༄༅།།ཆོས་སྐྱོང་ཆེན་པོ་བསྭེ་ཁྲབ་ཅན་གྱི་སྒོ་ནས་དྲག་པོའི་གཏོར་མའི་ལས་སྦྱོར་བྱ་ཚུལ་དགྲ་དཔུང་ཕྱེ་མར་འཐེག་བའི་གནམ་ལྕགས་འབར་བའི་མཚོན་རྣོན་ཞེས་བྱ་བ་བཞུགས་སོ།།

༄༅།། ན་མོ་གུ་རུ་བཛྲ་བྷཻ་ར་ཝཱ་ཡ།། རབ་འབྱམས་རྒྱལ་ཀུན་གསང་གསུམ་རྒྱན་གྱི་མཛོད།། གཅིག་བསྡུས་ངུར་སྨྲིག་མཛེས་པའི་ཟློས་གར་གྱིས།། འཇམ་མགོན་རིང་ལུགས་དབྱར་གྱི་དཔལ་མོ་ལྟར།། རྒྱས་མཛད་རྩ་བའི་བླ་མར་སྙིང་ནས་འདུད།། བདེ་ལྡན་ཞིང་མགོན་སྣང་མཐའི་སྒྱུ་འཕྲུལ་གར།། མ་རུངས་དགྲ་སྡེའི་གཤེད་དུ་དྲག་པོའི་སྐུར།། ཡོངས་བཞེངས་བཙན་རྒོད་བསྭེ་ཡི་ཁྲབ་ཅན་གྱིས།། འཕྲིན་ལས་རྣམ་བཞིའི་དངོས་གྲུབ་ཆར་དུ་བསྙིལ།། བསྟན་དང་བསྟན་འཛིན་འགྲོ་བའི་བདེ་སྐྱིད་ལ།། ལོག་པར་འཁུ་བའི་དགྲ་སྡེའི་བྲག་རིའི་ཐོད།། དྲག་སྦྱོར་གནམ་ལྕགས་འབར་བའི་མཚོན་རྣོན་གྱིས།། འཇོམས་བྱེད་ཆོ་གའི་ངག་འདོན་འདི་ན་འགོད།།དེ་ལ་འདིར་རྒྱལ་བའི་བསྟན་སྲུང་ཆེན་པོ་གནོད་སྦྱིན་བསྭེ་ཁྲབ་ཅན་གྱི་སྒོ་ནས་དྲག་པོའི་གཏོར་མའི་ལས་སྦྱོར་ཇི་ལྟར་བྱ་བའི་ཚུལ་འགོད་པ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི།གནས་ཁང་བྱི་དོར་བྱས་ལ་མཆོག་གསུམ་གྱི་རྟེན་སྤྱི་དང༌། ཁྱད་པར་ཡི་དམ་དང་ཆོས་སྐྱོང་གི་རྟེན་བྲིས་འབུར་སོགས་ཅི་རིགས་བཤམས་པའི་མདུན་དུ་གཡང་གཞི་བཏིང་བའི་སྟེང་དུ་དུག་ཁྲག་གིས་སྦགས་པའི་འབྲུ་ནག་གི་ཚོམ་བུ་དགུའམ་བདུན་བཀོད་བའི་སྟེང་དུ་མཉྫིའི་ཁར་ཁྲག་ཆང་གིས་སྦྲུས་པའི་གཙོ་གཏོར་ཟུར་གསུམ་གྲུ་གང་ལས་མི་ཆུང་བ་དེའི་ཕྱོགས་མཚམས་སུ་གཙོ་གཏོར་གྱི་སུམ་ཆར་སླེབ་ཙམ་གྱི་འཁོར་གཏོར་ཟུར་གསུམ་བརྒྱད་དམ་དྲུག་གིས་བསྐོར་བའམ། ཡང་ན་འཇུག་པ་བདེ་ཕྱིར་གཙོ་གཏོར་གཅིག་བུས་ཆོག་པར་༧ རྡོ་རྗེ་འཆང་རྗེ་ངག་དབང་ཆོས་འཕེལ་བས་གསུངས་སོ།། དེ་གཉིས་གང་ལྟར་ཡང་སྣུམ་གྱིས་བྱུགས་ཤིང༌།མེ་རི་ཙ་ཀ་ལི་གཏོར་གདུགས་སོགས་ཀྱིས་བརྒྱན་པའི་མཐར་ཁ་ཕྱིར་བསྟན་གྱི་བཅད་ཁམ་མི་རོ་གཅན་གཟན་གྱི་ཟ་འཕྲོ་ལྟ་བུས་བསྐོར་བར་བྱ།དེའི་མདུན་དུ་ཡི་དམ་དང་ཆོས་སྐྱོང་སྤྱི་དགོས་ལ་འབུལ་རྒྱུའི་བསྐང་གཏོར་ཆེ་བ་རེ་དང་གཞི་བདག་གཏོར་མ་དང་བཅས་པ་དང༌། ཕེབས་གཏོར་ཟུར་གསུམ་ཤ་ཁྲག་གིས་བརྒྱན་པ། དྲག་པོའི་ཉེར་སྤྱོད་དང་ཞི་མཆོད་སྤྱན་གཟིགས་རྣམས་བཤམས། གཞན་ཡང་ཐུན་རྫས་སྒྲོལ་ཆས།རོལ་ཆ་སོགས་མ་ཚང་བ་མེད་པར་ལེགས་པར་འདུ་བྱས།སྒྲུབ་པ་བོ་རྣམས་གདན་ལ་འཁོད་ནས།སྐད་ཅིག་དཀྲོང་བསྐྱེད་བྱས་ནས་ཆང་ཆུ་ནང་མཆོད་ལྟར་བྱིན་གྱིས་བརླབས་ཏེ་མཆོད་གཏོར་རྣམས་ལ་བྲན།དེ་ནས་བསྐང་རྫས་བྱིན་རླབས་དང་སྔགས་དྲུག་ཕྱག་དྲུག་རོལ་མོས་བྱིན་དབབ་པ་སོགས་སྤྱི་འགྲོ་ལྟར་བྱ།གཉིས་བ་དངོས་བཞི་ལ།དྲག་པོའི་ལས་སྦྱོར་གྱི་ཆིངས་ལྟ་བུ་ལྡོག་ཕྱོགས་ནས་གསུངས་པའི་སྐབས༌སུ་རང་ཉིད་ལྷར་མི་གསལ་ན་ལྡོག།།སྲུང་འཁོར་མི་གསལ་ན་འཁོར་ལ་ལྡོག །སྒོམ་བའི་ཆོས་སྐྱོང་མི་གསལ་ན་རྡུག།།སྔགས་དག་མཚམས་གཡེལ་ན་ནོར་ལ་ལྡོག།།དམིགས་བྱ་མི་གསལ་ན་འཁྱམས།ཞེས་གསུངས་པས།དང་པོ་ལ་བདག་བསྐྱེད་ལྷའི་རྣལ་འབྱོར་སྒོམ་པ་གལ་ཆེ་བས།འཇིགས་བྱེད་དཔའ་བོ་གཅིག་བའི་ཆོ་ག་བདུད་ལས་རྣམ་རྒྱལ་གྱི་བཟླས་བ་གཏོར་འབུལ་དང་བཅས་བ་རྫོགས་བར་བཏང༌།གཉིས་པ་སྲུང་འཁོར་མི་གསལ་ན་འཁོར་ལ་ལྡོག།།ཅེས་གསུངས་པས།སྲུང་འཁོར་བསྒོམ་སྐབས་སོགས་སྐབས་ཀུན་ཏུ་བདག་དང་བསྲུང་བྱ་ཐམས་ཅད་སྲུང་འཁོར་དུ་ཆུད་པར་དམིགས་པ་གལ་ཆེའོ།།གསུམ་པ་བསྒོམ་བའི་ཆོས་སྐྱོང་མི་གསལ་ན་རྡུག།།ཅེས་གསུངས་པས། མདུན་དུ་ཆོས་སྐྱོང་བསྐྱེད་དེ་ཡིད་ངོར་གསལ་འདེབས་དགོས་པས། དེ་ཡང་ཐོག་མར་མཆོད་པ་དང༌། བསྐང་རྫས་བྱིན་གྱིས་བརླབས། ཉིན་དང་པོར་གཏོར་ཆེན་ཡང་ནང་མཆོད་ལྷར་བྱིན་རླབས་བྱ།དེ་ནས་གཏོར་ཆེན་བསངས་སྦྱངས།སྟོང་པའི་ངང་ལས་མདུན་དུ་པད་མ་ཉི་མ་དགྲ་བགེགས་བསྣོལ་བའི་སྟེང་དུ་ཙ་དམར་པོ་ལས་འོད་འཕྲོས།། གནོད་བྱེད་དགྲ་བགེགས་རྣམས་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་བ་ལས། གཏོར་མ་དང་གཉིས་སུ་མེད་པའི་གནོད་སྦྱིན་བཙན་རྒོད་ཅེས་བ་ནས།ཆོས་སྐྱོང་འཁོར་བཅས་སྤྱན་དྲངས། བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས་པར་བསམས་ལ།སྤོས་སྦྱོར་བསྲེགས་ཤིང་གཡབ་དར་གཡབ་ནས་རིག་པ་གདེང་དང་ལྡན་བས་རོལ་མོའི་དབྱངས་དང་བཅས། ཛཿ འཆི་མེད་ལྷ་ཡི་ཁང་བཟང་དམ་པ་དང༌།། ཞེས་པ་ནས། བསྲུང་ཕྱིར་གཡར་དམ་དགོངས་ཏེ་གཤེགས་སུ་གསོལ།། བསྡུ་ན་དེ་ཙམ་དང༌། འབྲིང་དུ་འདོད་ན་བྲག་ཡབ་ངག་དབང་ལ་བསོད་ནམས་ལྷུན་གྲུབ་ཀྱིས་མཛད་པའི། ཧཱུཾ། འདི་ནས་ནུབ་ཀྱི་ཕྱོགས་རོལ་ན།། དཔག་ཚད་ལྔ་བརྒྱའི་ཕར་མཚམས་ན།། ཆུ་སྲིན་རྒྱ་མཚོའི་ཕ་རོལ་ན།། རྔ་ཡབ་གླིང་གི་ནང་ཤེད་ན།། སྲིན་པོ་ཧུང་རས་ཁ་ཁྱེར་གྱི།།ལམ་བསྲུང་མཛད་པའི་ཕ་རོལ་ན།། རལ་གྲིའི་ལྕགས་ཀྱི་ཟང་སོ་ན།། གསུམ་བརྩེགས་ལང་ཀ་བུ་ར་ཡོད།། དེ་ནས་བརྩི་བའི་བྱང་ཤར་མཚམས།། ཆག་པ་བདལ་བའི་བྲག་དམར་ཡོད།། མི་མེད་ལུང་སྟོང་སྐྱི་གཡའ་ཞིང༌།། གར་བལྟས་སྲིན་པོ་སྡིག་ལ་རྔམས།། སྡིག་ལ་དགའ་བས་མི་ཤ་ཟ།། གསོན་གྱི་འདྲེ་དག་བསད་ནས་ཟ།། མགོ་པོ་དམར་འདོན་བྱེད་ཅིང་བསང༌།། ཁ་གདངས་མཆེ་གཙིགས་ཀུན་གྱིས་གབ།། ཐམས་ཅད་ཤ་ཟ་ཁྲག་འཐུང་གནས།། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ།། གཤིན་བྱ་སྲིན་བྱ་ཙི་རི་རི།། གཅན་གཟན་ངར་མ་འདུར་རི་རི།། མི་རོ་རྒོད་ཅིང་ཤུགས་རིང་འདོན།། རྟ་རོ་འཚེར་བ་ཙི་རི་རི།། ཁྱི་རོ་མང་བོ་ཁྱི་སྐད་ཟུག།། བྲག་སོ་མཚོན་ཆ་བརྒྱ་བས་གཟིང༌།། བྲག་ཕུག་སྲིན་པོའི་ཁ་ལྟར་གདངས།། ཁྲག་སྒྱིབ་མི་རྒོད་ཚིང་ཚིང་ཅན།། བྲག་ཡབ་ཚོགས་པོའི་དུག་ཆུ་ལེན། །ཡེ་ཤེས་མེ་རི་མེ་དཔུང་འབར། །ཤེས་རབ་འོད་གསལ་མེ་སྟག་འཕྲོས། །བསྭེ་ཡི་ཁྲབ་ཅན་འཁོར་བཅས་བཞུགས། །གླུ་དབྱངས་རོལ་མོའི་སྒྲ་སྐད་ཀྱིས། །སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ།། པདྨ་ལས་འཁྲུངས་སོ་རྒྱན་གྱིས།། ཇི་ལྟར་བཀའ་བསྒོས་དམ་བཅས་བཞིན།། གཡར་དམ་དགོངས་ཏེ་གཤེགས་སུ་གསོལ།། གསང་བའི་ཕུ་སོགས་རྒྱ་བོད་ཀྱི།། བརྟེན་གནས་རྣམས་ནས་གཤེགས་སུ་གསོལ།། ཞེས་བདག་རྒྱས་བར་སྤྲོ་ན། ཧཱུཾ་ཛཿ བདེ་སྟོང་དབྱེར་མེད་དབྱིངས་ལས་མ་གཡོས་ཀྱང༌།། མ་རུངས་འདུལ་ཕྱིར་འཇིགས་བའི་སྐུར་བསྟན་པ།། མགོན་པོ་བསྭེ་ཡི་ཁྲབ་ཅན་འཁོར་དང་བཅས།། ཐུབ་བསྟན་སྲུང་ཕྱིར་གནས་འདིར་སྤྱན་འདྲེན་ན།། གཞུང་ལུགས་མང་པོར་ཐོས་བསམ་བྱེད་པའི་ཚེ།། ཐོགས་པ་མེད་པར་གནས་འདིར་གཤེགས་སུ་གསོལ།། ཐུན་མོང་ལམ་བཟང་རྒྱུད་ལ་སྐྱེད་པའི་ཚེ།། གཙུག་ལག་ཁང་བཟང་རྣམས་ནས་གཤེགས་སུ་གསོལ།། རིམ་གཉིས་ལམ་བཟང་གཙོ་པོར་སྒྲུབ་པའི་ཚེ།། ཉི་ཤུ་རྩ་བཞིའི་གནས་ནས་གཤེགས་སུ་གསོལ།། ཞི་དང་རྒྱས་བའི་འཕྲིན་ལས་སྒྲུབ་པའི་ཚེ།།ལྷ་ཡི་ཕོ་བྲང་དག་ནས་གཤེགས་སུ་གསོལ།།དབང་དང་དྲག་པོའི་འཕྲིན་ལས་སྒྲུབ་པའི་ཚེ།། འཇིགས་རུང་ཁྲོས་པའི་གནས་ནས་གཤེགས་སུ་གསོལ།། གྲུབ་པ་ཆེན་པོ་བརྒྱད་རྣམས་སྒྲུབ་བའི་ཚེ།། དུར་ཁྲོད་ཆེན་པོ་བརྒྱད་ནས་གཤེགས་སུ་གསོལ།། མཆོག་གི་དངོས་གྲུབ་སྒྲུབ་ལ་མངོན་ཕྱོགས་ཚེ།། ཟུང་འཇུག་མཁའ་དབྱིངས་གནས་ནས་གཤེགས་སུ་གསོལ།། ཐུབ་བསྟན་རིན་ཆེན་ཕྱོགས་བཅུར་སྤེལ་བ་དང༌།། བསྟན་འཛིན་སྐྱེས་བུའི་སྐུ་ཚེ་མཛད་འཕྲིན་རྣམས།། འཕེལ་ཕྱིར་གདུང་བའི་དབྱངསཀྱིས་སྤྱན་འདྲེན་ན།། བརྩེ་བའི་དབང་གིས་གནས་འདིར་གཤེགས་སུ་གསོལ།། ཨོཾ་མ་ཧཱ་ཡཀྵ་ཙ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཞེས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ ཞེས་བརྗོད་ལ། དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར་བར་བསམས་ལ།པདྨ་ཀ་མ་ལ་ཡེ་སྟྭི། ཞེས་གདན་འབུལ། ཨོཾ་མ་ཧཱ་ཡཀྵ་ཙ་ས་པ་རི་ཝཱ་ར་ཨ຋ᨗ་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ། དེ་བཞིན་དུ་སྦྱར་ཏེ་ཆུ་གཉིས་ཉེར་སྤྱོད་དང་བཅས་བ་འབུལ། ཨོཾ་མ་ཧཱ་ཡཀྵ་ཙ་ས་པ་རི་ཝཱ་ར་ཨོཾ་ཨཱཿཧཱུཾ་གིས་ནང་མཆོད་འབུལ། གང་ཞིག་ཡིད་ལ་དྲན་པ་ཙམ་གྱིས་ཀྱང༌།། ཞེས་སོགས་ཀྱིས་བསྟོད།ཆོས་སྐྱོང་འཁོར་བཅས་ཀྱི་ལྗགས་ཞེས་སོགས་ཀྱིས་གཏོར་མ་འབུལ། ཆུ་གཉིས་ཉེར་སྤྱོད་ནང་མཆོད་དང་བཅས་པས་མཆོད། བཅོམ་ལྡན་འདས་ཡི་དམ་རྒྱལ་བའི་དཀྱིལ་འཁོར་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་སྤྱི་དང༌།ཁྱད་པར་དུ་ཆོས་སྐྱོང་ཆེན་པོ་བསྭེའི་ཁྲབ་ཅན་སྤྲུལ་བ་རྣམ་དྲུག་ཕོ་ཉ་ལས་མཁན་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་གཏོར་མ་འདི་བཞེས་ལ།རྒྱལ་བསྟན་སྤྱི་དང༌།ཁྱད་པར་དཔོན་སློབ་འདུས་སྡེ་དང་བཅས་པ་ལ་བསམ་སྦྱོར་ངན་བའི་མཐུ་གཏད་མནན་གསུམ་བྱེད་པ་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་སྐད་ཅིག་གིས་ཚར་ཆོད་ཅིག།།ཨ་མུ་ཀ་མཱ་ར་ཡ་ཕཊ། ཅེས་ཐལ་མོ་བརྡབས།། དེ་ནས། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རྡོ་རྗེ་གསུམ་གྱི་ལྷ་ཚོགས་མདུན་གྱི་ནམ་མཁར་སྤྱན་དྲངས་དེ་རྣམས་ཀྱི་གནས་གསུམ་ནས་ཡི་གེ་བརྒྱ་བ་དཀར་དམར་མཐིང་གསུམ་བྱུང༌།རང་དང་ཆོས་སྐྱོང་སྲུང་མའི་གནས་གསུམ་དུ་ཐིམ་བས།རང་གི་དམ་ཚིག་ཉམས་ཆགས་ཐམས་ཅད་དང་ཆོས་སྐྱོང་སྲུང་མའི་སྐུ་གསུང་ཐུགས་ལ་གྲིབ་ཕོག་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་པར་བསམས་ལ། ཡི་གེ་བརྒྱ་པ་ཉེར་གཅིག་བརྗོད། དེ་ནས། ཧཱུཾ་སྐུ་གསུམ་གར་དང་བློ་ལྡན་ཤེས་རབ་སོགས།། ཞེས་སོགས་བཤགས་པ་རིང་ཐུང་གཉིས་ཀྱིས་གདུང་ཤུགས་དྲག་པོས་བཤགས་པ་བྱ། དེ་ནས་ཐུགས་དམ་བསྐང་བ་ནི། ཧཱུཾ་སྤྲོས་བྲལ་ཟག་མེད་བདེ་ཆེན་ཡེ་ཤེས་ཀྱི།། རོལ་བ་ལས་བྱུང་སྣ་ཚོགས་མཆོད་པའི་སྤྲིན། །ས་དང་བར་སྣང་ནམ་མཁའི་ཁྱོན་བཀང་སྟེ།། ཆོས་སྐྱོང་འཁོར་དང་བཅས་ལ་འབུལ་བ་ནི།། དམར་ཆེན་ཁྲག་གི་ཨ຋ᨗ་ཆལ་ཆིལ་གཡོ།། གཏུམ་ཆེན་དགྲ་པོའི་དབང་བོའི་མེ་ཏོག་དང༌།། གསུར་ཆེན་དུད་པས་ལྷ་ཡི་ལམ་གང་ཞིང༌།། ཚིལ་ཆེན་སྒྲོན་མེ་ཚར་དུ་དངར་བ་འདིས།། ཆོས་སྐྱོང་བསྭེ་ཡི་ཁྲབ་ཅན་ཐུགས་དམ་བསྐངས།། རྒྱལ་ཆེན་སྤྲུལ་བ་རྣམ་དྲུག་ཐུགས་དམ་བསྐངས།། ལས་བྱེད་འཁོར་ཚོགས་རྒྱ་མཚོའི་ཐུགས་དམ་བསྐངས།། དམ་བསྐངས་ཉམས་ཆགས་སོས་ཤིང་དངོས་གྲུབ་སྩོལ།། ཤོ་ལོ་ཀ་ཕྱི་མ་འོག་མ་རྣམས་སུ་ཡང་སྦྱོར། དྲི་ངད་འཐུལ་བའི་ཞག་ཆེན་མཚོ་ལྟར་འཁྱིལ།། ཤ་ཁྲག་བཟའ་དང་བཅའ་བ་རི་ལྟར་སྤུངས།། སྙན་བརྗིད་རོལ་མོ་སྟོང་གསུམ་གྲུམ་པ་བཞིན། །ཇ་ཆང་བདུད་རྩིའི་རྒྱ་མཚོ་མཐའ་ཡས་པས།། ཆོས་སྐྱོང༌྾ལྷ་རྟ་དཀར་པོ་བཙན་རྟ་ཁ་ཏོག་དམར།། བདུད་རྟ་བྲ་བོ་རྟ་ནག་ཚོགས་རྣམས་དང༌།། རྡོ་རྗེ་རྭ་ལྡན་འབྲོང་དང་རྔམས་པའི་གཡག།།ལུག་ནག་སྤྱི་དཀར་ར་སྐྱེས་ཁམས་པ་འདིས།། ཆོས་སྐྱོང༌྾ཐོགས་མེད་མཁའ་ལ་བགྲོད་པའི་བྱ་ནག་དང༌།། དུར་བྱ་སྲིན་བྱ་བྱ་ཁྲ་མཚལ་ལུའི་བྱ།། མཆེ་སྡེར་འབར་བའི་རྒྱ་སྟག་གདོང་ལྔ་པ།། ཁྱི་ནག་ཅེ་སྦྱང་གཅན་གཟན་སྣ་ཚོགས་འདིས།། ཆོས་སྐྱོང༌྾འདོད་འཇོའི་བ་དང་སྦྲ་དང་སྦྲེའུ་ཉ།། རི་དྭགས་ཚོགས་དང་བྱི་ལ་སྤལ་སྤྲུལ་ལྕོང༌།། རུས་པའི་རྒྱན་དང་ཁྲག་ཞག་ཐལ་ཆེན་ཚོམ།།མེ་རླུང་འཚུབ་མ་རབ་ཏུ་འཁྱིལ་བ་འདིས།།  ཆོས་སྐྱོང༌྾ཕ་ལམ་དང་མཚུངས་རྡོ་རྗེའི་གོ་ཁྲབ་དང༌།། དམ་ཉམས་ཕྱེ་མར་བརླག་པའི་མཚོན་ཆའི་ཚོགས།། ཐོད་སྐམ་དབུ་རྒྱན་མགོ་རློན་དོ་ཤལ་དང༌།། མི་དང་གཅན་གཟན་གླང་ཆེན་ལྤགས་པ་འདིས།། ཆོས་སྐྱོང༌྾དར་ཟབ་གཡང་གཞིའི་བླ་བྲེས་ཕྱོགས་ཀུན་ཁྱབ།། སྣ་ཚོགས་དར་དང་ནང་ཁྲོལ་ལྡ་ལྡི་འཕྱང༌།། མི་རོ་ཀང་རུས་ཚོགས་ཀྱིས་ས་གཞི་གང༌།། ནོར་བུའི་རྡོ་ལེབ་གཅལ་དུ་བཀྲམ་པ་འདིས།། ཆོས་སྐྱོང༌྾འབྲུ་སྣ་ཤིང་ཐོག་སྨན་གྱི་ཕུང་པོ་དང༌།།འདོད་ཡོན་ལྔ་དང་རིན་ཆེན་རྒྱལ་སྲིད་བདུན། །ཉེ་བའི་རིན་ཆེན་བཀྲ་ཤིས་རྟགས་བརྒྱད་མཆོག།།བཀྲ་ཤིས་དགེ་ལེགས་འཕེལ་བའི་རྫས་བརྒྱད་པོས།། ཆོས་སྐྱོང༌྾གླིང་བཞི་གླིང་ཕྲན་ཉི་མ་ཟླ་བས་བརྒྱན།། འཇིགས་པའི་བྲག་དམར་བརྩེགས་པའི་རི་བོ་དང༌།། འཆི་མེད་གནས་ལ་ཅོ་འདྲིའི་གཞལ་མེད་ཁང༌།། བདེ་སྟོང་དབྱེར་མེད་ཆོས་འབྱུང་རབ་འབར་པས།། ཆོས་སྐྱོང༌྾སྐད་ཅིག་ཉིད་ལ་འཇིག་རྟེན་ཀུན་ཉུལ་བའི།། རྟ་མཆོག་རག་པ་དར་གྱི་ཅོད་པན་ཅན།། ལྷ་ཀླུ་མི་ཡི་རིན་ཆེན་མ་ལུས་པ།། གཅིག་ཏུ་བསྡུས་འདྲའི་སྒ་སྲབ་མཛེས་པ་འདིས།། ཆོས་སྐྱོང༌྾ལས་ཉོན་མཚོན་གྱིས་ནམ་ཡང་མི་བརྫི་བའི།། བསྭེ་ཡི་ཁྲབ་རྨོག་གསེར་གྱི་མདངས་ལྡན་དང༌།། དར་དམར་ལས་གྲུབ་འཇམ་བའི་ཙི་བར་གོས།། སྒྲིབ་གཉིས་གཡུལ་ལས་རྒྱལ་བའི་རྒྱལ་མཚན་འདིས།།  ཆོས་སྐྱོང༌྾དམག་དཔུང་ཕྱོགས་བཅུར་འགྱེད་པའི་ཙན་དན་བེང༌།། ནག་ཕྱོགས་མ་ལུས་འཆིང་བའི་རྡོ་རྗེའི་ཞགས།། བསྟན་པའི་དར་ཆེན་འཕྱར་བའི་མདུང་དམར་དང༌།། ཤིན་ཏུ་བཀྲ་བའི་རུ་མཚོན་སྣ་ཚོགས་འདིས།། ཆོས་སྐྱོང༌྾ཐབས་ཤེས་ཟུང་དུ་འཇུག་བའི་མདའ་དང་གཞུ། །མི་ཤེས་དྲུང་ནས་གཅོད་པའི་ཤེས་རབ་གྲི།། སངས་རྒྱས་ས་རུ་བདེ་བར་བགྲོད་པའི་ལྷམ།། ཕ་རོལ་ཕྱིན་དྲུག་མཛེས་པའི་སྐ་རགས་འདིས།། ཆོས་སྐྱོང༌྾འབྲུ་རིགས་རྗེན་པར་བཏགས་པའི་ཕྱེ་མ་ལ།། ཁྲག་ཆང་སྨན་སྣ་རིན་ཆེན་དམ་རྫས་རྣམས།། རབ་སྦྱར་དམར་ནག་དར་གྱི་རྒྱན་ལྡན་པ།། བྱིན་གྱིས་བརླབས་པའི་གཏོར་མའི་རི་བོ་འདིས།། ཆོས་སྐྱོང༌྾མཉེས་ལྕུག་སྒྲོ་ཡིས་བརྒྱན་པའི་མདའ་དར་དང༌།། རྫས་སྔགས་ཀྱིས་བཀང་སྙིང་དང་བྲིས་པའི་སྐུ།། ཏིང་འཛིན་གསལ་དང་མཆོད་གཏོར་སྔགས་བཟླས་སོགས།། ཕྱི་ནང་གསང་པའི་རྟེན་རྫས་རྒྱ་མཚོ་འདིས།། ཆོས་སྐྱོང་྾བླ་ན་ཡོད་དང་བླ་ན་མེད་པ་ཡི།། ཕྱི་ཡི་ཀུན་བཟང་མཆོད་པའི་སྤྲིན་དཔུང་དང༌།། རབ་འབྱམས་ཞིང་གི་མྱོས་བྱེད་ཇི་སྙེད་པ། །སྦྱངས་རྟོགས་སྦར་བའི་ནང་གི་མཆོད་པ་འདིས། །ཆོས་སྐྱོང་྾མཛེས་སྡུག་ལྷ་མོར་སྙོམས་བར་འཇུག་པ་ཡིས།། ཡབ་བབས་མས་བརྟན་དགའ་བཞིའི་གསང་མཆོད་དང༌།། ཡུལ་ཅན་ལྷན་སྐྱེས་བདེ་བས་སྟོང་ཉིད་ཡུལ།། ངེས་པའི་དབྱེར་མེད་དེ་ཉིད་མཆོད་པ་འདིས།།  