༄༅། །བསླབ་བྱ་མདོར་བསྡུས་ལེགས་ལམ་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།།

༄༅། །ཨོཾ་སྭ་སྟི། རྒྱལ་ཀུན་གསང་གསུམ་མཁྱེན་བརྩེ་ནུས་པའི་དཔལ། །གཅིག་བསྡུས་བསྟན་འགྲོའི་མགོན་དུ་ངུར་སྨིག་གར། །བསྒྱུར་མཛད་བཀའ་དྲིན་གསུམ་ལྡན་བླ་མ་ལ། །གུས་པས་འདུད་དོ་དངོས་གྲུབ་ཆར་དུ་བསྙིལ། །དད་ལྡན་སློབ་མས་ཡང་ཡང་བསྐུལ་བ་དང་། །རང་དང་རང་འདྲེའི་སྐལ་མཉམ་སྐྱེ་བོ་རྣམས། །བློ་ཁ་ཆོས་ལ་ཕྱོགས་ཕྱིར་བསླབ་བྱའི་ཚུལ། །ལྷག་བསམ་དག་པས་མདོ་ཙམ་བསྙད་པར་བྱ། །ཆོས་འབྲེལ་དངོས་ཐོབ་དགེ་བའི་བཤེས་གཉེན་ལ། །སྐྱོན་རྟོག་སྤངས་ནས་སངས་རྒྱས་ཀུན་འདུས་ཀྱི། །འདུ་ཤེས་བཞག་ནས་བཀའ་བཞིན་བསྒྲུབ་པ་དང་། །བསམ་སྦྱོར་དག་པས་ཚུལ་བཞིན་བསྟེན་པར་མཛོད། །རྒྱུ་དཔེ་ངོ་བོ་གང་གིས་རྙེད་དཀའ་ཞིང་། །འཕྲལ་ཕུག་དོན་ཆེའི་དལ་འབྱོར་ཚང་བའི་རྟེན། །ད་རེས་ལན་ཅིག་ཐོབ་འདི་ཆུ་ཝུལ་ལྟར། །མྱུར་དུ་འཇིག་པས་སྙིང་པོ་ལོན་པར་མཛོད། །ངེས་པར་འཆི་ཞིང་ནམ་འཆི་ངེས་པ་མེད། །འཆི་ཚེ་ཕན་པ་ཆོས་ལས་གཞན་མེད་པར། །རྒྱུ་མཚན་དགུ་དང་ཐག་བཅད་རྣམས་གསུམ་གྱིས། །འཆི་བ་མི་རྟག་ཡང་ཡང་དྲན་པར་མཛོད། །སྔོན་བསགས་སྡིག་ལྟུང་རྒྱལ་པོའི་བང་མཛོད་ལྟར། །བསགས་པས་ངན་འགྲོར་མི་སྐྱེས་རང་དབང་ཅི། །ངན་འགྲོར་སྐྱེས་ན་སྡུག་བསྔལ་བཟོད་དཀའ་བའི། །ངང་ཚུལ་སོམས་ལ་སྡིག་སྤོངས་དགེ་སྒྲུབ་མཛོད། །སྡུག་བསྔལ་ཉེས་སྐྱོན་རྒུད་པ་ཅི་བྱུང་ཡང་། །མཆོག་གསུམ་ཉིད་ལས་སྐྱབས་གཞན་མ་མཆིས་ཕྱིར། །ངན་སོང་འཁོར་བའི་འཇིགས་ལས་སྐྱོབ་ངེས་པའི། །རྒྱུ་མཚན་མཐོང་ནས་སྙིང་ནས་སྐྱབས་འགྲོ་མཛོད། །དགག་སྒྲུབ་བསླབ་བྱ་སྤྱི་དང་ཁྱད་པར་དུ། །དཀར་ནག་ལས་ཀྱི་རྒྱུ་མཐུན་བདག་འབྲས་དང་། །རྣམ་སྨིན་ནམ་ཡང་མི་བསླུར་འབྱུང་ངེས་པར། །ཡིད་ཆེས་ངང་ནས་སྤང་བླང་འདོར་ལེན་མཛོད། །མི་དགེའི་