བདེ་སྟོང་ཟུང་འཇུག་ཆོས་སྐུའི་མཁའ་དབྱིངས་ལས། །བགྲང་ཡས་དཀྱིལ་འཁོར་སྤྲོ་བསྡུས་བྱེད་པོ་གང༌། །སྐལ་བཟང་གདུལ་བྱའི་དཔལ་དུ་བཤེས་གཉེན་གར། །ཡོངས་བསྒྱུར་བླ་མ་མཆོག་གི་ཞབས་སེན་དྲུང༌། །གང་ལ་དད་པའི་ཆུ་འཛིན་འཁྲིགས་པའི་ཀློང༌། །བསྟོད་བསྔགས་སྒྲ་བརྒྱའི་དབྱངས་དང་ཆབས་གཅིག་ཏུ། །གྲངས་མེད་ལྷ་ཕྱག་གློག་གི་རྩེད་འཇོ་བཅས། །སྙན་ཚིག་སྐྱེས་ཀྱིས་མཆོད་ལ་ཡུད་ཙམ་དགོངས། །བགྲང་ཡས་རྒྱལ་ཀུན་ཐུགས་རྗེའི་ཆུ་གཏེར་འཕྲིན་ལས་རླབས་ཀྱི་ཕྲེང་བ་འབུམ་གཡོ་བ། །གཞན་ཕན་ལྷག་བསམ་དྲི་བཞོན་ཤུགས་ཀྱིས་བསྲུབས་སྐྱེས་བཤེས་གཉེན་བདེ་འབྱུང་གཙུག་གི་རྒྱན། །བཤད་སྒྲུབ་མཛད་བཟང་བདུད་རྩིའི་གཟེགས་མ་ཡིས་ཀྱང་འཇིག་རྟེན་རྒུད་མུན་དྲུང་ཕྱུང་སྟེ། །ཕན་བདེའི་རྫོགས་ལྡན་དགའ་སྟོན་འགྱེད་མཁས་རྒྱལ་བའི་རྒྱལ་ཚབ་ཁྱོད་ལས་གཞན་ན་གང༌། །གང་གི་ཞབས་སྐྱེས་དམར་འོད་འཆར་ཀའི་མདངས། །ཕམ་བྱེད་དྲེགས་ལྡན་གཙུག་ཏུ་དབང་བསྒྱུར་ཏེ། །གསང་གསུམ་ཡོན་ཏན་མཛོད་ཀྱི་སྒོ་ཕྱེས་ནས། །དོན་གཉིས་རེ་སྐོང་གྲགས་སྙན་སྲིད་ན་མཛེས། །དེ་ཚེ་རྒྱལ་དང་དེ་སྲས་མགྲིན་གཅིག་ཏུ། །བསྔགས་བརྗོད་སྙན་པའི་དབྱངས་ཀྱི་རོལ་མོ་མཆོག །ཡང་ཡང་བསྒྲགས་ལ་སྐྱེ་དགུའི་བདག་པོ་ཡང༌། །ངོ་མཚར་རྣ་བ་བརྒྱད་དུ་སྤྲུལ་ལམ་སྙམ། །འདི་ན་རྒྱལ་བ་ཀུན་འདུས་ཁྱོད་ཞལ་ཟླ། །མཇལ་ནས་སྙན་འཇེབས་གསུང་མཆོག་ཚངས་པའི་དབྱངས། །རྣ་བའི་བདུད་རྩིར་རེ་བའི་གུས་ཕྲན་ཡང༌། །མགོན་ཁྱོད་བྱིན་མཐུས་ལུས་འཚོ་བདེ་བར་གནས། །སླད་ཆར་རིང་མིན་ཁྱོད་ཞབས་དབང་གི་རྒྱལ། །རལ་བའི་རྒྱན་བསྟེན་སྙིང་ལ་བདེ་བའི་དཔལ། །སྟེར་བྱེད་ཟབ་རྒྱས་གསུང་གི་བདུད་རྩིའི་ཆབ། །