ཧཱུཾ། བླ་མ་ཡི་དམ་དབྱེར་མེད་དཀོན་མཆོག་གསུམ།། དཔའ་བོ་མཁའ་འགྲོ་བསྟན་སྲུང་ཚོགས་རྣམས་ཀྱིས།། ལྷུན་གྲུབ་འཕྲིན་ལས་སྤྲིན་ཆེན་འཁྲིགས་པ་ལས།།བཤད་དང་སྒྲུབ་པའི་དགེ་ལེགས་བྱིན་ཕོབས་ཤིག། །སོར་རྟོག་ཡེ་ཤེས་རང་གཟུགས་སྣང་མཐའ་ཡས།། རྔམས་བརྗིད་སྲིན་བོའི་རྣམ་རོལ་དྲེགས་པའི་རྗེ།། རྒྱལ་བའི་བསྟན་སྲུང་བཙན་རྒོ་བསྭེ་ཁྲབ་ཅན།། སྤྲུལ་པ་ལས་བྱེད་འཁོར་བཅས་དེང་འདིར་དགོངས།། འཇམ་བའི་རྡོ་རྗེ་དགྱེསབའི་བློ་གྲོས་ཀྱིས།། དགོན་གནས་བཤད་སྒྲུབ་གཉེར་དུ་གཏད་པ་བཞིན།། དགེ་འདུན་འདུས་ཚོགས་འཆད་ཉན་ཕུན་ཚོགས་ཀུན།། དབྱར་གྱི་མཚོ་བཞིན་འཕེལ་བའི་སྡོང་གྲོགས་མཛོད།། རྣམ་སྨིན་ཡོན་ཏན་བརྒྱད་ཀྱི་ལུས་རྩལ་རྫོགས།། ཐོས་བསམ་པདྨའི་ཚལ་ལ་དགའ་བས་རྩེན།། ལུང་རིགས་འདབ་མས་དབྱངས་སྙན་སྒྲོགས་པ་ཡི།། རྐང་དྲུག་བགྲང་ཡས་འདུ་བའི་ཕྱྭ་གཡང་སྩོལ།། མཁས་བཙུན་ལྷག་བསམ་ཅན་གྱི་སློབ་དཔོན་དང༌།། དད་བརྩོན་ཤེས་རབ་ལྡན་བའི་སློབ་མ་གཉིས།། རྟེན་འབྲེལ་ལྷན་ཅིག་འཛོམ་པའི་འཆད་ཉན་གྱི།། རྒྱལ་མཚན་སྲིད་རྩེར་བསྒྲེང་བའི་ཕྱྭ་གཡང་སྩོལ།། གཞུང་དོན་གདམས་བར་ཤར་བའི་གོ་བ་དང།། ཚིག་དོན་ཕྲ་ཞིབ་འབྱེད་པའི་རིགས་པའི་འཕྲུལ།། ངེས་པ་བསྐྱེད་བྱེད་རྒྱབ་རྟེན་ལུང་དང་བཅས།། རྩོད་བག་དགའ་སྟོན་འཕེལ་བའི་ཕྱྭ་གཡང་སྩོལ།། དམ་ཆོས་དགོངས་དོན་ཚུལ་བཞིན་བསྡུས་པའི་ཁྲིམས།། ལས་འབྲས་དྲང་ཐིག་འདེབས་བའི་ལས་བྱེད་པ།། ཚར་གཅོད་རྗེས་འཛིན་རྟིངས་གནོན་མི་ཡོལ་བའི།། བཅའ་ཁྲིམས་རྨང་གཞི་བརྟན་པའི་ཕྱྭ་གཡང་སྩོལ།། ངན་ཤེད་བྲག་ལ་འཆའ་བའི་འུག་བ་དང༌།། བླང་དོར་ལམ་དུ་རྒྱུ་བའི་ཤན་འབྱེད་པ།། ལས་འབྲས་བདེན་པའི་ཉི་མ་འོད་པོ་ཆེས