ་ཞི་ཞིང་ས་ཡི་བཅུད།། ཉམས་པ་སོར་ཆུད་ལྷ་ཀླུ་གཞི་བདག་དར།། ཆར་ཆུ་དུས་འབབས་རྩི་སྨན་ལོ་འབྲས་ལེགས།། མི་ཕྱུགས་ནད་རིམས་མི་འབྱུང་ལུས་སེམས་བདེ།། ཞིང་གི་འབྱོར་བ་རྒྱས་པའི་དངོས་གྲུབ་སྩོལ།། སྐྱབས་གནས་བསླུ་མེད་བླ་མ་མཆོག་གསུམ་དང༌།། ཁྱད་པར་འཕགས་མ་སྒྲོལ་མའི་ལྷ་ཚོགས་ཀྱིས།། བདག་དང་དམིགས་ཡུལ་སྦྱིན་པའི་བདག་པོ་ཡི།། རྟ་དྲེལ་རྔ་མོང་མཛོ་འབྲི་བ་གླང་དང༌།། ར་ལུག་བོང་བུ་སྒོ་ཁྱི་ཡན་ཆད་དང༌།། གཅན་གཟན་རི་དྭགས་འདབ་ཆགས་ལ་སོགས་པ།། མི་ཡིས་བདག་ཏུ་བཟུང་དང་མ་བཟུང་བའི།། གནས་འདིའི་སྲོགས་ཆགས་ཀུན་ལ་བྱིན་ཆེན་ཕོབ།། གློ་ཚ་རྒྱུ་གོར་གེག་ལྡོག་ཤུ་ཕོས་སོགས།། ནད་རིམས་རྣམས་དང་མེ་ཆུ་གཡང་ས་དང༌།། དགྲ་ཇག་ཆོམ་རྐུན་གཅན་ཟན་གནོད་འཚེ་སོགས།། བྱུར་གོད་མི་འབྱུང་ཕྱུགས་ཀྱི་འཕེལ་ཁ་རྒྱས།། འོ་ཞོ་མཚོ་བསྐྱིལ་རི་ཀླུང་ཕྱུགས་ཀྱིས་ཁེངས།། མི་ཕྱུགས་བདེ་ཞིང་སྐྱིད་པའི་དངོས་གྲུབ་སྩོལ།། སྐྱབས་གནས་བསླུ་མེད་བླ་མ་མཆོག་གསུམ་དང༌།། ཁྱད་པར་འཕགས་མ་སྒྲོལ་མའི་ལྷ་ཚོགས་ཀྱིས།། བདག་དང་དམིགས་ཡུལ་སྦྱིན་པའི་བདག་པོ་ཡི།། སྐུ་གསུང་ཐུགས་ཀྱི་རྟེན་དང་མཆོད་པའི་རྫས།། རིན་ཆེན་དར་གོས་ནོར་འབྲུ་བང་མཛོད་དང༌།། བཟའ་བཅའ་བཏུང་བ་མལ་ཆ་ཞྭ་གོས་རྒྱན།། གོ་མཚོན་སྣོད་སྤྱད་ཀ་ཅའི་རིགས་ལ་སོགས།། རྟེན་རྫས་ཡོ་བྱད་ཀུན་ལ་བྱིན་ཆེན་ཕོབ།། འབྱུང་པོས་བདག་དུ་བཟུང་དང་བཙན་པོས་ཕྲོག།།ཆོམ་པོས་རྐུ་བཅོམ་མེ་ཆུས་ཆུད་ཟ་དང༌།། ཟ་འདྲེས་ཉམས་པར་བྱེད་སོགས་རྐྱེན་ངན་ཞི།། རྟེན་ལ་བྱིན་ཆགས་མཆོད་པའི་སྤྲིན་ཕུང་རྒྱས།། ལོག་འཚོ་བྲལ་པའི་ནོར་རྫས་ལོངས་སྤྱོད་ཚོགས།། རྣམ་ཐོས་བུ་ལ་འགྲན་པའི་དངོས་གྲུབ་སྩོལ།། སྐྱབས་གནས་བསླུ་མེད་བླ་མ་མཆོག་གསུམ་དང༌།། ཁྱད་པར་འཕགས་མ་སྒྲོལ་མའི་ལྷ་ཚོགས་ཀྱིས།། བདག་དང་དམིགས་ཡུལ་སྦྱིན་པའི་བདག་པོ་ཡི།། ཆོས་ཀྱི་བརྒྱུད་འཛིན་སློབ་དང་ཡང་སློབ་དང༌།། རིགས་ཀྱི་བརྒྱུད་འཛིན་བུ་དང་ཚ་བོ་དང༌།། ཤ་ཚ་སྙིང་ཉེའི་བློན་དང་ནང་འཁོར་དང༌།། ཡིད་མཐུན་མཛའ་བཤེས་བྲན་གཡོག་འབངས་ལ་སོགས།། ཉེ་འབྲེལ་ལྟོས་བཅས་ཀུན་ལ་བྱིན་ཆེན་ཕོབ།། རིགས་རྒྱུད་ཆད་སྟོང་སྐེག་དང་སྲི་ངན་གནོད།། འཐབ་རྩོད་འཁྲུག་ལོང་ཁ་སྨྲས་གླེང་རྩོད་སོགས།། མི་མཐུན་ཀུན་ཞི་ཡིད་གཅུགས་མཛའ་ཞིང་མཐུན།། བཅོལ་བའི་ལས་སྒྲུབ་བསྒོ་བའི་ཚིག་ལ་ཉན།། བསམ་པའི་དོན་འགྲུབ་སྐྱོན་མེད་རིགས་རྒྱུད་འཕེལ།། སྟོབས་འབྱོར་མངའ་ཐང་རྒྱས་པའི་དངོས་གྲུབ་སྩོལ།། སྐྱབས་གནས་བསླུ་མེད་བླ་མ་མཆོག་གསུམ་དང༌།། ཁྱད་པར་འཕགས་མ་སྒྲོལ་མའི་ལྷ་ཚོགས་ཀྱིས།། བདག་དང་དམིགས་ཡུལ་སྦྱིན་པའི་བདག་པོ་ཡི།། ལུས་ལ་མཚན་དཔེ་སྐུ་ཡི་བྱིན་ཆེན་ཕོབ།། ངག་ལ་ཚངས་དབྱངས་གསུང་གི་བྱིན་ཆེན་ཕོབ།། སེམས་ལ་ཡེ་ཤེས་ཐུགས་ཀྱི་བྱིན་ཆེན་ཕོབ།། རྒྱུད་ལ་སྤངས་རྟོགས་ཡོན་ཏན་བྱིན་ཆེན་ཕོབ།། གདུལ་བྱར་མཛད་འཕྲིན་བཟང་པོའི་བྱིན་ཆེན་ཕོབ།། ལུས་ལ་ནད་མེད་སྟོབས་དང་གཟི་བརྗིད་རྒྱས།། ངག་ལ་དབང་ཐོབ་ཚིག་བཙན་བདེན་ཚིག་འགྲུབ།། སེམས་ལ་སྡུག་བསྔལ་མེད་ཅིང་ཉམས་རྟོགས་འཆར།། རྣམ་པར་དཀར་པའི་འཕྲིན་ལས་ཕྱོགས་བཅུར་ཁྱབ།། མཐོང་ཐོས་དྲན་རེག་འབྲེལ་ཚད་དོན་དང་ལྡན།། དོན་གཉིས་ལྷུན་གྱིས་འགྲུབ་པའི་དངོས་གྲུབ་སྩོལ།། ཅེས་བརྗོད། བསྡུ་ན། བདག་དང་དམིགས་ཡུལ་སྦྱིན་པའི་བདག་པོ་ཡི།། ལུས་ལ་མཚན་དཔེ་སྐུ་ཡི་བྱིན་ཆེན་ཕོབ།། ཅེས་སོགས་མན་ཆད་བརྗོད་ཀྱང་རུང༌། དེ་ནས། སྒྲུབ་མཆོག་རྣལ་འབྱོར་བདག་ཅག་གིས།། དངོས་གྲུབ་རྫས་ལ་ལོངས་སྤྱོད་པས།། ཚེ་རིང་ནད་མེད་བར་ཆད་ཞི།། མཆོག་ཐུན་དངོས་གྲུབ་འགྲུབ་གྱུར་ཅིག།།འབད་དང་རྩོལ་བ་མི་དགོས་པའི།། ཞེས་སོགས་བརྗོད་ལ་རྫས་མྱང༌། ཚེ་བཅུད་འགུགས་པ་ལ། ཚེ་རྫས་བཤམས་ཏེ། བཅོམ་ལྡན་མགོན་པོ་ཚེ་དཔག་མེད།། སྐུ་མཆོག་མཚན་དཔེས་བརྒྱན་པའི་སྐུ།། གསུང་མཆོག་ཡན་ལག་དྲུག་ཅུའི་གསུང༌།། ཐུགས་མཆོག་མི་རྟོགས་པ་ཡི་ཐུགས།། མཁའ་འདྲའི་སྐུ་གསུང་ཐུགས་མངའ་བ།། ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད།། རྡོ་རྗེའི་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག།།རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ་དུ་གསོལ།། དམིགས་མེད་སྙིང་རྗེའི་གཏེར་གྱུར་སྤྱན་རས་གཟིགས།། མགོན་དེས་རྗེས་བཟུང་དཔལ་ལྡན་ཨ་ཏི་ཤ།།རིགས་གསུམ་ཀུན་འདུས་བློ་བཟང་གྲགས་པ་སོགས།། རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས།། རྡོ་རྗེའི་ཚེ་མཆོག་སོགས་ཚིག་གཉིས་ཀུན་ལ་སྦྱོར། གང་གི་ཡོན་ཏན་ཡིད་ཀྱི་མེ་ལོང་ངོར།། འཕོས་པ་ཡིས་ཀྱང་སྒྲིབ་པའི་དཔུང་འཇོམས་ཤིང༌།། མཆོག་ཐུན་དངོས་གྲུབ་ཆར་འབེབས་བླ་མ་ལྷ།། རྒྱལ་ཡུམ་སྒྲོལ་མའི་ཞབས་ལ་གསོལ་བ་འདེབས།། རྡོ་རྗེའི་ཚེ་མཆོག྾྾། སྐྱབས་གནས་ཀུན་འདུས་བླ་མ་རྗེ་བཙུན་མ། །ཁྱེད་ཀྱི་གསང་གསུམ་བཀོད་པའི་ངོ་མཚར་ལས། །ཤར་བའི་བླ་མ་མཆོག་གསུམ་བཀའ་སྡོད་བཅས། །སྐྱབས་ཡུལ་དམ་པ་རྣམས་ལ་གསོལ་བ་འདེབས། །རྡོ་རྗེའི་ཚེ་མཆོག་྾྾྾་ཚེ་འགུགས་དངོས་ནི། བླ་མ་རྗེ་བཙུན་སྒྲོལ་མའི་རིགས་ཀྱི་བདག།།སྣང་བ་མཐའ་ཡས་ཚེ་དཔག་མེད་མགོན་དང༌།། བདག་མདུན་ལྷ་ཚོགས་འཁོར་བཅས་ཐུགས་ཀ་ཡི།། ས་བོན་རྣམས་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས།། ཉི་མའི་ཟེར་ལྟར་ཕྱོགས་མཚམས་ཀུན་ཏུ་འཕྲོས།། རབ་འབྱམས་རྒྱལ་བའི་ཐུགས་རྒྱུད་བསྐུལ་བ་ལས།། སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ།། ལྷ་སྔགས་ཕྱག་མཚན་བདུན་རྩི་འོད་ཟེར་གྱི།། རྣམ་པར་བཀུག་སྟེ་བདག་དང་དམིགས་ཡུལ་ལ།། བསྟིམ་པས་མཆོག་དང་ཐུན་མོང་དངོས་གྲུབ་ཐོབ།། སླར་ཡང་འོད་འཕྲོས་སྲིད་ཞིའི་ཡོན་ཏན་དང༌།། འབྱུང་བཞིའི་རོ་བཅུད་ཐམས་ཅད་རིན་ཆེན་བདུན།། བཀྲ་ཤིས་རྟགས་རྫས་བདུད་རྩི་འོད་ཟེར་གྱི།། རྣམ་པར་བཀུག་སྟེ་བདག་དང་དམིགས་ཡུལ་དང༌།། ཚེ་རྫས་ལ་ཐིམ་རང་གཞན་ཚེ་བསོད་དང༌།། སྟོབས་ནུས་བཀྲག་མདངས་གཟི་བརྗིད་ཡོན་ཏན་རྒྱས།། ཚེ་རྫས་རྣམས་ཀྱང་འཆི་མེད་བདུད་རྩི་དང༌།། ནད་