ལས་ལ་སྦྱོར་བའི་སྡོག་གྲོགས་དང་། །ངོ་ཚ་ཁྲེལ་མེད་དབང་གིས་ལས་འབྲས་རྣམས། །ཁྱད་དུ་བསད་ནས་ཟིན་མེད་བྱ་བ་ལ། །གཡེང་བ་སྤངས་ནས་ལས་འབྲས་སྤངས་བླང་མཛོད། །སྔོན་བསགས་སྡིག་ལྟུང་སྒྲིབ་པ་ཆེས་འཐུག་པས། །སེམས་ལ་ཡར་སྐྱེད་ཐོན་པར་མི་འཇུག་པས། །སྙིང་ནས་འགྱོད་ཅིང་ཕྱིན་ཆད་སྡོམ་སེམས་ཀྱིས། །ཁ་ཙམ་མིན་པར་སྟོབས་བཞིའི་བཤགས་སྡོམ་མཛོད། །མཚན་ལྡན་བཤེགས་གཉེན་ཚུལ་བཞིན་གུས་བསྟེན་ཏེ། །ཟབ་རྒྱས་གཞུང་དོན་ཚིག་སྤྱིར་མ་སོང་བར། །བདེན་བཞིའི་འཇུག་ལྡོག་ལམ་གྱི་བགྲོད་ཚུལ་སོགས། །ལེགས་པར་སྦྱངས་ནས་ཤེས་རྒྱུད་དུལ་བར་མཛོད། །འཁོར་བ་སྤྱི་ཡི་སྡུག་བསྔལ་བརྒྱད་དང་དྲུག །གསུམ་གྱིས་རྒྱུན་ཆད་མེད་པར་མནར་བ་དང་། །རིག་དྲུག་སོ་སོར་རང་རང་སྡུག་བསྔལ་གྱིས། །མནར་ཚུལ་བསམས་ཏེ་ཉེས་དམིགས་དྲན་པར་མཛོད། །སྡུག་བསྔལ་དེ་ཡང་རང་རྒྱུ་ལས་ཉོན་གྱིས། །བསྐྱེད་ཅིང་ལས་ཀྱི་རྩ་བ་ཉིན་མོངས་དང་། །ཀུན་གྱི་རྩ་བ་མ་རིག་ལ་རེག་པའི། །བདག་འཛིན་གདོན་ཆེན་དྲུངས་ནས་འབྱིན་པར་མཛོད། །རྣམ་དག་བསླབ་པ་མིག་གི་འབྲས་བུ་བཞིན། །བསྲུང་འདི་ཡོན་ཏན་ཀུན་གྱི་རྒྱུར་མཐོང་ནས། །མངོན་ལྐོག་མེད་པར་དྲན་ཤེས་བག་ཡོད་ཀྱིས། །ཚུལ་ཁྲིམས་དག་པ་ལམ་གྱི་གཞིར་བཟུང་མཛོད། །གལ་སྲིད་ལྟུང་བའི་སྒོ་བཞི་ཅི་རིགས་ཀྱིས། །དབང་དུ་སོང་ནས་ཉེས་པས་གོས་གྱུར་ན། །རང་རང་ཕྱིར་བཅོས་ཆོ་ག་བཞིན་བྱས་ནས། །འཕེལ་ཁ་བཅད་ནས་ཞག་ཏུ་མི་འགྲོགས་མཛོད། །དེ་ཡང་བསླབ་གསུམ་ཡ་བྲལ་མ་སོང་བར། །ཤུགས་དྲག་ངེས་འབྱུང་བསམ་པས་རྒྱུད་བསྐུལ་ཏེ། །སྡུག་ཀུན་འཁོར་བའི་ཉེས་དམིགས་ལེགས་མཐོང་ནས། །སྡུག་བསྔལ་ཞི་བའི་འགོག་པ་ཐོབ་པར་མཛོད། །རང་ཉིད་སྡུག་བསྔལ་ཁུར་གྱིས་ནོན་པ་བཞིན། །མ་གྱུར་འགྲོ་བའང་དེ་ཡིས་མནར་བའི་ཚུལ། །ཡང་ཡང་དྲན་ནས་སྐོལ་བའི་ཁུར་འཁྱེར་བའི། །བྱམས་དང་སྙིང་རྗེའི་