།། སྣང་བ་མངོན་དུ་འགྱུར་བའི་ཕྱྭ་གཡང་སྩོལ།། སྡིག་སྤྱོད་རྒྱན་དུ་ངོམས་པ་ལོག་བའི་གཏམ།། ཕྱོགས་ལྷུང་ཙམ་གྱིས་བསྔགས་བའི་མུ་ཅོར་སོགས།། མ་ཡིན་ཆོས་ཀྱི་གྲགས་པ་ཆོས་བཞིན་དུ།། བསྒྲགས་བྱས་སྙན་པས་ཀུན་ཁྱབ་ཕྱྭ་གཡང་སྩོལ།། བསོད་ནམས་ཞིང་གི་མཆོག་གྱུར་དགེ་འདུན་དང༌།། བསོད་ནམས་དད་གཏོང་འཛོམས་པ་སྦྱིན་པའི་བདག། །བསོད་ནམས་སྡིག་དང་མ་འདྲེས་རྒྱུ་སྦྱོར་གྱིས།། བསོད་ནམས་དུས་སྟོན་དར་བའི་ཕྱྭ་གཡང་སྩོལ།། མངོན་འདོད་ཚངས་བའི་བློ་ཡི་གཡོ་བ་ལས།། བྱུང་མིན་བཤད་སྒྲུབ་བསྟན་པ་གནས་གྱུར་ན།། ངང་གིས་འདུ་བ་སྲུང་མའི་ཕྲིན་ལས་ཀྱིས།། ཕུན་ཚོགས་དཔལ་འབྱོར་རྒྱས་པའི་ཕྱྭ་གཡང་སྩོལ།། ཁྱད་པར་བློ་གསལ་དོན་གཉེར་ཚུལ་མཐུན་རྣམས།། ནད་རིམས་གདོན་བགེགས་རྐྱེན་གྱིས་མི་བརྫི་བར།། ཐོས་བསམ་བྱ་བ་བདེ་ལེགས་མཐར་ཕྱིན་ཏེ།། དོན་གཉིས་སྨོན་པ་བཞིན་དུ་འགྲུབ་བར་མཛོད།། མདོར་ན་མི་འདོད་ཉེར་འཚེ་ཀུན་དང་བྲལ།། ཕུན་ཚོགས་ལེགས་བྱས་མ་ལུས་ལྷུན་གྱིས་གྲུབ།། རྒྱལ་བསྟན་ནོར་བུ་རྒྱལ་མཚན་རྩེར་མཆོད་པས།། སྲིད་གསུམ་དགེ་ལེགས་སྣང་བས་ཁྱབ་གྱུར་ཅིག།།བསོད་ནམས་དར་རྒྱས་རི་རྒྱལ་ལྷུན་པོ་བཞིན།། སྙན་གྲགས་ཆེན་པོས་ནམ་མཁའ་བཞིན་དུ་ཁྱབ།། ཚེ་རིང་ནད་མེད་གཞན་དོན་ལྷུན་གྱིས་གྲུབ།། ཡོན་ཏན་རྒྱ་མཚོའི་མཆོག་གི་བཀྲ་ཤིས་ཤོག།།ཅེས་པ་འདི་ནི་ཚོགས་ཆེན་དབུ་མཛད་ཆེན་མོ་ཤེས་རབ་དར་རྒྱས་ཀྱིས་ལྷ་རྫས་བཅས་ནན་ཆེར་བསྐུལ་བའི་ངོ་མ་ཟློག་པར་༧ དབྱངས་ཅན་བཞད་པས་འཇམ་མགོན་གུང་ཐང་པའི་གསུངས་ལ་ཚིག་བསྒྱུར་ཅུང་ཟད་བྱས་ཏེ་བྲིས་པ་དགེ་ལེགས་འཕེལ།། །། པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།། །།