ཀུན་འཇོམས་པའི་སྨན་གྱི་རང་བཞིན་གྱུར།། སླར་ཡང་འོད་ཟེར་བ་ཐག་འཛངས་པ་ལྟར།། ས་དང་བར་སྣང་ནམ་མཁའི་ཁམས་གང་བ།། ཕྱོགས་བཅུར་འཕྲོས་པས་རང་དང་དམིགས་ཡུལ་གྱི།། བླ་ཚེ་སྲོག་གསུམ་ཡར་དང་འཐོར་བ་དང༌།། འབྱུང་བོས་རྐུ་འཕྲོག་གཏང་དུ་བཅུག་པ་རྣམས།། ཨ་རྣི་བྷུཾ་དང་འོད་འཚེར་ཐིག་ལེ་དང༌།། བདུད་རྩིའི་རྣམ་པར་རང་དབང་མེད་པར་བཀུག།།བདག་དང་བསྒྲུབ་བྱར་བསྟིམས་པས་བླ་ཚེ་སྲོག།།ཉམས་པ་སོས་ཤིང་ཆད་པ་ཐམས་ཅད་མཐུད།། ཡོ་བ་བསྲོངས་ཏེ་བླ་ཚེ་སྲོག་གསུམ་རྒྱས།། འཆི་བ་མེད་པ་ཚེ་ཡི་དངོས་གྲུབ་ཐོབ།། ཕུན་སུམ་ཚོགས་པའི་གཟི་བརྗིད་ལྡན་པར་གྱུར།། ཨོཾ་པུཎྱེ་པུཎྱེ་མ་ཧ་པུཎྱེ་ཨ་བ་རི་མི་ཏ་ཨ་ཡུར་ཛྙཱ་ན་སཾ་བྷ་རོ་བ་ཙི་ཏེ་སྭཱཧཱ། ཨོཾ་ཨ་ཡུ་ཥེ་ཧཱུཾ་ཨཱཿ ། ཨོཾ་བཛྲ་ཨ་ཡུ་ཛྙཱ་ན་སིདྡྷི་བྷྲུཾ། ཞེས་ཅི་འགྲུབ་བཟླ། འཁོར་འདས་སྣོད་བཅུད་ཀུན་གྱི་ཡོན་ཏན་དང༌།། ཚེ་ཡི་བཅུད་ཀུན་འདུས་པའི་དཔལ་གྱི་ཟས།། མང་བས་སྲོག་གི་རྟེན་དང་ལུས་གྱི་ཟུངས།། རྒྱས་ཏེ་འཆི་མེད་ཚེ་ལ་དབང་ཐོབ་ཤོག། །། ཨ་ཡུ་སིདྡྷི་ཕ་ལ་ཧོཿ ཞེས་བརྗོད་ཅིང་ཚེ་རྫས་ལ་ལོངས་སྤྱད། དེ་ནས། ནམ་མཁར་ཁྱབ་པར་བཞུགས་པའི་སྐྱབས་ཡུལ་རྣམས།། རབ་ཏུ་དགྱེས་པའི་མེ་ཏོག་ཆར་འབེབས་ཤིང༌།། ཚེ་དང་བསོད་ནམས་རྒྱས་བའི་བཀྲ་ཤིས་གླུ།། རོལ་མོའི་སྒྲ་དང་བཅས་ཏེ་བསྒྲགས་པར་གྱུར།། ཅེས་བརྗོད་ཅིང་བསམ་ལ། སྦྱིན་བའི་སྟོབས་ཀྱི་སངས་རྒྱས་ཡང་དག་འཕགས།། མི་ཡི་སེང་གེ་སྦྱིན་པའི་སྟོབས་རྟོགས་ཏེ།། སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན།། སྦྱིན་པའི་སྟོབས་ཀྱི་སྒྲ་ནི་སྒྲགས་པར་གྱུར།། སྦྱིན་པ་མཐར་ཕྱིན་ཚེ་ཡང་འཕེལ་བར་ཤོག།།དེ་བཞིན་དུ་སྦྱིན་བའི་གནས་སུ་ཚུལ་ཁྲིམས་སོགས་ཕྱིན་དྲུག་ལྷག་མ་རྣམས་སྦྱར། བསོད་ནམས་དར་རྒྱས་སོགས་བརྗོད་ཅིང་མེ་ཏོག་འཐོར། དེ་ནས་གཡང་འགུགས་བྱེད་པ་ལ། ཐོག་མར་འཕྲིན་ལས་ཞུ་བ་ནི། བླ་མ་རྗེ་བཙུན་སྒྲོལ་མ་འཁོར་བཅས་ཀྱིས།། འཇིག་རྟེན་འཇིག་རྟེན་འདས་པའི་ལེགས་པའི་ཚོགས།། ཇི་སྙེད་མཆིས་རྣམས་བདག་ཅག་འཁོར་བཅས་ལ།། དེ་རིང་གཡང་དུ་འདུ་པའི་བཀའ་དྲིན་སྩོལ།། བདག་མདུན་ལྷ་ཚོགས་རྣམས་དང་ཁྱད་པར་དུ།། གནོད་སྦྱིན་ནོར་ལྷ་གཏེར་བདག་ཐམས་ཅད་ཀྱི།། ཐུགས་ཀ་ནས་འཕྲོས་འོད་ཀྱི་ལྕགས་ཀྱུ་ཡིས།། སྲིད་ཞིའི་ཕྱྭ་གཡང་ཐམས་ཅད་གནས་འདིར་བཀུག།།སྟེང་འོག་པར་གསུམ་ཕྱོགས་མཚམས་ཐམས་ཅད་ནས།། གཡང་གི་ཚོགས་རྣམས་ཉི་མའི་ཟེར་ལྟར་འཁྱུག།།སྤྲིན་ལྟར་འཐིབ་ཅིང་ཆར་ལྟར་བབ་སྟེ་བྱོན།། བདག་དང་དམིགས་ཡུལ་སྦྱིན་པའི་བདག་པོ་ཡི།། ལུས་ལ་ཐིམ་ཞིང་ལོངས་སྤྱོད་ཀུན་ལ་ཁྱབ།། གནས་སུ་འཁྱིལ་ཏེ་ལེགས་ཚོགས་རྒྱས་པར་གྱུར།། ཅེས་བརྗོད་ཅིང་བསམ་ལ། མདའ་དར་ཀྱིས་གཡབ་ཅིང༌། ཀྱཻ་ཕུན་ཚོགས་བཀྲ་ཤིས་འཁྱིལ་བའི་གནས་མཆོག་འདིར།། འདོད་པའི་མཆོག་སྟེར་ཕྱྭ་དང་གཡང་གི་ཚོགས།། ཁབ་ལེན་རྡོ་དང་ལྕགས་ཀྱི་སྣང་ཚུལ་བཞིན།།དགའ་བའི་གར་དང་བཅས་ཏེ་ཐོགས་མེད་ཁུག།།གསེར་མངལ་མགྲིན་སྔོན་འཁོར་ལོའི་ལག་པ་ཅན།། གྲགས་པའི་མུ་ཁྱུད་འཁོར་ལོས་བསྒྱུར་བ་སོགས།། སྲིད་འདིར་མངོན་པར་མཐོ་བའི་ཚོགས་རྣམས་ཀྱི།། ཕྱྭ་གཡང་དཔལ་འབྱོར་སྙན་གྲགས་མ་ལུས་སྩོལ།། ལེགས་བྲིས་ཚོགས་ཀྱི་འཆི་མེད་བཏུང་བ་དང༌།། ཀླུ་དབང་བཙུག་གི་ཡིད་བཞིན་ནོར་བུ་མཆོག།།མི་དབང་སྔོན་འགྲོའི་རྒྱལ་སྲིད་སྣ་བདུན་ཀྱི།། ཕྱྭ་གཡང༌༈།། རིན་ཆེན་གདུགས་དཀར་གསེར་ཉ་བུམ་པ་བཟང༌།། པདྨ་དུང་དཀར་གཡས་འཁྱིལ་དཔལ་བེའུ།། རྒྱལ་མཚན་འཁོར་ལོ་བཀྲ་ཤིས་རྟགས་བརྒྱད་ཀྱི། ཕྱྭ་གཡང༌༈།། རྣམ་འདྲེན་ཟས་གཙང་སྲས་པོས་བཀྲ་ཤིས་བའི།། དངོས་བོར་བྱིན་རླབས་དགེ་ལེགས་འབྱུང་བའི་སྒོ།། རྟེན་འབྲེལ་ལྷུན་གྱིས་གྲུབ་བའི་རྫས་བརྒྱད་ཀྱི།། ཕྱྭ་གཡང༌༈།། ཚེ་རིང་ནད་མེད་འདོད་པའི་དོན་ཀུན་འགྲུབ།། སྟོབས་དང་མངའ་ཐང་འབྱོར་བ་ཕུན་སུམ་ཚོགས།། བདེ་ཞིང་སྐྱིད་པའི་དགའ་སྟོན་ཐམས་ཅད་ཀྱི།། ཕྱྭ་གཡང་དཔལ་འབྱོར་སྙན་གྲགས་མ་ལུས་སྩོལ།། ཀྱཻ་སྒྲིབ་པ་ཀུན་བྲལ་འགྱུར་མེད་དེ།། བརྟན་གཡོ་ཀུན་གྱི་རང་བཞིན་ཆེ།། བླ་མེད་དོན་དམ་དཔལ་གཡང་དེ།། དེ་རིང་འདི་རུ་གཡང་ལ་བྱོན།། ཉི་ཟླ་ནོར་བུའི་འོད་གསལ་ཞིང༌།། བདུད་རྩི་སྨན་གྱི་ནུས་མཐུ་ཆེ།། རི་རབ་ལྷུན་པོའི་བརྟན་བརྗིད་དེ།། དེ་རིང་འདི་རུ་གཡང་ལ་བྱོན།། ཚངས་དང་བརྒྱ་བྱིན་འཁོར་བསྒྱུར་གྱི།། ཟད་མི་ཤེས་པའི་དཔལ་འབྱོར་དང༌།། ཕུན་ཚོགས་བཀྲ་ཤིས་མངའ་ཐང་རྣམས།། དེ་རིང་འདི་རུ྾།། འདོད་འཇོའི་བ་དང་དཔག་བསམ་ཤིང༌།། ཡིད་བཞིན་ནོར་དང་བུམ་པ་བཟང༌།། དགོས་འདོད་འབྱུང་བའི་དཔལ་གཡང་དེ།། དེ་རིང་འདི་རུ྾།། གནས་ལྔ་རིགས་པའི་པཎྚིཏའི།། འཆད་རྩོད་རྩོམ་པའི་ཤེས་རབ་དང༌།། སྤོབས་པ་མཆོག་གི་མཁས་གཡང་དེ།། དེ་རིང་འདི་རུ྾།། མངོན་ཤེས་རྫུ་འཕྲུལ་ཏིང་འཛིན་དང༌།། བདེ་སྟོང་ལྷན་སྐྱེས་ཉམས་རྟོགས་སོགས།། གྲུབ་ཆེན་བརྒྱད་ཅུའི་གྲུབ་གཡང་དེ།། དེ་རིང་འདི་རུ྾།། ལྷ་དང་དྲང་སྲོང་བྲམ་ཟེ་དང༌།། རིགས་སྔགས་གྲུབ་བ་མ་ལུས་པའི།། འཆི་མེད་གྲུབ་པའི་ཚེ་གཡང་དེ།། དེ་རིང་འདི་རུ྾།། སུམ་རྩེན་ལྷ་ཡི་གནས་ཀྱི་གཡང༌།། རྣམ་ཐོས་སྲས་ཀྱི་ནོར་གྱི་གཡང༌།། ཕྱག་ན་རྡོ་རྗེའི་མཐུ་སྟོབས་གཡང༌།། དེ་རིང་འདི་རུ྾།། མཛེས་པའི་གཟུགས་ལྡན་སྙན་པའི་དབྱངས།། ཞིམ་པོའི་དྲི་འཐུལ་རོ་བརྒྱའི་ཐོས།། མྱུར་མགྱོགས་ཤུགས་དང་དཔའ་པོའི་རྩལ།། དེ་རིང་འདི་རུ྾།། ཡིད་མཐུན་བག་ཕེབས་གྲོགས་ཀྱི་གཡང༌།། གསེར་དངུལ་དར་ཟབ་ནོར་གྱི་གཡང༌།། རྟ་ནོར་ཕྱུགས་ལུག་ཟོག་གི་གཡང༌།། དེ་རིང་འདི་རུ྾།། སྣོད་བཅུད་འབྱོར་བ་རབ་རྒྱས་ཤིང༌།། ལུང་རྟོགས་བཤད་སྒྲུབ་དམ་ཆོས་འཕེལ།། ཀུན་ཏུ་བདེ་ཞིང་སྐྱིད་པའི་གཡང༌།། དེ་རིང་འདི་རུ྾།། འབད་དང་རྩོལ་བ་མི་དགོས་པའི།། ཡིད་བཞིན་ནོར་བུ་དཔག་བསམ་བཞིན།། སེམས་ཅན་རེ་བ་སྐོང་མཛད་པའི།། བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག།།ཅེས་བརྗོད། གཡང་གི་རྟེན་རྫས་སྦྱིན་བདག་ལ་གཏད་པར་འདོད་ན། དེ་རིང་ཉི་སྐར་དུས་ཚོད་བཟང་པོ་འདིར།། འཁོར་འདས་ཕྱྭ་གཡང་འདུ་བའི་རྟེན