ལྷག་བསམ་བསྐྱེད་པར་མཛོད། །ད་ལྟ་རང་ལ་འགྲོ་བ་གཅིག་ཙམ་ཡང་། །འདྲེན་ནུས་མེད་ཕྱིར་མཁའ་མཉམ་སེམས་ཅན་རྣམས། །སྲིད་ཞིའི་འཇིགས་ལས་སྒྲོལ་བའི་མཐུ་ལྡན་པའི། །སངས་རྒྱས་ཐོབ་ཕྱིར་སེམས་མཆོག་བསྐྱེད་པར་མཛོད། །སྐུ་གཉིས་འགྲུབ་བྱེད་ཐབས་ཤེས་ཟུང་འབྲེལ་ལམ། །རང་རྒྱུད་སྨོན་བྱེད་སྦྱིན་སོགས་ཕྱིན་དྲུག་དང་། །གཞན་རྒྱུད་སྨིན་བྱེད་བསྡུ་དངོས་བཞི་ལ་སོགས། །རྒྱལ་སྲས་སྤྱོད་ལ་ཚུལ་བཞིན་སློབ་པར་མཛོད། །དེ་ལྟར་ཐུན་མོང་ལམ་གྱིས་རྒྱུད་སྦྱངས་ནས། །དེ་ཉིད་བཅུ་ཟུང་ཚང་བའི་སློབ་དཔོན་ལས། །སྐུ་བཞི་འགྲུབ་པའི་དབང་བཞི་ལེགས་མནོས་ཏེ། །རྡོ་རྗེའི་ཐེག་པའི་སྒོ་རུ་ཞུགས་པར་མཛོད། །བླ་མ་ཡི་དམ་སྤྱན་སྔར་ཁས་བླངས་པའི། །རྩ་ལྟུང་བཅུ་བཞི་སྤོམ་པོ་བརྒྱད་ལ་སོགས། །རིགས་ལྔ་སྤྱི་དང་བྱེ་བྲག་དམ་སྡོམ་རྣམས། །སྲོག་བཞིན་བསྲུང་ནས་དངོས་གྲུབ་གཞི་ཚུགས་མཛོད། །སྦྱང་གཞི་ཐ་མལ་སྐྱེ་ཤི་བར་དོ་རྣམས། །སྦྱངས་འབྲས་རྒྱལ་བའི་སྐུ་གསུམ་ངོ་བོ་རུ། །བསྒྱུར་བའི་སྦྱོང་བྱེད་ལམ་འཁྱེར་རྣམ་གསུམ་སོགས། །ཕྲ་རགས་ལྷ་ཡི་རྣལ་འབྱོར་སྒོམ་པར་མཛོད། །རྡོ་རྗེའི་ལུས་ལ་གནད་དུ་ལེགས་བསྣུན་ནས། །སྣང་ཕྱོགས་དག་དང་མ་དག་སྒྱུ་ལུས་དང་། །སྟོང་ཕྱོགས་དཔེ་དོན་འོད་གསལ་ལེགས་བསྒོམས་ནས། །ཡན་ལག་བདུན་ལྡན་སྐུ་མཆོག་ཐོབ་པར་མཛོད། །དེ་ལྟར་བསླབ་བྱའི་རིམ་པ་མདོར་བསྡུས་ཞིག །འགོད་པའི་དགེ་བས་འགྲོ་བ་མ་ལུས་པ། །ལོག་པའི་ལམ་དུ་ནམ་ཡང་མི་འཕྱན་པར། །ཡང་དག་ལམ་བཟང་བགྲོད་པ་མཐར་ཕྱིན་ཤོག །ཅེས་བསླབ་བྱ་མདོར་བསྡུས་ལེགས་ལམ་གསལ་པའི་སྒྲོན་མེ་ཞེས་བྱ་བ་འདི་ནི། །འཕལ་ཀོ་དཔོན་ཚང་གི་མཆོད་གནས་དགེ་སློང་སྐལ་བཟང་རྒྱ་མཚོས་བསྐུལ་བ་ལྟར། ༸དབྱངས་ཅན་བཞན་པས་བྲིས་པའོ།།   །།པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།།

དཔྱད་མཆན་སྤེལ།