ཆོས་སྐྱོང༌྾མ་རུངས་ལོག་འདྲེན་ཡོངས་ཀྱི་གཤེད་མ་རུ།། སྲོག་དབུགས་ལ་རྔམས་ཁྲོས་པའི་གཟུགས་འཆང་ཡང༌།། བླ་མ་ཡི་དམ་མ་ལུས་འདུས་པའི་སྐུར།། སྙིང་ནས་ཡིད་ཆེས་བླ་མེད་རྟེན་མཆོག་འདིས།། ཆོས་སྐྱོང༌྾དེ་ལྟར་མཆོད་སྤྲིན་རྒྱ་མཚོ་ཕུལ་བའི་མཐུས།། ཐུབ་བསྟན་ཕྱོགས་དུས་ཀུན་ཏུ་རྒྱས་པ་དང༌།། རྣལ་འབྱོར་བདག་གི་ཆོས་ལྡན་བསམ་པ་ཀུན།།གེགས་མེད་ལྷུན་གྱི་འགྲུབ་པའི་འཕྲིན་ལས་མཛོད།། ཅེས་དང༌། བསྡུ་བ་ལ་མོས་ན། ཧཱུཾ་རཀྟའི་རྒྱ་མཚོའི་རྦ་རླབས་འཁྲུག།།ཅེས་སོགས་བྱའོ།། དུས་གཏོར་སོགས་ཀྱི་ཚེ་ཆས་འབུལ་བྱེད་པར་སྤྲོ་ན།། ཧཱུཾ་འཕགས་ཡུལ་མ་ལ་ཡ་ཡི་ནགས་ཚལ་ལས། །བྱུང་པའི་ཙན་དན་བེད་ཆེན་སྒོ་གསུམ་ནས། །བདུད་འདུལ་དམག་དཔུང་བྱེ་བ་འགྱེད་པ་འདི། མ་ཧཱ་དྷ་རྨ་པཱ་ལའི་ཕྱག་ཏུ་འབུལ། །བཞེས་ནས་ཐུབ་པའི་བསྟན་པ་རིན་ཆེན་དང༌།། རྣལ་འབྱོར་བདག་ལ་སྡང་བའི་དགྲ་དང་བགེགས།། དཔུང་དང་བཅས་པ་མ་ལུས་སྐད་ཅིག་ལ།། བཅོམ་ནས་རྡུལ་དུ་བརླག་པའི་འཕྲིན་ལས་མཛོད།། མི་ཡི་སྐྲ་དང་འདྲེས་པའི་དངོས་པོ་ལས།། གྲུབ་པའི་ཞགས་པ་ཕ་རོལ་ལོག་འདྲེན་ཚོགས།། ཡུད་ཀྱིས་འཆིང་བར་བྱེད་པའི་ཞགས་པ་འདི།། མ་ཧཱ྾བཞེས་ནས྾རྣལ་འབྱོར༌྾དཔུང྾བཅིང་ཞིང་བསྡམས་ནས་བརླག་པའི་འཕྲིན་ལས་མཛོད། །གྲི་ལྕགས་ལས་གྲུབ་རྣོ་བའི་ངར་དང་ལྡན།། ལྷབ་ལྷུབ་དར་དམར་བ་དན་རབ་འཕྱར་བ།། ནག་ཕྱོགས་ཡོངས་ཀྱི་སྙིང་ཁར་གཟིར་བྱེད་འདི།། མ་ཧཱ྾བཞེས་ནས྾རྣལ་འབྱོར༌྾དཔུང྾བསད་ནས་རྡུལ་དུ་བརླག་པའི་འཕྲིན་ལས་མཛོད།། རེག་བ་ཙམ་གྱིས་རི་རབ་ལྷུན་པོ་ཡང༌།། འཇོམས་བྱེད་ཐབས་ཤེས་ཟུང་འབྲེལ་མདའ་དང་གཞུ།། གནོད་བྱེད་མ་ལུས་འབིགས་བའི་མཚོན་ཆ་འདི།།མ་ཧཱ྾བཞེས་ནས྾རྣལ་འབྱོར༌྾དཔུང྾ཐལ་མར་ཕུག་ནས་བརླག་བའི་འཕྲིན་ལས་མཛོད།། ལས་ཉོན་མ་རིག་སྒོ་ངའི་སྦུབས་འབྲལ་ཞིང༌།། བསྟན་དང་འགྲོ་ལ་འཁུ་བའི་མ་རུངས་མགོ།། གཅོད་བྱེད་འབར་ཡེས་ཤེས་རལ་གྲི་འདི།།མ་ཧཱ྾བཞེས་ནས྾རྣལ་འབྱོར༌྾དཔུང྾བཅད་ཅིང་གཏུབས་ནས་བརླག་པའི་འཕྲིན་ལས་མཛོད།། ཅེས་བས་ཕྱག་མཚན་རྣམས་འབུལ། དེ་ནས་རྗེ་ངག་དབང་བསོད་ནམས་ལྷུན་གྲུབ་ཀྱིས་མཛད་པའི། ཧཱུཾ་འགུ་འགེམས་གསེར་གྱི་རལ་བ་ཅན།། དམར་པོ་ཟངས་ཀྱི་རལ་བ་ཅན།། སྨུག་པོ་ཁྲག་གི་རལ་བ་ཅན།། བསྭེ་ཡི་ཁྲབ་ཅན་འཁོར་བཅས་ཀྱིས།། མཐུན་བའི་དམ་རྫས་འདི་བཞེས་ལ།། གཞན་གྱི་ཟོར་ཁ་བཟློག་ཏུ་གསོལ།། གཞན་གྱི་བསམ་ངན་མ་ལུས་དང༌།། ཚེར་ཟོར་ཡུངས་ཟོར་འཕེན་བ་བཟློག།།བདུད་ཀྱི་ཁྲམ་ཟོར་འཕེན་པ་དང༌།། གཤིན་རྗེའི་འཁོར་ཟོར་འཕེན་པ་བཟློག།།བཙན་གྱི་ཤོ་ཟོར་རྡོ་ཟོར་དང༌།།མ་མོ་འབྱུང་བོའི་ཐོད་ཟོར་བཟློག།།ཞང་ཞུང་བོན་གྱི་ཟོར་དམར་དང༌།། སུམ་པ་ཕ་བའི་སླང་ཟོར་བཟློག།།བན་བོན་སྐང་ཟོར་རྟ་ཟོར་དང༌།། སྐྱེས་པའི་གཞུ་ཡི་མདའ་ཟོར་བཟློག།།བུད་མེད་ཐག་ཟོར་དམོད་ཟོར་དང༌།། ལྷ་མ་ཡིན་གྱི་མདུང་ཟོར་སོགས།། ཟོར་ཁ་ངན་གཏད་རྦོད་གཏོང་ཀུན།།ཚུར་ལ་འཕང་ཚད་ཕར་ལ་བཟློག།།ཚུར་ལ་རྦད་ཚད་ཕར་ལ་བཟློག།།བཀྲ་མི་ཤིས་བ་མ་ལུས་པ།། ཚུར་ལ་འོང་ཚད་ཕར་ལ་བཟློག།།ཐམས་ཅད་དམ་ཉམས་དགྲ་ལ་ཐོངས།། ཞེས་བས་བཟློག་པ་བྱའོ།།དེ་ནས། ཧཱུཾ་མཐུན་པའི་དངོས་གྲུབ་མ་ལུས་པ།། ཞེས་སོགས་ཀྱིས་དངོས་གྲུབ་བླངས། བཞི་བ་ནི། བཟླས་བའི་དག་མཚམས་གཡེལ་ན་ནོར་ལ་ལྡོག།།ཅེས་གསུངས་བས་བཟླས་དམིགས་མ་གཡེང་བར་རང་ཕྱོགས་ཀྱི་ཚད་ལྡན་དམ་པ་རྣམས་ཀྱི་མན་ངག་ལྟར་སྐབས་བབས་ཀྱི་བཟླས་དམིགས་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་རྣམས་གསལ་བཏབ་ལ་གཟུངས་ཐག་ནས་བཟུང་སྟེ་བཟླས་བ་བྱ་བ་ནི།། རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས།མདུན་སྐྱེད་ཀྱི་མགོན་པོའི་ཐུགས་ཀར་ཉི་གདན་ལ་ས་བོན་གྱི་མཐར་སྔགས་ཕྲེང་གིས་བསྐོར་བ་ལ་ཕོག་པས་ཐུགས་རྒྱུད་བསྐུལ།དེའི་ཐུགས་ཀའི་འོད་ཟེར་གྱིས་འཁོར་རྣམས་ལས་ལ་བཀོལ་ཏེ་སྤྲུལ་པ་ཡང་སྤྲུལ་བསམ་གྱིས་མི་ཁྱབ་བ་སྤྲོས་པས་དགྲ་བགེགས་ཐམས་ཅད་ཚར་གཅོད་པ་སོགས་འཕྲིན་ལས་རྣམ་བཞི་ཐོགས་པ་མེད་པར་བསྒྲུབ་བར་གྱུར་པར་བསམས་ལ།ཨོཾ་མ་ཧཱ་ཡཀྵ་ཙ་སྭཱ་ཧཱ། ཞེས་པའམ། ཨོཾ་ཨཱཿམཧཱ་ར་ཛཱ་ཡཀྵ་ཧྲཱིཿ ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པ་ཅི་རིགས་པའི་བཟླས་བ་བྱ། མཇུག་ཏུ་ཡིག་བརྒྱས་ལྷག་ཆད་བསྐང༌། དེ་ནས་གཏོར་མ་འབུལ་བ་ནི། ནང་མཆོད་ལྟར་བྱིན་གྱིས་བརླབས། ཆོས་སྐྱོང་འཁོར་བཅས་ཀྱི་ལྗགས་ཞེས་སོགས་ཀྱིས་གཞུང་ལྟར་ཕུལ་ཏེ་འཕྲིན་ལས་བཅོལ། གཞི་བདག་གཏོར་མ་བསྔོ༌། དེ་ནས་བསྟོད་བ་ནི། ཧཱུཾ་པདྨ་རཱ་གའི་ལྷུན་པོ་རྟ་གདོང་མེས།། ཞེས་སོགས་ཀྱིས་བསྟོད། དེ་ནས། བླ་མ་ཡི་དམ་སྲུང་མའི་ཚོགས་རྣམས་ཀྱིས།།ཞེས་སོགས་ལན་གསུམ་དང༌།ཁོ་བོའི་ངག་རྩོམ་བསྐུལ་བ་དགྲ་སྡེའི་སྲོག་གི་སྤུ་གྲི་ལྟ་བུས་དྲག་ཏུ་བསྐུལ། ལྔ་པ་ནི། དམིགས་བྱ་མི་གསལ་ན་འཁྱམ། ཞེས་གསུངས་པས། གང་ལ་དམིགས་བའི་དམིགས་བྱ་དགྲ་བགེགས་ཡིད་ངོར་གསལ་བ་དང༌། སྒྲུབ་བ་པོ་རྣམས་ཀྱི་བསམ་པའི་མཐུན་ཕྱོགས་གཅིག་པའི་སྒོ་ནས་བསྒྲལ་ལམ་བྱེད་པ་ལ། ཐོག་མར་གསེར་སྐྱེམས་བྱིན་གྱིས་བརླབས་ཏེ་འབུལ་བ་ནི། ཧཱུཾ་བླ་མ་ཡི་དམ་དཀོན་མཆོག་གསུམ།། རྒྱུད་སྡེ་བཞི་ཡི་ལྷ་ཚོགས་དང༌།། ཁྱད་པར་བཅོམ་ལྡན་གཤིན་རྗེའི་གཤེད།། གསེར་སྐྱེམས་མཆོད་པ་འདི་བཞེས་ལ།། བདག་གི་གཟུ་དང་དཔང་མཛོད་ཅིག།།དམ་ཉམས་འདི་ཡི་སྐྱབས་མ་མཛོད།། གཤིན་རྗེའི་གཤེད་ཀྱི་བཀའ་སྡོད་མཆོག།།མྱུར་མཛད་ལས་གཤིན་དམག་ཟོར་མ།། བསྭེ་ཡི་ཁྲབ་ཅན་འཁོར་བཅས་ཀྱིས།།གསེར་སྐྱེམས༌྾བདག་གི྾དན་ཉམས༌྾དབྱུག་གུ་དྲུག་ཅུ་རྩ་བཞི་སོགས། །ལོ་ཟླ་ཞག་དུས་ལྷ་རྣམས་དང་། །ཁྱད་པར་ཡུལ་ཕྱོགས་འདིར་གནས་པའི།ཡུལ་ལྷ་གཞི་བདག་ཚོགས་རྣམས་ཀྱིས། །གསེར་སྐྱེམས་྾བདག་གི་྾དམ་ཉམས་྾གཟུ་དང་དཔང་ལས་མཐོ་བ་མེད།། རྣམ་པར་དག་པའི་ཐུགས་ཀྱིས་གཟིགས།། གསེར་སྐྱེམས་མཆོད་པ་རྒྱ་རེ་ཆེ།། འབྲུ་སྨན་སྣ་ཚོགས་རིན་ཆེ་བས།། དེ་རིང་བདག་གི་གྲོགས་མཛོད་ཅིག།།ཅེས་གསེར་སྐྱེམས་ཕུལ། དེ་ནས་ཟན་ལིང་འབྲུབ་ཁུང་དུ་བཅུག།།འབྲུབ་ཁུང་ཟན་ལིང་དང་བཅས་བ་བསངས་སྦྱངས། སྟོང་བའི་ངང་ལས་ཁཾ་ལས་བྱུང་བའི་གནམ་ལྕགས་འབར་བའི་ཁང་སྒྲོམ་ཟུར་གསུམ་པ། མེ་རླུང་དམར་ནག་འཁྲུག་པའི་དབུས་སུ་ཎི་ལས་དམ་ཚིག་ཉམས་པའི་དགྲ་བོ་ལུས་རྨ་དང་ཕོལ་མིག་གིས་གང་ལ་མིག་ནས་མཆིལ་མ་འབྱུང་བ། ཁ་ནས་ཁྲག་འཛག་ཅིང་སིད་ཅེས་སྒྲ་འབྱིན་པ། དྲི་ཆེན་དང་དྲི་ཆུ་དབང་མེད་ལྷུག་པར་འཆོར་བ། མཚན་མ་འཕྱང་བ།ཡན་ལག་བསྡོས་ཀྱིས་བསྡམས་པར་གྱུར།རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་ཁྲོ་བོ་ལྕགས་ཀྱུ་དང་ཞགས་པ་དང་ཐོ་བ་ཐོགས་པ་དཔག་ཏུ་མེད་པ་སྤྲོས། དགྲ་བགེགས་རྣམས་ཀྱི་མགྲིན་པ་ནས་ཞགས་པས་བཅིངས། སྙིང་གནས་ལྕགས་ཀྱུས་བཟུང་།རླུང་གི་རྔ་མོའི་སྟེང་དུ་བཞག།།རྒྱབ་ནས་ཁྲོ་བོ་ཐོ་བ་དང་མཚོན་ཆ་སྣ་ཚོགས་པ་ཐོགས་པ་རྣམས་ཀྱིས་དེད་ནས་ལིངྒ་ལ་བཅུག་པར་གྱུར་པར་བསམས་ལ། རྡོར་དྲིལ་འཛིན་པའི་འདོད་རྒྱལ་གྱི་ཕྱག་རྒྱ་དང་བཅས་པ། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ྾་ཆོས་ཀྱི་྾དགེ་འདུན་གྱི་྾ཁམས་གསུམ་ཟ་བར་ནུས་པ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་བཀའ་྾བཀའ་སྡོད་སྲུང་མའི་གཙོ་བོ་སྲོག་བདག་བསྭེའི་ཁྲབ་ཅན་སྤྲུལ་པ་ལས་བྱེད་ལྷ་སྲིད་སྡེ་བརྒྱད་རུ་འདྲེན་དྲེགས་པའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་྾ཆོས་ཉིད་རྣམ་པར་དག་ཅིང་ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པའི་སྟོབས་ཀྱིས། སངས་རྒྱས་ཀྱི་བསྟན་དགྲ། དཀོན་མཆོག་གི་སྤྱི་དགྲ། བླ་མ་དམ་པ་རྣམས་ཀྱི་སྐུ་དགྲ། དགེ་འདུན་ཡོངས་ཀྱི་དགྲ་བོ། སྔགས་འཆང་རྣལ་འབྱོར་བ་བདག་ཅག་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་རྣལ་འབྱོར་བའི་དགོས་དགྲ། ངན་ལས་ཀྱིས་ཕོད་བཙུགས་པ་ཡ་བཟུང་བ། དོ་བསྔོས་པ། ངན་འགྲན་བྱས་བ། བསམ་པ་ངན་པ། སྦྱོར་བ་རྩུབ་པ། སྔ་དགྲ་བྱས་པ།ཕྱི་དགྲ་བྱེད་པ།ད་དགྲ་ཤོམས་པ་ལ་སོགས་པའི་དམ་ཚིག་ཉམས་པའི་དགྲ་པོ་འཁོར་དང་བཅས་པའི་རྣམ་པར་ཤེས་པ་ས་འོག།།ས་སྟེང་། ས་བླ། མཐོ་སྲིད་པའི་རྩེ་མོ་ནས། དམའ་དམྱལ་ཁམས་བཅོ་བརྒྱད་ཀྱི་གཏིང་། ཕྱོགས་བཞི་མཚམས་བརྒྱད་གང་གནས་ཀྱང་། ད་ལྟ་ལིངྒ་འདི་ཉིད་ལ་མཆིས་པར་གྱུར་ཅིག།། ཨོྃ་ཧྲཱིཿ ḌṎᨑ᫸ཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་མ་ཧཱ་ར་ཛ་ཤུ་ལ་དགྲ་བགེགས་ཨཱ་ཀརྵ་ཡ་ཛཿབཛྲ་མུངྒར་ཛཿབཛྲ་དཎྜ་ཧཱུཾ། བཛྲ་པདྨ་བཾ། བཛྲ་ཁདྒ་ཧོཿ ཅེས་ལན་གསུམ་མམ་བདུན་ནམ་ཉེར་གཅིག་ལ་སོགས་པའི་བར་དུ་དབུས་གཞུག་དྲག་ཏུ་བྱ། ཧཱུཾ་ཛཿ གཟའ་བཞིན་ཕྱོགས་བཅུར་སྤྲོས་ནས་ནི།། ཊཀྐི་རཱ་ཛས་མྱུར་དུ་ཁུག།།རྡོ་རྗེ་ལྕགས་ཀྱུའི་ཚོགས་སྤྲོས་ནས།། ཁུག་ཅིག་བཛྲ་ཨཾ་ཀུ་ཤ།།རྡོ་རྗེ་ཞགས་པའི་ཚོགས་སྤྲོས་ནས། །དྲོངས་ཤིག་བཛྲ་བཱ་ཤ་ཧཱུཾ།། རྡོ་རྗེ་ལྕགས་སྒྲོས྾སྡོམས་ཤིག་བཛྲ་སྤོ་ཊ་བཾ། རྡོ་རྗེ་དྲིལ་བུའི་྾ཕོབ་ཅིག་བཛྲ་གཎྚ་ཧོཿ་ རྡོ་རྗེ་ཐོ་བའི་྾རྡུངས་ཤིག་བཛྲ་མུ་དགར།།རྡོ་རྗེ་དགྲ་སྟའི་྾ཁོས་ཤིག་བཛྲ་བཱར་ཤུ། །རྡོ་རྗེ་རྩེ་གསུམ྾གཟིར་ཅིག་བཛྲ་ཏྲི་ཤུ་ལ། །རྡོ་རྗེ་ཕུར་བུའི་྾ཐོབ་ཅིག་བཛྲ་ཀཱི་ལ་ཡ།། རྡོ་རྗེའི་རལ་གྲིའི་྾གཏུབས་ཤིག་བཛྲ་ཁང་ཧོཿ ཞེས་དམིགས་པ་དང་བཅས་པའི་སྒོ་ནས་བརྗོད་ཅིང་། ཕྱག་མཚན་དངོས་སམ་ཕྱག་རྒྱ་ཙམ་གྱིས་ཚམ་རྡམ་བྱའོ། །དེ་ནས། ཧཱུཾ་བདག་ནི་མ་ཉེས་མ་ལན་ནོ།། གཟུ་དང་དབང་དུ་དཀོན་མཆོག་བཞུགས།། ཞལ་ལྕེ་ལྷ་འདྲེ་ཡོངས་ཀྱིས་ཆོད། །བདག་གི་དགྲ་པོ་བདེན་བྲལ་འདིས།། བླ་མ་སྨད་ཅིང་སེམས་ཅན་འཚེ།། བསྟན་པ་བཤིག་ཅིང་དབུ་འཕང་སྨད།། དབེན་གནས་བཤིག་ཅིང་ཆོས་འཁོར་བཅོམ།། རྟེན་མཆོག་དྲུང་ནས་དཀོར་རྣམས་བརྐུས།། དགེ་འདུན་རྣམས་ལ་གཤེ་སྐུར་བཏབ། །ཁྱད་པར་དགོན་གནས་འདི་ལ་བསྡོས།། དམ་ཉམས་འདི་ལས་ཉེས་ཆེ་མེད།། ལོ་དང་ཟླ་བར་མ་འགྱངས་ཤིང། །ཞག་དང་ཟ་མར་མ་བཞག་བར།། ད་ལྟ་ཁུག་ལ་མྱུར་དུ་སྒྲོལ།།ཆོས་སྐྱོང་འཁོར་བཅས་ཁྲོས་ཤིང་འཁྲུགས་ལ་རྔམས་པས་རང་འདྲའི་སྤྲུལ་བ་ཡང་སྤྲུལ་གྱི་ཚོགས་དཔག་ཏུ་མེད་པ་རྣམས་དང་།གཤིན་རྗེ་དང་།མ་མོ་དང།བདུད་དང་།སྲིན་པོ་རྣམས་ཀྱིས་དུག་མཚོན་གྱི་ཆར་ཕབ་པར་གྱུར་པར་བསམས། དེ་ནས་ཡུངས་དཀར་གྱི་བསྐུལ་བ་ནི། ཧཱུཾ་ཡུངས་དཀར་རྒྱལ་པོ་ཁྲོ་བོའི་ཐུན།། སྐེ་ཚེ་དུག་ཁྲག་ལྕགས་རྡོའི་ཕྱེ།། དྲག་བོའི་སྔགས་ཀྱི་བད་བཏབ་པའི།། གནམ་ལྕགས་སེར་ཆེན་ལྟ་བུའི་ཟོར།། དགྲ་བོའི་ལུས་ལ་བཏབ་བ་ཡིས།། དགྲ་བགེགས་རྡུལ་ཕྲན་བཞིན་དུ་ཆོམས།། ཁྲག་སྣ་འབུམ་དང་དུག་སྣ་སྟོང་།། ཐང་ཁྲོམ་དུག་གི་ཁུ་བ་ལ།། དྲག་པོ་སྔགས་ཀྱི་ངར་བཏབ་པའི།། རླན་ཞིང་གཤེར་བའི་ཐུན་ཟོར་འདི།། དགྲ་བོའི་ལུས་ལ་བཏབ་ཡིས།། དྲན་པ་མྱོས་ཤིང་ཉམས་པར་གྱུར།། ཡངས་དཀར་རྒྱལ་པོ་ཁྲོ་བོའི་ཐུན།། དུག་སྣ་སྣ་ཚོགས་ཁྲོ་མོའི་ཐུན།། སྐམ་ཐུམ་རློམ་ཐུན་ཐུན་བྲབ་པས།། ཁྲོ་བོ་ཁྲོ་མོས་ལས་མཛོད་ཅིག།།དཀོན་མཆོག་གསུམ་ལ་གནོད་པ། བླ་མ་ལ་སྨོད་པ། བསྟན་པ་ལ་སྡང་བ།སེམས་ཅན་ལ་འཚེ་བ།སྒྲུབ་པ་པོ་ལ་བསམ་སྦྱོར་ལོག་པར་ལྟ་བར་བྱེད་པའི་དམ་ཉམས་པའི་དགྲ་བོ་འདི་ལ་རྒྱོབ་ཅིག །སོད་ཅིག་ལྷན་ཅིག་སྐྱེས་པའི་ལྷ་དང་ཕྱེས་ཤིག།།མཉམ་པོར་འོང་བའི་བདུད་དང་སྤྲོད་ཅིག།།ཕོ་ལྷ་དང་ཕྱེས་ཤིག།།མོ་ལྷ་དང་ཕྱེས་ཅིག།།ལེའུའི་ལྷ་དང་ཕྱེས་ཤིག།།ཞིང་ལྷ་དང་ཕྱེས་ཤིག།།སྲོག་ལྷ་དང་ཕྱེས་ཤིག།།འགོ་བའི་ལྷ་དང་ཕྱེས་ཤིག།།བསྟེན་པའི་ལྷ་དང་ཕྱེས་ཤིག།།ལས་མཁན་རྣམས་ཀྱིས་ཁྲིད་དེ་བཙོག་བརྡུང་ལ་སོགས་ལ་སོགས་པ་ཀྱིས་ཤིག།།ཅེས་བཀའ་བསྒོས་ལ་ཐུན་གྱིས་བྲབ་པས། ལས་མཁན་རྣམས་ཀྱིས་ཇི་ལྟར་བསྒོམ་པ་བཞིན་དུ་བྱས་ནས་ལིངྒལ་བཅུག་པར་བསམས་ལ། ཧཱུཾ་རྡོ་རྗེ་འཆང་སོགས་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། །གནོད་སྦྱིན་བཙན་རྒོད་བསྭེ་ཁྲབ་ཅན། །སྤྲུལ་བ་རྣམ་དྲུག་ལ་སོགས་པ། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །དགྲ་བོ་ལས་ངན་སྡིག་ཅན་འདིའི། །མགོན་སྐྱབས་དཔུང་གཉེན་མ་མཛད་བར། །མཐུ་དང་རྫུ་འཕྲུལ་ཀུན་ཆོམས་ལ། །བདག་གི་མགོན་དང་སྐྱབས་མཛོད་ཅིག།།དུས་འདིར་སངས་རྒྱས་བསྟན་པ་སྲུངས། །དམ་ལས་མ་འདའ་འཕྲིན་ལས་མཛོད། །རྣམ་ལྔ་བདུད་རྩིའི་མཆོད་པ་བཞེས། །སྲུང་འཁོར་སྔགས་མདུད་ཚེ་མདོག་སྟོབས། །སྐྱོབ་བྱེད་རིན་ཆེན་རྫས་ལ་སོགས། །མ་ལུས་དྲངས་ཏེ་གཡོན་ཕྱོགས་སུ། །ཆོས་འབྱུང་ནང་དུ་གནས་པར་གྱུར། །ཨོཾ་ཧྲཱིཿལྭི་ཀྲི་ཏཱ་ནན་ཆེ་གེ་མོའི་ཀྵ་ས་མཱུཊ་དཾ་རཀྵ་མནྟྲ་དེ་ཝ་ཏཥྩ་ཨ་ཀ་རཱ་ཡ་ཛཿརང་གི་སྙིང་ག་ནས་ཁོ་བོ་ཕུར་བུའི་གཟུགས་སྤྲོས་ཏེ་བཏབ་པར་གྱུར་པར་བསམས་ལ། ཨོཾ་གྷ་གྷ་གྷཱ་ཏ་གྷཱ་ཏ་ཡ་སརྦ་དུཥྚཾ་ཕཊ་ཕཊ་ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་བཱ་བཾ་ཕཊ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ།བཛྲ་དྷཱ་ར་ཨ་ཛྙཱ་པ་ཡ་ཏི་སརྦ་བིགྣན་ཀཱ་ཡ་ཝཱ་ཀྩིཏྟ།ཆེ་གེ་མོའི་ཀྵ་སམྦུ་ཊ་དཾ་རཀྵ་མནྟ་དེ་ལྦ་ཏ་ཥྩ་བཛྲ་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་མང་དུ་བརྗོད་དེ་འཇིག་རྟེན་བའི་ལྷ་དང་ཕྲལ། དེ་ནས། དགྲ་བོ་འདི་ཡི་གྲོགས་མཛད་པའི། །ཡེ་ཤེས་ལྷ་སྲུང་ཐམས་ཅད་ཀྱང་། །བརྩེ་བས་འདི་དག་ངན་འགྲོ་ལས། །སྒྲོལ་ཕྱིར་ཁྲོས་པའི་སྐུར་བཞེངས་ཏེ། །བསྟན་པ་བཤིག་པའི་དགྲ་བོ་འདིའི། །མགོན་སྐྱབས་དཔུང་གཉེན་མ་མཛད་པར། །ལུས་སྲོག་ཐལ་བའི་རྡུལ་དུ་རློག།།རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྲོངས། །ཨོཾ་ཧྲཱིཿ ཥྣིཿ་ཝི་ཀྲི་ཏཱ་ན་ན་བཛྲ་བྷཻ་ར་ཝཱ་ཡ་སརྦ་དེ་ཝ་རཀྵ་ཛྙཱ་ན་ཨཱཀརྵ་ཡ་ཛཿཛཿ ཛཿཧཱུཾ་བཾ་ཧོ།ཞེས་བརྗོད་དེ་ཡེ་ཤེས་པ་རྣམས་རང་ལ་བསྟིམ།དེ་ནས།ཧཱུཾ་རྣམ་པར་མི་རྟོག་ཐུགས་ཀྱི་བདག།།ལུས་ངན་འདི་ལ་མ་ཞུགས་པར། །རང་བཞིན་འོད་གསལ་ཆོས་ཀྱི་དབྱིངས། །དྲི་མའི་སྦུབས་ནས་གཤེགས་སུ་གསོལ། །ཨོཾ་མཧཱ་རཱ་ཛ་ཤུ་ལ་དགྲ་བགེགས་མ་རཱ་ཡ་སོད།ཅེས་སྦེལ་ཚིག་ཅན་མང་དུ་བརྗོད་ཅིང་།རལ་གྲིས་གཏུབས་ཏེ་གོང་གཏོར་དང་གཏོར་ཆེན་སོགས་ལ་འདེབས།ལྷག་མ་ཟོར་ཆུང་དང་ལྷན་གཅིག་ཏུ་གཏོར་ཆེན་གྱི་མདུན་དུ་བཤམས་བ།ཆང་ཆུ་དང་ནང་མཆོད་ཀྱིས་བྲན།ལས་སྔགས་ཀྱིས་བསངས།སྭ་བྷཱ་ཝས་སྦྱངས།སྟོང་པའི་ངང་ལས་ཡཾ་ལས་རླུང་།རཾ་ལས་མེ།ཨ་ལས་མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་དུ་ཨ་ལས་བྱུང་བའི་ཐོད་པ་ཕྱི་དཀར་ལ་ནང་དམར་བའི་ནང་དུ་དམ་ཉམས་བསྒྲལ་བའི་ཤ་ཁྲག་རུས་གསུམ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿ ཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབས། ཧོ་གནོད་སྦྱིན་ཆེན་པོ་བསྭེའི་ཁྲབ་ཅན་སྤྲུལ་པ་ཡང་སྤྲུལ་ལས་བྱེད་སྡེ་བརྒྱད་རུ་འདྲེན་དྲེགས་པའི་ཚོགས་དང་བཅས་པ་རྣམས་ཀྱིས་ཤ་ཁྲག་དམར་གྱིས་གཏོར་མ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྤྱི་དང་། ཁྱད་པར་དགེ་འདུན་གྱི་སྡེ་འདིར་གནོད་ཅིང་འཚེ་བའི་དགྲ་བོ་སྡིག་ཅན་རྣམས་ལ་ཐན་དང་ལྟས་ངན་སྣ་ཚོགས་ཐོངས། ལོ་ཟླ་བར་མ་འགྱངས་པར་ཞག་དང་ཟ་མའི་ནང་དུ་སྒྲོལ་ཅིག།ཨ་མུ་ཀ་མ་རཱ་ཡ་ཕཊ། ཅེས་བརྗོད། དེ་ནས་དྲག་ཏུ་ལས་ལ་བསྐུལ་བ་ནི། གསུར་ཆེན་གྱི་དུད་པ་བཏང་ལ།བྷྱོཿབསྐལ་བའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །སངས་རྒྱས་བསྟན་པ་བསྲུང་བར་ཞལ་བཞེས་བའི། །སྲིད་པའི་སྲོག་བདག་དྲང་མཁན་བཙན་རྒོད་ནི།སྲིན་པོ་ཁྲག་སྒོད་ལས་སྐྱེས་སྐྱེས་བུའོ། །མི་ལུས་དམར་ནག་སྲིན་པོ་ཁྲོས་པའི་སྐུ། །སྤྱན་གསུམ་དམར་ཟླུམ་ཁྲོ་གཉེར་མཆེ་བ་གཙིགས། །བཙན་རྟ་རླུང་གཤོག་ཞོན་ནས་དགྲ་ལ་རྒྱུགས། །དམ་རྫས་དམར་གྱི་གཏོར་མ་འདི་བཞེས་ལ། །ཆོས་སྐྱོང་ཆེན་པོས་བདག་གི་ལས་འདི་སྒྲུབས། །བསྟན་པ་བཤིག་པའི་དམ་ཉམས་དགྲ་པོ་འདི། །བཙན་ཞགས་དམར་པོས་དགྲ་པོའི་མགོ་ལུས་ཆིངས། །དུག་མདུང་བསྭེ་དམར་དམ་ཉམས་སྙིང་ལ་རྒྱོབ། །ཉི་མ་ཟླ་བའི་རྗེས་གཅོད་ཤར་ནུབ་ཏུ། །དམ་ཉམས་དགྲ་བོ་གུ་གུ་ཐལ་བར་སོད། །བཙན་གྱི་ཞགས་པ་དམ་ཉམས་དགྲ་ལ་ཆོས། །ཉིན་དང་མཚན་དུ་དམ་ཉམས་བླ་ཚེ་ཕྲོག།།དགྲ་བོའི་དཔུགས་བསྡུས་སྲོག་རྩ་མྱུར་དུ་ཆོད། །གནོད་སྦྱིན་བཙན་རྒོད་ཆེན་པོའི་དུས་ལ་བབས། །ཁྱོད་ཀྱི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ལས། །ཤར་དུ་སྐུ་ཡི་སྤྲུལ་པ་ཀླུ་མ་བཙན། །དམ་རྫས་དམར་གྱི་གཏོར་མ་འདི་བཞེས་ལ། །བྲ་ནག་ཞོན་ནས་དགྲ་ལ་མྱུར་དུ་རྒྱུག།།ཤར་གྱི་ཕྱོགས་ཀྱི་སྡང་དགྲ་ཁྱོད་ཀྱིས་ཐུལ། །ལྷོ་རུ་གསུང་སྤྲུལ་བཙན་རྒོད་དམར་ནག་རྗེ། །དམ་རྫས་དམར་གྱིས་གཏོར་མ་འདི་བཞེས་ལ། །རྟ་དམར་ཞོན་ནས་དགྲ་བོའི་སྲོག་ལ་རྒྱུག།།ལྷོ་ཡི་ཕྱོགས་ཀྱི་སྡང་དགྲ་ཁྱོད་ཀྱིས་ཐུལ། ནུབ་ཏུ་ཐུགས་སྤྲུལ་ལྷ་བཙན་དཀར་བོ་ནི། །དམ་རྫས་དམར་གྱིས་གཏོར་མ་འདི་བཞེས་ལ། །ཅང་ཤེས་རླུང་ཤུགས་ཆིབས་ནས་དགྲ་བླ་ཚོལ། །ནུབ་ཀྱི་ཕྱོགས་ཀྱི་སྡང་དགྲ་ཁྱོད་ཀྱིས་ཐུལ། །བྱང་དུ་ཡོན་ཏན་སྤྲུལ་པ་སྲོག་བདག་རྗེ། །དམ་རྫས་དམར་གྱིས་གཏོར་མ་འདི་བཞེས་ལ། །ངང་ཞུར་ཞོན་ནས་དམ་ཉམས་དཀོར་ནོར་བསྡུས། །བྱང་གི་ཕྱོགས་ཀྱི་སྡང་དགྲ་ཁྱོད་ཀྱིས་ཐུལ། །འཕྲིན་ལས་སྤྲུལ་པ་སྡེ་དཔོན་ཆེན་པོ་ནི། །ཤར་ལྷོ་མེ་བཙན་མཚར་སྡུག་དཀར་པོ་ནི། །དམ་རྫས་དམར་གྱི་གཏོར་མ་འདི་བཞེས་ལ། །མེ་བཙན་དམར་པོ་རྟ་མཆོག་ཆིབས་ནས་སུ། །ཤར་ལྷོའི་མཚམས་ཀྱི་སྡང་དགྲ་ཁྱོད་ཀྱིས་སྒྲོལ། །ལྷོ་ནུབ་ས་བཙན་ཐོག་སེར་བདག་པོ་ནི། །དམ་རྫས་དམར་གྱི་གཏོར་མ་འདི་བཞེས་ལ། །བཙན་རྟ་རག་སེར་ཞོན་ནས་ཐོག་རྒོད་འབེབས། །ལྷོ་ནུབ་མཚམས་ཀྱི་སྡང་དགྲ་ཁྱོད་ཀྱིས་སྒྲོལ། །ནུབ་བྱང་རླུང་བཙན་འཚུབ་མའི་བདག་པོ་ནི། །དམ་རྫས་དམར་གྱི་གཏོར་མ་འདི་བཞེས་ལ། །སྔོན་པོ་རླུང་གཤོག་ཆིབས་ནས་བུ་ཡུག་འབེབས། །ནུབ་བྱང་མཚམས་ཀྱི་སྡང་དགྲ་ཁྱོད་ཀྱིས་སྒྲོལ། །བྱང་ཤར་སྲོག་བདག་ཡམ་ཤུད་དམར་པོ་ནི། །དམ་རྫས་དམར་གྱི་གཏོར་མ་འདི་བཞེས་ལ། །བཙན་རྟ་ལྗང་ནག་ཞོན་ནས་དགྲ་ལ་རྒྱུག།།བྱང་ཤར་མཚམས་ཀྱི་སྡང་དགྲ་ཁྱོད་ཀྱིསསྒྲོལ། །གཞན་ཡང་སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །སྲོག་དབུགས་སྡུད་པའི་བཤན་པའི་དམག་ཚོགས་ཀྱིས། །དམ་རྫས་དམར་གྱི་གཏོར་མ་འདི་བཞེས་ལ། །སྡང་དགྲ་དམ་ཉམས་མྱུར་དུ་བསྒྲལ་དུ་གསོལ། །དམ་ཅན་འཁོར་བཅས་ཐུགས་དམ་དུས་ལ་བབ། །བསྟན་ལ་གནོད་བའི་དམ་ཉམས་དགྲ་བོ་འདི། །ད་ལྟ་ཉིད་དུ་མྱུར་དུ་སོད་ལ་ཤོག།།ཕུང་གསུམ་ཐོབ་ཅིག་གཡབ་གྱིས་ཐོབ་ལ་ཤོག །མི་ནོར་ཟས་གསུམ་ཐམས་ཅད་ཕུངས་སུ་ཆུག།།གག་ལྷོག་ནད་ཡམས་འཁྲུག་པས་གྲི་རུ་སོད། །བསད་རྟགས་དོན་སྙིང་ཡིན་པས་ཁྱེར་ལ་ཤོག།།ཐུགས་དམ་དུས་ལ་བབ་པོ་ས་མ་ཡ། །གནོད་སྦྱིན་བཙན་རྒོད་ཆེན་པོའི་དྲག་བསྐུལ་དམ་ཉམས་སྲོག་གི་སྤུ་གྲི་འདི།རི་བྲག་དབང་པོ་སི་དྷི་རི་ཆུ་ཀླུང་ཆེན་པོ་ནས་གདན་དྲངས་པའོ། །རྒྱ་རྒྱ་རྒྱ།ཧཱུཾ་བསྭེ་ཡི་ཁྲབ་ཅན་ཆོས་རྒྱལ་ཆེན་པོ་ནི། །སངས་རྒྱས་བསྟན་སྲུང་དགྲ་བོའི་ཤ་ཟ་སྟེ། །ཁྱེད་ཀྱིས་ཤཱཀ་ཐུབ་བསྟན་བ་སྤྱི་དང་ནི། །ཁྱད་པར་ལོ་ཆེན་བློ་ལྡན་ཤེས་རབ་དང་།མཉམ་མེད་རྗེ་བཙུན་བླ་མ་ཙོང་ཁ་པའི། །བསྟན་པ་དེ་འཛིན་སྐྱེས་བུ་དམ་པ་དང་། །དགོན་གནས་གྲྭ་སྡེར་བཅས་ལ་ཕྱི་ནང་སྟེ། །གང་ཡང་རུང་བ་བསམ་པར་ངན་པའི་མི། །དངོས་མེད་གདོན་བགེགས་སྔ་དགྲ་ལག་བདར་དང་། །ད་དགྲ་ཐད་དུ་བཙུག་དང་ཕྱི་དགྲ་ནི། །ཡིད་ལ་བསམ་སོགས་གཟུགས་ཅན་གཟུགས་མེད་རྣམས། །བསྒྲལ་བྱ་ཡིན་པས་གནོད་བྱེད་དགྲ་བོ་འདིས། །བླ་མ་དམ་པ་རྣམས་ཀྱི་སྐུ་ལ་བསྔོས། །གསང་སྔགས་རྡོ་རྗེའི་ཐེག་པ་སུན་ཕྱུང་ཞིང་། །སངས་རྒྱས་བསྟན་པ་ཡོངས་ཀྱི་དགྲ་བོར་གྱུར། །དཀོན་མཆོག་གསུམ་གྱིས་དགུ་འཕང་རྣམ་པར་སྨད། །དགོན་གནས་གྲྭ་སྡེར་བཅས་པ་དཀྲུག་ཅིང་འཇོམས། །སྡོམ་བརྩོན་ཚུལ་ཁྲིམས་ལྡན་རྣམས་བརྙེས་ཤིང་སྨོད། །སྐྱེ་འགྲོ་ཀུན་ལ་གནོད་འཚེ་བྱས་པ་ཡིན། །རྣལ་འབྱོར་གྲྭ་སྡེར་བཅས་ལ་གནོད་སེམས་འཛིན། །ལྷ་མཆོག་ཁྱོད་ལ་མཐུ་མེད་ཟེར་ནས་བརྙས། །འདི་ནི་ལོ་ཟླ་ཞག་དུས་མ་འགྱངས་པར། །ད་ལྟ་ཉིད་ནས་ཞལ་དུ་སྟོབ་པར་མཛོད། །མཐའ་ཡས་སྤྲུལ་པས་བཅོལ་པའི་ལས་འདི་སྒྲུབས། །ཡང་སྤྲུལ་དྲུག་གིས་རིགས་བརྒྱུད་རྩད་ནས་ཆོད། །སྦྲུལ་བ་དྲུག་གིས་སྲོག་གི་འཕར་རྩ་ཆོད། །ཀླུ་བཙན་ཆེན་པོས་ཀླུ་ཡི་ནད་རྣམས་ཐོངས། །བཙན་རྒོད་དམར་བོས་བཙན་གྱི་ཞགས་པ་ཐོབ། །ལྷ་རིགས་ཅན་གྱིས་རྫུ་འཕྲུལ་ཉམས་པར་བྱོས། །རྗེ་ཡི་རྒྱལ་བོས་དུང་གིས་མྱོས་བར་གྱིས། །གཏེར་གྱི་སྲུང་མས་མཛའ་བོ་ཀུན་དང་ཕྱེས། །དམག་དཔོན་གནམ་སའི་འཇུ་ཐག་ལྟེ་ཕུར་ཐོན། །ཆོས་རྒྱལ་ཆེན་པོས་རྒྱབ་རྟེན་ལྷ་དང་ཁྲོལ། །བསྟན་དགྲ་འདི་ནི་བསྭེ་ཁྲབ་ཅན་ལ་གཏད། །ཤོ་དང་ཁྲམ་དང་བདུད་ཀྱི་སྒོ་བྲོ་དང་། །དོན་སྙིང་ཕྱུང་ལ་ཁོང་ཁྲག་སྐྱུག་ཏུ་ཆུག།།ལྟས་ངན་ནད་ཡམས་བཅས་པ་དགྲ་ལ་བསྒྱུར། །མུགས་ཤིང་ལྐུགས་པ་བལྡིག་དྭང་བསྐྲད་པ་དང་། །རེངས་པ་གཟིར་བ་བསད་པའི་འཕྲིན་ལས་མཛོད། །མིང་འདྲ་རུས་འདྲ་ལ་སོགས་མ་ནོར་ཞིང་། །ཉེས་ཆེན་འདི་ནི་སྡེབས་སུ་མ་ཤོར་ཞིག།།དེ་ལྟར་དགྲ་བགེགས་མ་ལུས་བསྒྲལ་བྱས་རེ། །རྣམ་པར་ཤེས་པ་ཆོས་དབྱིངས་ཀློང་དུ་འཕོང་། །བདག་གིས་བཅོལ་བའི་ལས་འདི་མ་བྱས་ན། །བླ་མ་སངས་རྒྱས་རྣམས་ཀྱི་བཀའ་བསླུས་ཤིང་། །སྔོན་གྱི་དམ་ཚིག་གཉན་པོ་ཉམས་པར་འགྱུར། །བསྟན་སྲུང་ཀུན་གྱི་བླ་ཡང་བཙོང་བ་ཡིན། །རྣལ་འབྱོར་བདག་གི་རེ་ཐག་མ་ལུས་ཆད། །ཕྱི་རབས་བསྟན་ལ་གཞན་སྡེས་རྒོལ་བར་འགྱུར། །དེ་ཚེ་གདུང་པའི་ང་རོ་ཆེན་པོ་ཡིས། །དུས་གསུམ་རྒྱལ་བ་སྲས་བཅས་ལས་ལ་བསྐུལ། །དེ་ཕྱིར་ཁྱོད་ཀྱིས་མ་གཡེལ་སྙིང་མ་རིང་། །སྙན་དབང་མ་སྲ་བསྐུལ་ཚེ་བང་མ་བུལ། །སྤྱན་མཆོག་མ་རྟུལ་རྦད་ཚེ་མཐུ་མ་ཆུང་། །རིག་པ་འཛིན་པས་ཇི་ལྟར་གསོལ་བ་རྣམས། །ཐོགས་པ་མེད་པར་མྱུར་དུ་འགྲུབ་པ་དང་། །རྣམ་བཞིའི་ལས་དང་དོན་གཉིས་ལྷུན་འགྲུབ་མཛོད། །ཅེས་དང་། ཡང་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ་བ་བྲག་གཡབ་དཀའ་བཅུ་རྗེ་གྲགས་པ་རྒྱལ་མཚན་པས་མཛད་པའི་བསྐུལ་བ་ནི། ཧཱུཾ་རབ་དམར་མེ་རླུང་ཁྲག་ཞག་འཁྲུག་པའི་དབུས། །རླུང་ཤུགས་མྱུར་མགྱོགས་རྟ་མཆོག་རག་པའི་སྟེང་། །པདྨའི་བཀའ་སྡོད་ལོ་ཙྪའི་བསྟན་པ་སྲུང་། །མདུང་དམར་ཞགས་ཐོགས་དམར་ནག་སྲིན་པོའི་གཟུགས། །ཕྱོགས་བཞི་ལས་བྱེད་སྲོག་བདག་གཏུམ་པོ་བཞི། །མཚམས་བཞིར་སྲུང་མ་མྱུར་མགྱོགས་དྲེགས་པ་བཞི། །ཀུན་ཀྱང་ལས་མཐུན་བཞོན་པ་སྣ་ཚོགས་བཅིབས། །མདུང་དམར་ཞགས་སོགས་མཚོན་ཆ་སྣ་ཚོགས་འཛིན། །དགེ་སློང་མཁར་གསིལ་སྔགས་པ་ཕུར་ཐོགས་དང་། །ཤན་པ་གྲི་ཐོགས་བདུད་མོ་སྙིང་འབྱིན་དང་།།སྤྲེའུ་གར་བྱེད་བྱི་ལ་གྭ་བ་དང་།།ཉ་ལྕོང་སྤྲུལ་སོགས་སྣ་ཚོགས་གཟུགས་འཆང་ཞིང་། །བཀའ་ཉན་ལས་བྱེད་བསྟན་སྲུང་འཁོར་བཅས་ཀྱིས། །དགྲ་བགེགས་དོན་སྙིང་བརྒྱན་པའི་གཏོར་མ་དང་། །ཕྱི་ནང་མཆོད་སྤྲིན་འདོད་དགུ་འདི་བཞེས་ལ། །བདག་ཅག་དཔོན་སློབ་གྲྭ་སྡེ་འཁོར་བཅས་ཀྱི། །ཚེ་དང་བསོད་ནམས་འཁོར་འབངས་རྒྱས་པར་མཛོད། །བཤད་སྒྲུབ་བསླབ་གསུམ་བསྟན་པ་རྒྱས་པར་མཛོད། །ཕྱི་ནང་ཉེར་འཚེ་བར་ཆད་ཞི་བར་མཛོད། །དགོན་གནས་གྲྭ་སྡེ་ཁྱོད་ལ་གཉེར་གཏད་པས། །ཕྱི་དང་ནང་ནས་བསམ་ངན་འཆང་བ་དང་། །ཕོད་བཙུག་ཡ་བཟུང་ངོ་བསྔོ་བྱེད་པ་རྣམས། །ལོ་ཟླ་ཞག་དུས་ལས་ལ་མ་འགྱངས་པར། །ལས་རྟགས་མངོན་ཕྱུང་ཆོ་འཕྲུལ་སྣ་ཚོགས་སྟོན། །རིགས་རྒྱུད་རྩད་ཆོད་རྗེས་ཤུལ་མེད་པར་མཛོད། །ལས་ལ་བསྐུལ་ཚེ་མྱུར་མགྱོགས་དཔུང་མ་ཞན། །སྲོག་ལ་རྦད་ཚེ་མཐུ་རྩལ་དཔའ་མ་ཞུམ། །དགོས་དུས་མ་གཡེལ་ལས་རྟགས་མྱུར་དུ་སྟོན། །པད་འབྱུང་ལོ་ཆེན་གོང་མའི་བཀའ་མ་བསླུ། །བདག་གི་མཆོད་བསྟོད་བསྙེན་སྒྲུབ་ཆུད་མ་གསན། །ཐུབ་པའི་བསྟན་སྲུང་ཀུན་གྱི་བླ་མ་བཙོང་། །བདག་གིས་བཅོལ་བའི་འཕྲིན་ལས་མྱུར་དུ་སྒྲུབས། །ཞེས་པས་དྲག་ཏུ་བསྐུལ།དེ་ནས།ཧཱུཾ་ཆོས་སྐུ་ཡངས་པའི་ཕོ་བྲང་ནས། །བསྭེ་ཡི་ཁྲབ་ཅན་འཁོར་བཅས་ཀྱིས། །མཐུན་པའི་དམ་རྫས་འདི་བཞེས་ལ། །ཞེས་སོགས་ཀྱིས་བཟློག་པ་དང་།མཐུན་དངོས་མས་དངོས་གྲུབ་བླངས།ཐུན་ཕྱི་མ་རྣམས་ལ་མཆོད་པ་དང་བསྐང་རྫས་བྱིན་གྱིས་བརླབས།མདུན་སྐྱེད་སྔར་ཡོད་གསལ་འདེབས་ཀྱི་ཚུལ་དུ།མདུན་དུ་པདྨ་ཉི་མ་དགྲ་བགེགས་བསྣོལ་བའི་སྟེང་དུ་གཏོར་མ་དང་གཉིས་སུ་མེད་པའི་གནོད་སྦྱིན་བཙན་རྒོད་བསྭེའི་ཁྲབ་ཅན་ཞེས་པ་ནས། མཐུན་དངོས་མའི་བར་སྔར་ལྟར་རོ། གསུམ་པ་ནི། ཞག་གྲངས་རྫོགས་བའི་ཐུན་ཐ་མའི་མཇུག་རུ་བླ་མས་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མཛུབ་མོ་གཉིས་རྩེ་སྦྲད་པ་འོག་ཏུ་བསྟན་ནས། ཧཱུཾ་བཛྲ་ཨུ་ཏིཥྛ།ཞེས་བརྗོད་ལ་གཏོར་མའི་ལྷ་ནམ་མཁར་བཏེག།དེ་ནས་གསོས་ཏེ་བྱིན་གྱིས་བརླབས་ནས་ནམ་མཁར་བཏེག་པའི་ལྷ་ཚོགས་ལ་དམག་ལྟོའི་ཚུལ་བུ་འབུལ་ཞིང་གཏོར་རྫོངས་དང་གཞི་བདག་གཏོར་མ་བསྔོ། །དེ་ནས་གཏོར་མ་གྲལ་མཇུག་ཏུ་བཤམས་ཏེ་བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་དམར་ནག་ལས་དྲག་པོའི་འོད་ཟེར་ཕྱོགས་བཅུར་འཕྲོས།དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད།ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས་ཀྱི་མཐུ་སྟོབས་ནུས་པ་ཐམས་ཅད་སྲིན་པོ་དྲག་ཏུ་ཁྲོས་པའི་རྣམ་པར་སྦྱན་དྲངས།ཧཱུཾ་དམར་པོ་ལ་ཐིམ།དེ་ཡོངས་སུ་གྱུར་པ་ལས།གཏོར་ཟོར་ལྕགས་ཀྱི་ཐོག་མེ་རབ་ཏུ་འབར་བ་འགྱུར།སླར་ཡང་རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས།བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་པོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་དང་།འཇིག་རྟེན་གྱི་ལྷ་སྲིན་དྲེགས་པ་སྡེ་བརྒྱད་མཐུ་རྩལ་ཅན་གྱི་ནུས་མཐུ་ཐམས་ཅད་འོད་ཟེར་ནག་པོའི་རྣམ་པར་གཏོར་ཟོར་ལ་ཐིམ་པར་གྱུར་པར་བསམས།ཧཱུཾ་རྣལ་འབྱོར་བདག་གི་གཏོར་ཟོར་གཉན་པོ་འདི། །རིག་འཛིན་རྩ་བརྒྱུད་བླ་མས་བྱིན་གྱིས་རློབས། །ཡི་དམ་ལྷ་དང་མཁའ་འགྲོས་ནུས་པ་སྐྱེད། །བསྟན་སྲུང་དམ་ཅན་རྒྱ་མཚོས་དྲག་པོར་སྒྲུབས། །ཁྱད་པར་གནོད་སྦྱིན་བསྭེ་ཡི་ཁྲབ་ཅན་ཁྱོད། །ཆོ་འཕྲུལ་སྟོང་གིས་དགྲ་ལ་ལྟས་ངན་ཐོངས། །འཁོར་བཅས་ཟོར་ཆེན་རྫས་ཀྱི་མཐུ་སྐྱེད་ལ། །དགྲ་བགེགས་འབྱུང་པོའི་སྲོག་ལ་དབང་མཛོད་ཅིག།།བཀའ་སྡོད་དམ་ཅན་རྒྱ་མཚོ་མཐུ་མ་ཆུང་། །སྒྲོལ་བྱེད་ཕོ་ཉ་ལས་མཁན་རྩལ་མ་ཞན། །བདག་གི་གཏོར་ཟོར་གཉན་པོའི་མཐུ་སྐྱེད་ལ། །དོ་ནུབ་དགྲ་བོའི་སྲོག་ལ་དབང་མཛོད་ཅིག།།སྡང་དགྲ་གནོད་བྱེད་བགེགས་ལ་འཕེན་པའི་ཟོར། །དམ་ཉམས་སྡིག་ཅན་ཐལ་པར་རློག་པའི་ཟོར། །དམ་ཅན་སྡེ་བརྒྱད་དམག་དཔུང་སྐྱེད་པའི་ཟོར། །མི་མཐུན་རྐྱེན་དང་བར་ཆད་ཟློག་པའི་ཟོར། །ཧཱུཾ་རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང་། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས། །སྣང་སྲིད་དྲེགས་པ་སྡེ་བརྒྱད་འཁོར་བཅས་ཀྱིས། །དོ་ནུབ་དྲག་པོའི་ཟོར་གྱི་ལས་མཛོད་ཅིག།།ཅེས་དང་། བསྐུལ་བ་རབ་དམར་མེ་རླུང་མ་གཏོང་། སྤྲོ་ན་ཟོར་བསྒྱུང་ཟོར་ལམ་ཕྱེ་བ་ནམས་བྱ། ཕྱི་རོལ་ཏུ་ཐོན་ནས་བླ་མས་གསེར་སྐྱེམས་གཏོང་ཞིང་། ཚོགས་མང་ནས་བསྐུལ་བ་རབ་འབྱམས་རྒྱལ་ཀུན་མས་དྲག་ཏུ་བསྐུལ། དེ་ནས་སྔོན་དུ་ཤ་ཆེན་གུ་གུལ་ལ་སོགས་པའི་སྤོས་ཕོར་ཁྲག་ཆང་གི་ཕུད་ཀྱི་གསེར་སྐྱེམས་གཏོར་མ་ཕྱར་དེར་རྡོ་རྗེ་འཛིན་པ་རོལ་མོ་བ་སོགས་རིམ་པ་ལྟར་འགྲོ།གཏོར་མ་འཕེན་སར་སླེབས་ནས།བླ་མས་གསེར་སྐྱེམས་གཏོང་།ཤོག་ལིང་ཡོད་ན་མགོ་མཇུག་ལྡོག་ནས་བསྲེག་ཁང་ནང་དུ་འཇོག།།དེ་ནས།ཧཱུཾ་ཆོས་སྐུ་ཡངས་པའི་ཕོ་བྲང་ནས། །བསྭེ་ཡི་ཁྲབ་ཅན་འཁོར་བཅས་ཀྱིས། །གཏོར་ཟོར་འདི་ཡི་སྣ་དྲོངས་ལ། །རྣལ་འབྱོར་དཔོན་སློབ་འཁོར་བཅས་ལ། །གཞན་གྱི་བསམ་སྦྱོར་སོགས་ཀྱིས་བཟློག་པ་དྲག་ཏུ་བྱ།དེ་དག་གི་ཚེ་རང་ཡི་དམ་གྱི་ང་རྒྱལ་ཤིན་ཏུ་བརྟན་པོ་ལ་གནས་པས། །སྐད་ཅིག་གིས་མདུན་དུ་འབྲུབ་ཁུང་གཏིང་རིང་བ་འཇིགས་སུ་རུང་བའི་ནང་དུ་ཁྲག་གི་ན་བུན་འཐིབས་ཤིང་མཚོན་ཆའི་ཆར་འབབ་བའི་དབུས་སུ་དམིགས་བྱའི་བགེགས་གང་ཡིན་པ་གསལ་བཏབ་ལ། །རང་དང་ཆོས་སྐྱོང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པའི་སྣེ་ལས་ཕོ་ཉ་ལས་མཁན་སྤྲུལ་བ་ཡང་སྤྲུལ་ཀྱི་ཚོགས་སྟོང་གསུམ་གང་བ་སྤྲོས་པས།དགྲ་པོ་གང་ཡིན་བ་དེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་སྲུང་དང་།བསོད་ནམས་དབང་ཐང་དང་པྲལ་བར་བཀུག་སྟེ་བྲུབ་ཁུང་ནང་དུ་ལིངྒ་དང་དབྱེར་མེད་དུ་བསྟིམ་ནས་སྤྱིའུ་ཚུགས་སུ་གནས་པར་བསམས་ལ། སྲོག་སྔགས་བསང་སྔགས་སྤེལ་ཚིགས་སྦྱར་བ་དྲག་ཏུ་བརྗོད་པས།གཏོར་མ་ཆོས་སྐྱོང་འཁོར་བཅས་སུ་གསལ་པའི་ཐུགས་རྒྱུད་བསྩལ་བས་སྐད་ཅིག་གིས་འཁོར་དང་བཅས་པ་ཐོགས་པ་མེད་ཅིང་གནམ་ལྕགས་ཀྱི་ཐོག་རབ་ཏུ་འབར་བ་མཚོན་ཆའི་ཆར་གྱི་རང་བཞིན་དུ་གྱུར་པར་བསམས་ལ་འཕང་པས་དགྲ་བོའི་བཤང་ལམ་ནས་ཞུགས། སྙིང་གར་སྲོག་གི་ངོ་བོ་རྣམ་ཤེས་མར་མེ་ལྟ་བུར་གསལ་བ་ལ་ཕོག་པས། ནག་ཐུམ་གྱིས་བསད། ཁོའི་རྣམ་ཤེས་ཤིན་ཏུ་ཕྲ་བ་འཆི་བ་འོད་གསལ་ཕྱི་ངོ་བོར་གྱུར་བ་དེ། རང་གི་ཐུགས་ཀའི་འོད་ཟེར་གྱིས་བཀུག་སྟེ། རིགས་བདག་མི་བསྐྱོད་པའི་ཐུགས་ཀར་བསྟིམ་པས་འབྲས་བུ་ཆོས་སྐུར་སངས་རྒྱས་པར་བསམས།དེ་དང་མཉམ་དུ་ཤ་ཁྲག་ནང་ཕྲོལ་དང་བཅས་པ་ལས་བྱེད་ཀྱི་སྤྲུལ་པ་བྱ་རྒོད་སོགས་ཀྱི་རྣམ་པས་ནམ་མཁའི་དབྱིངས་སུ་ཁྱེར་པར་མོས་ཏེ་འཁོར་གསུམ་མི་དམིགས་པའི་རྒྱས་བཏབ།ཟློག་དར་ཡི་དམ་གྱི་གླང་ཝགས་སུ་གསལ་བ་ལན་གསུམ་བརྡབས་པས། དགྲ་པོའི་རྗེས་སུ་ཆགས་པའི་མི་མིན་གྱི་ཚོགས་རྒྱ་མཚོའི་ཕ་མཐར་བསྐྲད་པར་བསམས། དེ་ནས་ཕྱི་མིག་མི་བལྟ་པར་ཚུར་གོམ་པ་གསུམ་འོངས་ཏེ་སྲུང་འཁོར་སྒོམ། སྒྲུབ་ཁང་གི་སྒོར་བསང་འདུག་སོགས་བྱ། ནང་དུ་སླེབས་ནས་མངའ་གསོལ་དང་། མཐུན་དངོས་མ་འདོན། དེ་ནས་གཤེགས་གཏོར་ཕྱག་ལེན་ལྟར་བཤམས་ལ་བྱིན་བརླབས། དེ་ནས།
ཧྲཱིཿལྷུན་གྲུབ་བདེ་བ་ཆེན་པོའི་ཕོ་བྲང་ནས། །དུས་གསུམ་རྒྱལ་པའི་མཁྱེན་བརྩེ་ནུས་པ་ནི། །བསྟན་སྲུང་སྲོག་བདག་དམར་པོའི་སྐུར་སྤྲུལ་པ། །རྩེ་གཅིག་མོས་བའི་དབང་གིས་སྤྱན་འདྲེན་ནོ། །མདུན་དུ་པདྨ་ཉི་མའི་གདན་སྟེང་དུ། །ཧྲཱིཿ ལས་སྐྱེས་པའི་དབང་གི་སྐྱེས་བུ་ནི། །སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། །དྲན་པས་དེ་སྲིད་རྟག་ཏུ་བཞུགས་སུ་གསོལ། །དབང་ཕྱུག་བརྒྱད་ལྡན་བླ་མ་ཡི་དམ་ལྷ། །དབང་གི་སྐྱེས་བུ་བསྭེ་ཡི་ཁྲབ་ཅན་ལ། །དབང་པོ་ཚིམ་བྱེད་མཆོད་སྤྲིན་རྒྱ་མཚོས་མཆོད། །དབང་དྲག་ཞི་རྒྱས་འཕྲིན་ལས་མཐར་ཕྱིན་མཛོད། །བདེ་སྟོང་དབྱེར་མེད་ཡེ་ཤེས་རོལ་བ་ལས། །མཐུན་པའི་དམ་རྫས་ཕྱི་ནང་མཆོད་པའི་ཚོགས། །ལྷ་ལམ་འཛིན་མའི་ཁྱོན་བཀང་སྤྲུལ་བ་ཡིས། །སྤྲུལ་བའི་ཆོས་རྒྱལ་འཁོར་བཅས་མཆོད་པར་བགྱི། །རཀྟའི་མཆོད་ཡོན་དབང་བོའི་མེ་ཏོག་དང་། །ཤ་སྣའི་དུད་སྤྲིན་ཚིལ་ཆེན་མར་མེ་དང་། །ཞག་ཆེན་དྲི་ཆབ་ཤ་རུས་ཞལ་ཟས་ཚོགས། །ལྷ་རྫས་རོལ་མོའི་ཚོགས་ཀྱིས་ཐུགས་དམ་བསྐངས། །མཛེས་བའི་རྒྱན་ལྡན་རྟ་ལུག་བྱ་སོགས་དང་། །རྡོ་རྗེའི་གོ་མཚོན་དམར་ཆེན་གཏོར་མ་དང་། །ལྷུན་པོོ་གླིང་བཞི་ཕྱི་ནང་གསང་རྟེན་སོགས། །ཀུན་བཟང་མཆོད་པའི་སྤྲིན་གྱིས་ཐུགས་དམ་བསྐངས། །ཞེས་པས་སྤྱན་དྲངས་ནས་མཆོད་ཅིང་བསྐངས་ལ།དོན་སྙིང་ཤ་ཁྲག་བདུད་རྩི་ལྔ་དང་སྦྱར། །སྦྱངས་རྟོག་སྤར་བའི་དམར་ཆེན་གཏོར་མ་འདི། །སྤྲུལ་བའི་ཆོས་རྒྱལ་འཁོར་དང་བཅས་ལ་འབུལ། །བཤད་སྒྲུབ་བསྟན་པ་སྲུང་ཕྱིར་བཞེས་སུ་གསོལ། ལན་གསུམ། ཆོས་སྐྱོང་འཁོར་བཅས་ཀྱི་ལྗགས་ཞེས་སོགས་ཀྱིས་གཏོར་ལ་ཕུལ།ཧོ་རྒྱལ་བོ་གནོད་སྦྱིན་སོགས་ཀྱིས་འཕྲིན་ལས་བཅོལ།འཇིགས་རུང་དུས་མཐའི་མེ་ལྟར་འབར་བའི་སྐུ། །མི་བཟད་དྲག་སྔགས་ངོ་རོ་སྒྲོགས་པའི་གསུང་། །མཁྱེན་བརྩེ་ནུས་པ་དཔག་བར་དཀའ་བའི་ཐུགས། །སྐུ་གསུང་ཐུགས་ཀྱི་སྒོ་ནས་ཁྱོད་ལ་བསྟོད། །ཐུགས་རྗེའི་བདག་ཉིད་སྐད་གཉིས་སྨྲ་བ་ཡི། །བསྟན་དང་བསྟན་འཛིན་བུ་བཞིན་སྐྱོང་བ་དང་། །བཤད་སྒྲུབ་བསྟན་པའི་འབྱུང་ཁུང་ཆོས་གྲྭ་ཆེ། །དར་ཞིང་རྒྱས་པའི་འཕྲིན་ལས་ལྷུན་གྲུབ་མཛོད། །ཁྱོད་ལ་མཆོད་བསྟོད་རྒྱུན་དུ་བསྟེན་པའི་མཐུས། །རྣལ་འབྱོར་དཔོན་སློབ་འཁོར་དང་བཅས་རྣམས་ཀྱི། །རྐྱེན་ངན་པར་ཆད་ཐམས་ཅད་ཞི་བ་དང་། །ཇི་ལྟར་འདོད་པའི་དོན་ཀུན་འགྲུབ་པར་མཛོད། །ཅེས་བསྟོད་ཅིང་འཕྲིན་ལས་བཅོལ་ལ།གཞི་བདག་གཏོར་མ་བསྔོ།དེ་ནས།ཧཱུཾ་གང་ཞིག་ཡིད་ལ་དྲན་བ་ཙམ་གྱིས་ཀྱང་། །ཕ་རོལ་དཔུང་འཇོམས་དགྲ་བགེགས་ཚར་གཅོད་ཅིང་། །འདོད་པའི་དོན་རྣམས་ཡིད་བཞིན་གྲུབ་མཛད་པའི། །བསྟན་སྲུང་བསྭེ་ཡི་ཁྲབ་ཅན་འཁོར་དང་བཅས། །འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག།།ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ཤིག།།ཛམ་བུ་ཏི་བའི་ཞལ་ཟས་྾ སྨན་རག་ཕུད་ཀྱི་མཆོད་པ྾ གཙང་མ་ཕུད་ཀྱི་གསེར་སྐྱེམས྾སྔར་བཅོལ་ལེགས་པའི་གཏང་རག་གཉན་པོར་གཏོང་། །ད་བཅོལ་ལེགས་པའི་གསོལ་འདེབས་གཉན་པོར་བཞེས། །འཁོར་རྣམས་སྐྱོང་ཞིང་རྐྱེན་རྣམས་ཟློག་པ་དང་། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས། །བདུད་དང་བར་དུ་གཅོད་པ་རྣམས་མང་པོ། །ཐམས་ཅད་རྡུལ་ཕྲན་བཞིན་དུ་བརླག་པ་དང་། །བསྟན་པ་རྒྱས་པའི་ལས་འདི་ཁྱོད་ཀྱིས་སྒྲུབས། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །སྲིད་ཞིའི་དཔལ་འབྱོར་མ་ལུས་འབྱུང་བའི་གཞི། །ཐུབ་པའི་བསྟན་པ་ཡུན་རིང་གནས་པ་དང་། །དེ་འཛིན་བྱེེད་པའི་སྐྱེས་བུ་དམ་པ་རྣམས། །དཔལ་འབྱོར་གྱིས་བརྒྱན་ཡུན་རིང་ཞབས་བརྟན་ཤོག།།བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་རྣམས། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །བསམ་པའི་དོན་རྣམས་ཡིད་བཞིན་འགྲུབ་པ་དང་། །འགྲོ་བའི་དོན་ལ་མཐུ་དང་ལྡན་པར་མཛོད། །མངའ་གསོལ་ནི། ཧཱུཾ་དངོས་གྲུབ་རྒྱ་མཚོ་བདེ་བླག་སྩོལ་མཛད་ཅིང་། །ས་ལམ་བར་ཆད་མ་ལུས་ཀུན་སེལ་བའི། །རྡོ་རྗེ་འཆང་དབང་རྩ་བརྒྱུད་བླ་མ་དང་། །དབྱེར་མེད་རྗེ་བཙུན་དམ་པར་མངའ་གསོལ་ལོ། །ལུང་རྟོགས་ཡོན་ཏན་མངའ་བདག་རྫོགས་སངས་རྒྱས། །ཞི་ཞིང་འདོད་ཆགས་ཀུན་བྲལ་དམ་པའི་ཆོས། །གཞན་དོན་སྤྱོད་པས་མི་ངལ་དགེ་འདུན་སྡེ། །སྐྱབས་གསུམ་འདུས་པའི་ངོ་བོར་མངའ་གསོལ་ལོ། །ཆོས་དབྱིངས་དེང་ནས་གང་འདུལ་སྣ་ཚོགས་གཟུགས། །ཆུ་ཟླ་ལྟ་བུར་མ་འདྲེས་ཡོངས་ཤར་བ། །གྲངས་མེད་རྒྱུད་སྡེའི་དཀྱིལ་འཁོར་ཀུན་གྱི་གཙོ། །ཡི་དམ་ལྷ་ཡི་གཙོ་བོར་མངའ་གསོལ་ལོ། །འཛམ་བུའི་གླིང་གི་གཙུག་ལག་ཁང་རྣམས་དང་། །བསྟན་དང་བསྟན་འཛིན་དགེ་འདུན་འདུས་པའི་སྡེ། །མ་ལུས་སྐྱོང་མཛད་མདོག་དམར་སྲིན་པོའི་གཟུགས། །ཆོས་སྐྱོང་ཡོངས་ཀྱི་གཙོ་བོར་མངའ་གསོལ་ལོ། །ཚུལ་བཞིན་བསྟེན་ཅིང་མཆོད་པའི་གང་ཟག་ལ། །མཆོག་ཐུན་དངོས་གྲུབ་ཡིད་བཞིན་དབང་གི་རྒྱལ། །བདེ་བླག་སྩོལ་མཛད་ཡིད་བཞིན་ནོར་བུ་ལྟར། །རེ་བ་ཀུན་བསྐང་མགོན་པོར་མངའ་གསོལ་ལོ། །བདག་ཅག་དཔོན་སློབ་འཁོར་བཅས་མགོན་ཁྱོད་ལ། །གཉེར་དུ་གཏད་དོ་གཡེལ་མེད་བསྲུང་བ་དང་། །མི་མཐུན་ཀུན་ཞི་ཅི་འདོད་དངོས་གྲུབ་ཀུན། །བསམ་པ་ཙམ་གྱིས་འགྲུབ་པར་མཛད་དུ་གསོལ། །ཧཱུཾ་མཐུན་པའི་དངོས་གྲུབ་མ་ལུས་པ། །ཞེས་སོགས་བརྗོད། དེ་ནས་གཏང་རག་གི་མཆོད་བསྟོད་དང་།ཡི་གེ་བརྒྱ་བས་ལྷག་ཆད་བསྐང་།གང་ཡང་བདག་བློ་རྨོངས་པ་ཡིས། །ཞེས་སོགས་ཀྱིས་ནོངས་པ་བཟོད་པར་གསོལ།བླ་མ་དང་ཆོས་སྐྱོང་འཁོར་དང་བཅས་པ་ཁྱེད་རྣམས་ལ་མཁྱེན་པའི་ཡི་ཤེས། །བརྩེ་བའི་ཐུགས་རྗེ། །སྐྱོབས་པའི་ནུས་མཐུ་བསམ་ཀྱིས་མི་ཁྱབ་པ་མངའ་བ་ལགས་པས། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་དང་འཕྲིན་ལས་སྤེལ་བ་དང་།ཕ་མ་བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་ཚོགས་གཉིས་རྫོགས།སྒྲིབ་གཉིས་བྱང་སྟེ། །བླ་མ་དང་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་བདེ་བླ་ཏུ་ཐོབ་པའི་འཕྲིན་ལས་མཛོད་ཅིག།དགེ་བ་འདི་ཡིས་ཚེ་རབས་ཀུན་ཏུ་བདག།།རྒྱལ་བའི་དམ་ཆོས་མ་ལུས་འཛིན་པ་དང་། །དེ་ཡི་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་ཀུན། །ཆོས་སྐྱོང་ཆེན་པོས་གཡེལ་མེད་བསྒྲུབ་གྱུར་ཅིག།།ཅེས་དང་། །ཡེ་ཤེས་པ་རྣམས་རྟེན་ལ་བརྟན་བཞུགས་བྱ། བསྔོ་སྨོན་རྣམ་པར་དག་པའི་རྒྱས་གདབ་ཅིང་།ཤེས་པ་བརྗོད་པའི་མེ་ཏོག་གི་ཆར་དབབ་པར་བྱའོ། ། སྨྲས་བ།
མཐུ་སྟོབས་དྲག་རྩལ་མཚོན་ཀྱིས་དགྲ་སྡེའི་སྙིང་། །དུམ་བུར་གཅོད་ལ་ངོམས་པ་མི་མངའ་བ། །འཕྲིན་ལས་གློག་ལྟར་མྱུར་བའི་བཙན་རྒོད་ཀྱི། །མཚན་སྙན་ཁོར་ཡུག་རི་བོའི་ཁོངས་ལས་བརྒལ། །འདི་ན་རྫས་སྔགས་ཏིང་འཛིན་འཐོར་རླུང་གིས། །མི་བཟད་དྲག་སྦྱོར་མེ་དཔུང་ཆེར་སྤར་ཏེ། །མངོན་སྤྱོད་ལས་ཀྱི་མེ་སྟག་འབུམ་སྦྲོས་པས། །དགྲ་དཔུང་རྩ་ཕུང་སྲེག་ལ་དོགས་མི་འཚལ། །འདིར་འབད་དགེ་ཚོགས་མཁའ་ནོར་འོད་སྣང་གིས། །བདུད་དཔུང་མུན་པའི་སྨག་རུམ་མཐར་བྱས་ཏེ། །བསྟན་འགྲོའི་ཕན་བདེའི་པད་དཀར་བཞད་པའི་ལྟོར། །ངེས་ལེགས་སྦྲང་རྩིའི་དགའ་སྟོན་རྒྱས་གྱུར་ཅིག།།ཅེས་རྒྱལ་བའི་བསྟན་སྲུང་ཆེན་པོ་ཆོས་སྐྱོང་བསྭེ་ཁྲབ་ཅན་གྱི་སྒོ་ནས་དྲག་པོའི་གཏོར་མའི་ལས་སྦྱོར་བྱ་ཚུལ་དགྲ་དཔུང་ཕྱེ་མར་འཐག་པའི་གནམ་ལྕགས་འབར་བའི་མཚོན་ནོན་ཞེས་བྱ་བ་འདི་ནི། དགོས་བ་འགའ་ཞིག་གི་ཕྱིར་ཆོས་སྐྱོང་ཁྱད་པར་ཅན་འདིའི་དྲག་པོའི་ལས་སྦྱོར་ལ་འཇུག་དགོས་སྐབས་གཏོར་མའི་ལས་ཀྱི་རྡོ་རྗེ་སློབ་དཔོན་ཆེན་པོ་བླ་མ་དཀོན་མཆོག་ཆོས་འཕེལ་གྱིས་གཙོར་བྱས།དམ་ཚིག་གཙང་བའི་སྒྲུབ་གྲོགས་པ་རྣམས་དང་མགྲིན་གཅིག་ཏུ་བསྐུལ་བའི་ཚེ་ཐོ་ཙམ་དང་ཚིག་བསྒྱུར་གྱི་མཆན་བྱ་ཙམ་བཀོད་པར།སླར་ཡང་ལྷག་བསམ་རབ་ཏུ་དཀར་བའི་དགེ་སློང་བློ་བཟང་རྒྱལ་མཚན་གྱིས་དངོས་སྐྱེས་བཅས་ནག་འགྲོའི་ཡི་གེར་འཁོད་པ་ཞིག་དགོས་ཞེས་ཡང་ཡང་བསྐུལ་བའི་ཚེ། ཀུན་གཟིགས་ལྔ་བའི་གཏོར་ཆོག་ལ་གཞིར་བྱས། བྲག་ཡབ་ཀྱི་གཏོར་ཆོག་གིས་ཟུར་བརྒྱན། ཆོས་སྐྱོང་འདིའི་སྒོས་ཀྱི་བསྒྲལ་ཆོག་མི་སྣང་ནའང་རྗེ་ངག་དབང་དགེ་ལེགས་དཔལ་བཟང་གི་གསུངས་ལས།དེ་ཡང་རྒྱས་པར་བྱེད་པར་སྔོ་ཞིང་གཏོར་མ་ཟུར་དུ་བཤམས་ཡོད་ན། བྱོན་གཏོར་དང་། བསྐང་གཏོར་སོགས་ཀྱང་འབུལ་ཞིང་། གཏོར་བཟློག་གིས་མ་གཏོར་སོགས་འཕྲིན་ལས་བཅོལ་བ་དང་། རྒྱག་གཏོར་ཟོར་དུ་བསྒྲུབ་སོགས་ཇི་ལྟར་བྱ་ཚུལ་ཆོས་སྐྱོང་ཁྱད་པར་ཅན་གཞན་གྱི་ཐུན་མོང་མ་ཡིན་བའི་སྒོས་ཆོས་རྣམས་དོར་ནས་སྤྱི་འགྲོ་རྣམས་སྦྱར་དུ་རུང་ཞིང་ལེགས་པར་སེམས།རྒྱུད་སྡེ་སྤྱི་དང་ཁྱད་པར་ཆོས་སྐྱོང་རྣམས་ཀྱི་སྒྲུབ་འཕྲིན་མན་ངག་ལ་ཤིན་ཏུ་མཁས་བའི་རྒྱུད་ལྡན་གྱི་བླ་མ་དམ་བ་རྣམས་ཀྱི་ཞལ་ཤེས་ནས་ཕྱག་ལེན་ཤེས་བར་བྱས་ལ། གཞུང་དངོས་ཀྱང་གཅིག་ཁོ་ནའི་རྗེས་སུ་ཟློས་པ་ལྷུར་ལེན་མི་དགོས། ཞེས་གསུངས་པ་ཡིད་ལ་བཞག་སྟེ། ཆོས་སྐྱོང་ཁྱད་པར་ཅན་འདི་ཉིད་ལྕམ་སྲིང་དང་ཐུགས་རྒྱུད་གཅིག་བར་གསུངས་བས་ཀྱང་འབྲེལ་ཆགས་པས།གཡེང་གཤོང་དཔོན་སློབ་འཇམ་དབྱངས་བློ་གྲོས་ཀྱིས་མཛད་པའི་ལྕམ་སྲིང་གི་བསྒྲལ་ཆོག་ལ་ཚིག་བསྒྱུར་བྱས།༧སྐྱབས་རྗེ་རྡོ་རྗེ་འཆང་ངག་དབང་ཆོས་འཕེལ་དཔལ་བཟང་པོས་མཛད་པའི་འདིའི་གློ་བུར་ལས་བཅོལ་དབང་དྲག་ལས་ཀྱི་སྦུ་གྲིའི་ངར་འདོགས་ནས་ཁ་བསྐང་སྟེ།དབྱངས་ཅན་བཞད་པའི་རྡོ་རྗེས་སྦྱར་བའི་ཡི་གེ་བ་ནི་དགེ་སློང་གྲགས་པ་ཀླུ་སྒྲུབ་ཀྱིས་བགྱིས་པ་འདི་ཡང་། རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། ལུས་ཅན་ཡོངས་ཀྱིས་བདེ་སྐྱིད་ཀྱི་དཔལ་ལ་འདོད་དགུར་ལོངས་སྤྱོད་པའི་རྒྱུར་གྱུར་ཅིག། །།པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།།

དཔྱད་མཆན་སྤེལ།