་རྫས་འདི།། སྦྱིན་བའི་བདག་པོར་གཏད་བའི་རྟེན་འབྲེལ་ཀྱིས།། ཚེ་བསོད་དབང་ཐང་དཔལ་འབྱོར་རྒྱས་གྱུར་ཅིག།།ཅེས་བརྗོད་ཅིང་སྦྱིན་ནོ།། དེ་ནས་བཀྲ་ཤིས་བར་བྱ་བ་ནི། རྫས་བརྒྱད་འདིས་སངས་རྒྱས་ཀྱིས་བཀྲ་ཤིས་བའི་རྫས་སུ་བྱིན་གྱིས་བརླབས་པའི་སྔོན་བྱུང་ལྟར། རྫས་རྣམས་བསངས་སྦྱངས། སྟོང་པའི་ངང་ལས་མཾ་ལས་བྱུང་བའི་བཀྲ་ཤིས་དང་དགེ་མཚན་སྤེལ་བའི་རྫས་རྣམས་སུ་གྱུར་པར་བསམ་ལ།མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡིས།། ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ།། རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི།། བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག།།གྷི་ཝཾ་དུག་གསུམ་འཇོམས་པ་ནད་ཀྱི་སྨན།། སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ནས།། ཉོན་མོངས་ཟུག་ངུ་མེད་པར་གྱུར་བ་ཡི།། བཀྲ་ཤིས་དེས་ཀྱང་སྡུག་བསྔལ་དག་གྱུར་ཅིག།།ཞོ་ནི་ཀུན་གྱི་སྙིང་པོར་གྱུར་བ་སྟེ།། སྙིང་པོ་ནམ་དག་ཡེ་ཤེས་མཆོག་རྟོག་ནས།། ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་བ་ཡི།། བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་གྱུར་ཅིག།།དུར་བས་ཚེ་ནི་འཕེལ་བར་བྱེད་པ་སྟེ།། རྡོ་རྗེ་སེམས་དཔའི་ཚེ་ནི་རབ་བསྒྲུབས་ནས།། ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱུར་པ་ཡི།། བཀྲ་ཤིས་དེས་ཀྱང་ཚེ་ཡང་འཕེལ་གྱུར་ཅིག།།བིལ་བ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས།། འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན།། བྱང་ཆུབ་སྙིང་པོ་མཆོག་ཏུ་དག་གྱུར་པའི།། བཀྲ་ཤིས་དེས་ནི་དོན་ཀུན་འགྲུབ་པར་ཤོག།། དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་ཚུལ།། ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཏེ།། ཆོས་རྣམས་མ་ནོར་ཡོངས་སུ་སྟོན་པ་ཡིས།། བཀྲ་ཤིས་དེས་ཀྱང་ཚིག་ལ་དབང་ཐོབ་ཤོག།།ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ།། ཆོས་རྣམས་མ་ནོར་དབང་དུ་བསྡུས་ནས་ཀྱང༌།། ཆོས་ཀྱི་རྒྱལ་སྲིད་རྟག་ཏུ་བརྟན་གྱུར་པའི།། བཀྲ་ཤིས་དེས་ཀྱང་ཁྱེད་སྲིད་བརྟན་གྱུར་ཅིག།།ཡུངས་དཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ།། བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་ཡི།། མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་པའི།། བཀྲ་ཤིས་དེས་ཀྱང་བགེགས་རྣམས་ཞི་བར་ཤོག།།ཅེས་བརྗོད་ཅིང་སྦྱིན་བདག་ལ་གཏད། དེ་ནས་ནམ་མཁར་བཞུགས་པའི་སྐྱབས་ཡུལ་རྣམས་ཀྱིས་མགྲིན་གཅིག་གིས་ཤིས་པ་བརྗོད་ཅིང་མེ་ཏོག་གི་ཆར་ཕབ་བར་བསམ་ལ། བཅོམ་ལྡན་འདས་ཀྱིས་ཚོང་དཔོན་གདོན་བཟང་པོ་ལ་བསུངས་བ་དང༌། ཡངས་པའི་གྲོང་ཁྱེར་དུ་འཇུག་པ་དང༌། སྟོང་ཆེན་མོ་ལས་གསུངས་པའི་བཀྲ་ཤིས་བཀའ་མ་རྣམས་དང༌།བླ་མ་དམ་པ་རྣམས་ཀྱིས་མཛད་པའི་བཀྲ་ཤིས་ཀྱི་ཚིགས་བཅད་ཅི་དགོས་བརྗོད་ལ་མེ་ཏོག་འཐོར། དེ་ནས་སྐྱབས་ཡུལ་རྣམས་རང་ལ་ཐིམ་བར་མོས་ལ། རྗེས་ཆོག་སྤྱི་ལྟར་བྱའོ། སྨྲས་བ། རྒྱལ་ཡུམ་ཐུགས་རྗེའི་དབྱར་གྱི་དཔལ་མོ་ཡིས།། མགྲོན་དུ་བཀུགས་པའི་དགེ་ལེགས་འདབ་སྟོང་འཚོལ།། རབ་རྒྱས་བདེ་སྐྱིད་སྦྲང་རྩིའི་དགའ་སྟོན་ལ།། སྐལ་བཟང་བུང་བའི་ཚོགས་རྣམས་རོལ་གྱུར་ཅིག། །། ཅེས་རྒྱལ་ཡུམ་རྗེ་བཙུན་འཕགས་མ་སྒྲོལ་མའི་སྒོ་ནས་བཀྲ་ཤིས་ཀྱི་དགེ་མཚན་སྤེལ་བའི་ཆོ་ག་ཉམས་སུ་ལེན་ཚུལ་ལེགས་ཚོགས་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ཅེས་བྱ་བ་འདི་ནི་དགེ་སློང་ཀླུ་སྒྲུབ་ཀྱི་མོས་བ་བཞིན། དགེ་ལེགས་རྒྱ་མཚོའི་ཆར་འབེབས་དང༌། ལྷག་པར་དཔལ་མིང་རིན་པོ་ཆེའི་འཛམ་དཀར་ལ་བརྟེན་པའི་དགེ་མཚན་སྤེལ་ཆོག་ལ་ཚིག་བསྒྱུར་ཕྲན་ཙམ་བྱས་ཏེ་ ༧ དབྱངས་ཅན་བཞད་པས་སྦྱར་བ་དགེ་ལེགས་འཕེལ།། །། པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།། བཀྲ་ཤིས། །