བདག་སྙིང་དཔྱིད་དུ་བྲན་པས་དགའ་སྟོན་སྩོལ། །ཁྱོད་ནི་རིང་ནས་རྡོ་རྗེའི་སྐུ་བརྙེས་ཀྱང༌། །ཚུར་མཐོང་མོས་ངོར་ཤར་བའི་གཟུགས་སྐུའི་གར། །གླིང་བཞིའི་ལྟེ་བ་ཆུ་གཏེར་སྐ་རགས་ཀྱིས། །ལྷོད་པར་མ་གྱུར་དེ་སྲིད་བརྟན་པར་བཞུགས། །གུས་ཕྲན་དེང་བཟུང་བླ་མེད་བྱང་ཆུབ་པར། །མགོན་པོ་ཁྱོད་ལས་སྐྱབས་གཞན་མ་མཆིས་པས། །བརྩེ་ཆེན་ཞགས་པས་ནམ་ཡང་མི་གཏོང་བར། །རྣམ་ཀུན་དགེ་བའི་སྐྱབས་འཇུག་མདོར་མེད་མཁྱེན། །ཞེས་ཞུ་འདེགས་མཚོན་བྱེད་ཙམ་དུ་རིན་ཆེན་གཉིས་པའི་ཉག་ཐག་བྱི་རུའི་རྒྱན་ལྡན་དང་ལྷ་རྫས་བཅས་གུས་ཕྲན་ཨ་མཆོག་སྐྱེས་མིང་བས་ཟླ་ཚེས་ལ་གུས་པ་ཆེན་པོས་ཕུལ། ། ྋསྐྱབས་མགོན་འཇམ་དབྱངས་བཞད་པ་རིན་པོ་ཆེ་ལ་ཕུལ་བའི་ཞུ་ཐོ་ལགས།། །།སྡེབ་སྦྱོར་མཉམ་པའི་བྲྀཏྟ་ལས་ཡི་གེ་བཅུ་གཅིག་པ་གསུམ་བསྔགས་ལ་སྤྱིར་སྟོང་ཕྲག་གཉིས་དང་ཞེ་བརྒྱད་ཡོད་པའི་བྱེ་བྲག་བཞི་བརྒྱ་དང་སོ་དགུ་བ་འདོད་འཇོ་ཞེས་བྱ་བའི་བྲི་སྟ་རས་མཛེས་པར་བྱས་པའོ།།ངེས་འབྱུང་ཁྲིམས་ཀྱི་རྩ་བ་རབ་ཏུ་བརྟན། །བྱང་ཆུབ་སྤྱོད་པའི་ཡལ་འདབ་ཕྱོགས་བརྒྱར་གྲོལ། །རིམ་གཉིས་འབྲས་བུའི་ཁུར་གྱིས་ཉེར་དུད་པ། །སྔོན་མེད་དཔག་བསམ་ལྗོན་པ་གང་དེའི་དྲུང༌། །དགའ་བའི་རྦ་རླབས་སྟོང་གཡོ་ཡིད་ཀྱི་མཚོར། །རྣམ་དཔྱོད་བརྩོན་པའི་རི་དབང་བསྒྲིལ་བ་ལས། །ལེགས་ཐོན་ཞུ་མཆིད་མིག་གསུམ་གཙུག་གི་ནོར། །གུས་པས་འབུལ་ལ་ཐུགས་རྗེས་ཡུད་ཙམ་དགོངས། །ཚོགས་གཉིས་ཡོངས་འདུའི་ས་བོན་སྨིན་པ་ལས། །ལུང་རྟོགས་ཡོན་ཏན་གེ་སར་ས་སྤ་བའི། །བསླབ་གསུམ་འདབ་ཕྲེང་བཞད་པའི་དཔལ་ཡོན་ཅན། །ཐུབ་བསྟན་དོ་རའི་དབུས་ན་བཞུགས་ལེགས་སམ། །རྒྱ་ཆེན་མཁྱེན་དཔྱོད་ཟླ་བའི་འོད་རྣོན་གྱིས། །ལུང་རིགས་ཀུནྡའི་སོ་འཕྲེང་རྒོད་པ་ནི། །འདོད་སྲེད་སྦྲང་རྩིའི་སྙིང་པོར་རྩེ་གཅིག་ཏུ། །ཟུམ་པའི་ཆུ་སྐྱེས་དོ་ཟླ་ག་ལ་ཡིན། །ཟབ་དོན་གདམས་པའི་འབྲས་ལྡན་བགྲང་ཡས་ཤེས་བྱའི་ཡལ་འདབ་ཅན། །བཤེས་གཉེན་དཔག་བསམ་དབང་པོ་སྐལ་བཟང་འགྲོ་བའི་གཙུག་རྒྱན་དུ། །ཡོད་བཞིན་འདོད་རྒྱལ་གཏམ་གྱིས་བཅོས་མའི་བསྟན་འཛིན་ཨེ་རནྚར། །འདི་ཕྱིའི་རེ་ལྟོས་འཆའ་བའི་འདུན་པ་ལྷོད་པོར་ཅིས་མི་གཏོང༌། །གང་གི་མདུན་ས་མཁས་པའི་བསྟི་གནས་ནས། །ལེགས་ཐོན་ཐོས་པས་ཡིད་འཕྲོག་སྙན་པའི་དབྱངས། །བཀའ་ཡིག་རྒྱ་ལྡན་སྐྱེས་བཅས་འབྱོར་བའི་མོད། །སྔོན་མེད་ངོ་མཚར་དགའ་སྤྲོ་ཆེས་ཆེར་འཕེལ། །འདི་ན་བླ་མ་མཆོག་གསུམ་བྱིན་མཐུ་ཡིས། །འཚེ་བྲལ་འདུ་ཕུང་བདེ་ངོས་རྒྱལ་བསྟན་གྱི། །སྣ་ཚོགས་བྱ་བའི་ལས་ཀྱི་ཁུར་ཆེན་པོར། །ངལ་མེད་ཅུང་ཟད་བརྩོན་བཞིན་གནས་སྐབས་ལགས། །འཚམས་ཞུས། མཐའ་ཡས་ཟབ་བརླིངས་གཙུག་ལག་རྒྱ་མཚོ་ལ། །ཐོས་བསམ་སྒོམ་པའི་གྲུ་གཟིང་བསྟེན་པ་དང༌། །འཆད་རྩོད་རྩོམ་པའི་ནོར་བརྒྱས་ཆོས་ཀྱི་སྡེ། །རིང་དུ་སྐྱོང་བའི་བརྩོན་པ་འདོར་རིགས་སམ། །དེས་ན་མཁས་པས་ཡོངས་དབེན་འདུས་པའི་སྡེ། །ཅི་ཙམ་འཚོགས་ཀྱང་དོན་གྱི་དགོས་པ་ཆུང༌། །དེ་ཕྱིར་ཕྱོགས་འདུས་མཁས་པ་རྣམ་མང་པོ། །དུས་ཀུན་བརྩེ་བས་རིང་དུ་སྐྱོངས་བར་མཛོད། །ཕུལ་བྱུང་མཁྱེན་པའི་དཀྱིལ་འཁོར་རབ་རྒྱས་ཤིང༌། །གཞན་ཕན་གར་གྱིས་ཟློས་པའི་གཟུགས་ཀྱི་སྐུ། །ལེགས་བཤད་འོད་ཟེར་སྟོང་གི་དྲ་བ་ཅན། །ཐུབ་བསྟན་པད་མའི་དཔལ་དུ་རྟག་བརྟན་ཞུ། །རྒྱ་ཆེན་མཁྱེན་དཔྱོད་ཆུ་ཁུར་སྨུག་པོ་ལས། །ཉམས་འགྱུར་གསུང་འཕྲིན་བདུད་རྩིའི་གྲུ་ཆར་རྒྱུན། །ཇི་སྲིད་མཁའ་ལ་ཉི་ཟླ་རྒྱུ་སྐར་གྱི། །བགྲོད་པ་མ་ཟད་དེ་སྲིད་ཆད་མེད་མཛོད། །སྙན་ཚིག་གྲེ་འགྱུར་རྒྱངས་གླུ་སྒྲོགས་མཁས་པ། །ལྷ་དར་ཤེལ་གྱི་འདམ་ཟུང་རབ་བསྐྱོད་པའི། །ངོ་མཚར་ཞུ་ཡིག་བུང་བ་གཞོན་ནུ་ཁྱོད། །དམ་པའི་ཞབས་སྟེགས་འདབ་སྟོང་ཚལ་དེར་རོལ། །སྡེབ་སྦྱོར་མཉམ་པའི་བྲྀཏྟ་ལས་ཡི་གེ་བཅུ་གཉིས་པ་སྐྱེ་འགྲོལ་སྤྱིར་རྣམ་གྲངས་བདུན་སྟོང་གི་དྲུག་ཡོད་པའི་བྱེ་བྲག་ལྔ་བརྒྱ་ཞེ་གཅིག་པ་ཆུ་འཛིན་ཕྲེང་བ་ཞེས་བྱ་བའི་པྲ་སྟ་རས་མཛེས་པར་བཅིངས་པའོ། །མཁས་དབང་དྲེགས་ལྡན་བྱ་བའི་ཟུར་ཕུད་རྩེར། །ཁྱོད་ཞབས་དྲི་མེད་ཡིད་བཞིན་ནོར་བུ་མཆོག །རབ་མཛེས་དགེ་མཚན་འོད་ཟེར་སྟོང་འབར་བ། །བླ་མེད་འགྲོ་བའི་སྐྱབས་གཅིག་གང་དེའི་དྲུང༌། །འཇམ་མགོན་ཆོས་ཚུལ་ལྷ་ཡི་ལམ་ཡངས་པོར། །གསང་གསུམ་ཡོན་ཏན་འབར་བའི་གཟི་བྱིན་གྱིས། །སྐལ་བཟང་འདབ་བརྒྱའི་དགའ་ཚལ་རྒྱས་མཛད་པ། །མཚུངས་མེད་སྨྲ་བའི་ཉི་མ་གང་དེའི་དྲུང༌། །བདག་ཡིད་དད་པའི་ཆུ་གཏེར་རླབས་ཕྲེང་ཅན། །གང་གི་ཡོན་ཏན་དྲན་པའི་དྲི་བཞོན་གྱིས། །བསྲུབས་ལས་སྡེབ་ལེགས་སྙན་འཇེབས་སྐྱེས་བཟང་བཅུད། །གུས་པས་འབུལ་ལ་ཐུགས་རྗེས་ཡུད་ཙམ་དགོངས། །རླབས་ཆེན་ཐུགས་བསྐྱེད་པི་ཤྭ་ཀརྨ་ཡིས། །ལེགས་བྲིས་གསང་གསུམ་ཡོན་ཏན་ཕུང་པོའི་སྐུ། །མཐོང་ཐོས་དྲན་པས་འགྲོ་བ་མཐའ་ཀླས་པ། །ཡང་དག་ལམ་ལ་བཀོད་པའི་སྙན་པའི་གཏམ། །སྲིད་འདིར་ཤོང་བའི་གོ་སྐབས་རྙེད་མིན་ཕྱིར། །ཀུན་གསལ་སྒེག་མོའི་ཕ་མཐའ་བརྒལ་དོགས་ནས། །འཇིག་རྟེན་བྱེད་པོའི་འཕྲུལ་གྱིས་རྒྱུ་སྐར་ལམ། །དགུ་ཚིགས་ཞགས་པས་དམ་དུ་བཅིངས་སམ་སྙམ། །གང་གི་མཁྱེན་པའི་རྣམ་དཔྱོད་གོམ་རླབས་ཀྱིས། །བཅུ་ཕྲག་རིག་པའི་རི་བོ་སྟོང་ཕྲག་བརྒྱ། །གཅིག་ཆར་གཞལ་བའི་རྨད་བྱུང་ངོ་མཚར་གྱིས། །མཁས་རློམ་ཕལ་བའི་སྙེམས་པ་དབྱིངས་སུ་ནུབ། །བརྩེ་ཆེན་སྙིང་རྗེའི་རྩ་བ་རབ་བརྟན་ཅིང༌། །ཕྱིན་དྲུག་བསྡུ་བཞིའི་ཟ་འོག་ཤམ་བུ་གཡོ། །རྣམ་གྲོལ་དབང་གི་རྒྱལ་བོའི་ཏོག་མཛེས་པའི། །མཁས་གྲུབ་བསྟན་པའི་རྒྱལ་མཚན་ཁྱོད་ལས་སུ། །འདི་ན་འཇམ་མགོན་བསྟན་པའི་བ་དན་ཆེ། །མཐོན་པོར་འདེགས་པའི་ནུས་སྟོབས་ཆེར་དམན་ཡང༌། །གང་བརྩམས་ལས་ཀུན་བསྟན་དང་འགྲོ་བ་ལ། །སྨན་པའི་རྒྱུ་རུ་འགྱུར་བར་སྨོན་བཞིན་མཆིས། །འཚམས་ཞུ། སྐབས་དོན་ཡིད་ལ་བརྣག་པའི་ཞུ་དོན་སྐྱབས་མགོན་དམ་པ་ཉིད་འདི་ཕྱོགས་ཀྱི་འབྲོག་སྡེའི་ཁྲོད་དུ་ཆིབས་ཀྱི་ཁ་ལོ་བསྒྱུར་སྐབས་སུ་ཞལ་བཟང་པདྨོ་མིག་གི་དགའ་སྟོན་དུ་གྱུར་ནས། མཉེས་གཤིན་གསུང་གི་བདུད་རྩིའི་དགའ་སྟོན་མྱོང་བ་དང། སྡེ་འདིའི་ལུགས་གཉིས་ཀྱི་འགྲོ་ལུགས་སོགས་ནང་ཉམས་ཀྱི་ཞུ་བའང་ཅུང་ཟད་འདུག་སྟབས་གུས་ཕྲན་ཁྱོད་དྲུང་དུ་ངེས་པར་མཇལ་དགོས་པའི་རེ་འབྲས་དོན་ལྡན་གྱི་ཆ་གསལ་བོ་ཞིག་གནང་བ་མཁྱེན་མཁྱེན་ལེགས། སླར་ཡང་མགོན་ཁྱོད་ཞབས་ཟུང་དགེ་མཚན་དཔལ། །བསྟན་དང་འགྲོ་བའི་ཕན་བདེའི་དཔུང་གཉེན་དུ། །རིན་ཆེན་རི་བོ་ཆབ་ཀླུང་རྣམ་བཞི་ཡིས། །བཅིང་བ་མ་གྲོལ་དེ་སྲིད་བརྟན་ངོས་ནས། །མ་རུངས་གྲུབ་མཐའི་ཕྱོགས་འཛིན་མང་པོའི་ཁྲོད། །ཞྭ་སེར་ལུགས་བཟང་འཛིན་པའི་སྡེ་འདི་དང༌། །ཁྱོད་ལ་རེ་ལྟོས་འཆའ་བའི་ཕྲན་ལའང༌། །བརྩེ་བའི་སྤྱན་གྱིས་གཟིགས་པ་ལྷོད་མེད་ཞུ། །ཞེས་གསོལ་བ་འདེབས་རྟེན་ལྷ་རྫས་བཅས་ཟླ་ཚེས་དགེ་བར་སློབ་བུ་ཐ་ཤལ་ཨ་མཆོག་སྤྲུལ་མིང་པས་གུས་པས་ཕུལ། །འདི་ཤིང་ཟ་རྡོ་རྗེ་འཆང་ལ་ཕུལ་བའི་ཞུ་ཐོ་ལགས། ། ༈ བློ་གཏེར་འཇམ་དཔལ་དབྱངས་མཆོག་ངུར་སྨྲིག་གར། །རབ་བསྒྱུར་རྒྱལ་བ་གཉིས་པ་ཙོང་ཁ་བའི། །བསྟ༷ན་པ༷འི་པད་ཚལ་འཕྲིན་ལས་འོད་སྣང་གིས། །རྒྱས་མཛད་མི་ཡི་ཉི་མ་གང་དེའི་དྲུང༌། །བདག་ཡིད་འཆི་མེད་མཛེས་པའི་སྐྱེད་ཚལ་དུ། །དད་གུས་གདུང་སེམས་དྲོད་གཤེར་གྱིས་བསྐུལ་བའི། །སྙན་ཚིག་སྦྲང་རྩི་མངར་བའི་དཔལ་འཛིན་པའི། །ཞུ་མཆིད་ཆུ་སྐྱེས་གཞོན་ནུས་མཆོད་འདིར་དགོངས། །དེང་དུས་འགྲོ་བའི་བསོད་ནམས་བྱེ་བ་བརྒྱ། །མ་ཉམས་དུས་གཅིག་ཉིད་དུ་སྨིན་པ་ལས། །ཕན་བདེའི་དགེ་ལེགས་འགྱེད་པའི་དཔལ་ཡོན་ཅན། །གངས་ལྗོངས་བསྟན་པའི་གཉེན་ཁྱོད་སྲིད་ན་མཛེས། །ཁྱོད་ནི་འོད་གསལ་དབྱིངས་ལས་གཡོ་མེད་ཀྱང༌། །དྭངས་མཚོར་ཟླ་བའི་སྣང་བརྙན་ཇི་བཞིན་དུ། །གང་འདུལ་སྤྲུལ་པའི་ཟློས་གར་འབྱམས་ཀླས་པ། །སྟོན་མཛད་དང་པོའི་མགོན་པོ་ཁྱོད་མིན་སུ། །བསིལ་ལྡན་མང་ཐོས་མཁས་གྲུབ་རལ་བའི་རྩེར། །མགོན་ཁྱོད་ཞབས་སེན་བཀོད་པའི་དགེ་མཚན་གྱིས། །འཇིག་རྟེན་རྒུད་པའི་གདུང་བ་མཐར་བྱས་ནས། །ཕན་བདེ་རྫོགས་ལྡན་གསར་བའི་དགའ་སྟོན་ངོམས། །དེ་ཚེ་རྒྱལ་ཀུན་དགྱེས་པའི་གད་མོ་དང༌། །ཡིད་བསྲུབས་བདག་པོ་སྡེར་བཅས་མྱ་ངན་གྱིས། །གདུང་བའི་ངུད་མོའི་སྒྲ་ཡིས་འཇིག་རྟེན་འདིར། །ཕན་ཚུན་འགྲན་པ་བཞིན་དུ་ཁྱབ་པར་གྱུར། །འདི་ན་ཁྱོད་ལ་དད་པའི་གདུང་ཤུགས་ཀྱིས། །ལག་པའི་ཐལ་མོ་སྤྱི་བོར་ཟུམ་བྱས་ནས། །ཁྱོད་ཞལ་པདྨོ་མིག་གི་དགའ་སྟོན་དུ། །འགྱུར་བར་སྨོན་བཞིན་ལུས་འཚོ་བདེ་བར་བདོག །སླད་ནས་རིང་མིན་ཁྱོད་ཞབས་དབང་གི་རྒྱལ། །རལ་བའི་རྒྱན་བརྟེན་སྙིང་ལ་བདེ་བའི་དཔལ། །སྟེར་བྱེད་ཟབ་རྒྱས་གསུང་གི་བདུད་རྩིའི་ཆབ། །བདག་སྙིང་དཔྱིད་དུ་བྲན་པའི་དགའ་སྟོན་སྩོལ། །ཁྱོད་ནི་རིང་ནས་རྡོ་རྗེའི་སྐུ་བརྙེས་ཀྱང༌། །ཚུར་མཐོང་སྣང་ངོར་ཤར་བའི་རགས་པའི་སྐུ། །གླིང་བཞིའི་ལྟེ་བ་ཆུ་གཏེར་སྐ་རགས་ཀྱིས། །ལྷོད་པར་མ་གྱུར་དེ་སྲིད་བརྟན་པར་བཞུགས། །ཉིན་བྱེད་དབང་པོ་མཁའ་ལ་རྒྱུ་བ་ན། །འོད་ཀྱིས་འཛིན་མའི་པད་ཚལ་སྐྱོང་བ་བཞིན། །ཡུལ་གྱིས་བསྐལ་ཡང་བརྩེ་བས་མི་འདོར་བར། །ཕེབས་འོས་ལྷ་ཆུའི་རྒྱུན་བཞིན་ཆད་མེད་མཁྱེན། །འདི་གུང་ཐང་རིན་པོ་ཆེ་ལ་ཕུལ་པའི་ཞུ་ཐོ་ལགས། ། ༈ ཐུབ་བསྟན་གངས་རིའི་སྤོ་ལ་གནས་བཅས་ཤིང༌། །ལུང་རྟོགས་ཡོན་ཏན་རལ་བའི་ཁུར་གྱིས་བརྗིད། །རྒོལ་ངན་ཀླད་འགེམས་རིགས་པའི་མཆེ་སྡེར་ཅན། །བཤེས་གཉེན་སྨྲ་བའི་དབང་ཕྱུག་གང་དེའི་དྲུང༌། །གུས་ལྡན་སོར་བཅུ་ཟུམ་དང་ཆབས་གཅིག་ཏུ། །ཞུ་ཡིག་དྲུག་ལྡན་བུང་བའི་དར་དིར་གླུ། །གྲགས་སྙན་དྲི་བསུང་འཐུལ་བའི་ཕྱོགས་དེ་རུ། །དགའ་ཤུགས་འདབ་མ་བསྐྱོད་བཞིན་འདི་ལྟར་ཞུ། །སྔོན་རབས་བགྲང་ཡས་རྒྱལ་དང་དེ་སྲས་ཀྱི། །སྤྱན་སྔར་མཐའ་ཀླས་ལུས་ཅན་སྒྲོལ་བའི་ཁུར། །ལྕི་བའི་བཀའ་རྟགས་མ་ཉམས་དེང་དུས་འདིར། །བཤེས་གཉེན་ཚུལ་གྱིས་རྣམ་རོལ་ཨེ་མ་རྨད། །དེང་ཆར་དགེ་ལེགས་འཕྲིན་ལས་འོད་སྣང་གིས། །ཐུབ་བསྟན་ཆུ་སྐྱེས་བཞད་དང་ལྷན་ཅིག་ཏུ། །ཐར་འདོད་རྐང་དྲུག་གཏན་བདེའི་ལམ་བཟང་ལ། །བཀོད་པའི་གཏམ་སྙན་ཐོས་པས་དགའ་སྤྲོ་འཕེལ། །འདི་ན་ཁྱོད་ལ་དད་པའི་གདུང་ཤུགས་ཀྱིས། །ལག་པའི་ཐལ་མོ་སྤྱི་བོར་ཟུམ་བྱས་ནས། ཁྱོད་ཞལ་པདྨོ་མིག་གི་དགའ་སྟོན་དུ། །འགྱུར་བར་སྨོན་བཞིན་ལུས་འཚོ་བདེ་བར་བདོག །འཚམས་ཞུས། སླད་ནས་ཐུབ་བསྟན་གངས་ཀྱི་རི་བོ་ལ། །ཡབ་རྗེའི་རིང་ལུགས་ཉི་འོད་ཀྱིས་འཁྱུད་མདངས། །གསལ་བྱེད་བཤད་སྒྲུབ་སྨྲ་བ་ཁྱོད་ཀྱི་སྐུ། །གཡོ་མེད་བསྟན་འགྲོའི་དཔྱིད་དུ་བརྟན་བཞུགས་གསོལ། །ཕྲན་ཆུང་རང་དང་དགོན་སྡེ་འབངས་འཁོར་བཅས། །ཉེ་གཏོགས་ཀུན་ལ་ཕན་སྦྱོར་བརྩེ་གཟིགས་དང༌། །གསུང་འོས་བདུད་རྩིའི་གཟེགས་མ་ཡང་ཡང་དུ། །སྙིང་ལ་བྲན་པའི་དགའ་སྟོན་སྩོལ་བར་ཞུ། །དེ་ལྟའི་ཞུ་ཡིག་བྷྲ་མ་རཿསྙན་པའི་མགྲིན་རྔ་བརྡུང་བཞིན་དུ། །ལྷ་རྫས་འདབ་མའི་རོལ་རྩེད་དག །ངོམས་བཞིན་ཁྱོད་དྲུང་ལྗོན་པར་བསྙེགས། ། ༈ ཐུབ་བསྟན་ལུགས་བཟང་ཆོས་ཀྱི་རྒྱལ་སྲིད་ལ། །རྨད་བྱུང་མཁྱེན་དཔྱོད་འཁོར་ལོས་དབང་བསྒྱུར་ཞིང༌། །མི་མཐུན་ཕྱོགས་རྣམས་ཀུན་ལས་རྣམ་རྒྱལ་བའི། །མཆོག་སྤྲུལ་དམ་པའི་ཞབས་ཀྱི་པདྨོའི་དྲུང༌། །དེང་ཆར་ལེགས་ཚོགས་དཔལ་གྱིས་བསྐྲུན་པའི་སྐུ། །ཟླ་བྲལ་ལང་ཚོའི་རྒྱན་གྱི་དཔལ་འབར་ཞིང༌། །ལྟ་སྒོམ་སྤྱོད་གསུམ་དགེ་བའི་ལྷག་བསམ་གྱིས། །ཉིན་མཚན་འདའ་བཞིན་བདེ་བར་བཞུགས་ལས་ཆེ། །འདི་ན་ལེགས་ཚོགས་མ་ལུས་འབྱུང་བའི་གཞི། །ཀུན་མཁྱེན་རྒྱལ་བའི་དབང་བོའི་ལུང་རྟོགས་ཆོས། །འཛིན་སྐྱོང་སྤེལ་བའི་དམ་པའི་སྲོལ་བཟང་བོར། །རྗེས་སུ་ཡི་རང་བྱེད་བཞིན་བདེ་བར་མཆིས། །འཚམས་ཞུས། སླད་ཀྱང་འཁོར་འདས་དག་པ་རབ་འབྱམས་སུ། །སྣང་གྲགས་ལྷ་སྔགས་ཡེ་ཤེས་འཆར་བ་ནས། །གཉིས་འཛིན་བུད་ཤིང་མ་ལུས་སྲེགས་བྱེད་པའི། །བདེ་སྟོང་ཞི་ཁྲོའི་འཁོར་ལོར་རོལ་བཞིན་པར། །རིང་ན་གནས་ཀྱང་མཛའ་བ་མི་འདོར་བའི། །ཕེབས་ཚོགས་སྐབས་གསུམ་དབང་པོའི་རལ་ཀླུང་རྒྱུན། །སྒྲ་དོན་རྒྱན་གྱི་ལྦུ་བའི་དོ་ཤལ་ཅན། །བདག་ཡིད་དད་གུས་གཤོང་བུར་འཁྱིལ་བར་ཞུ། །དེ་ལྟའི་ཞུ་ཡིག་བཅུད་ཆགས་འདབ་སྟོང་ངོས། །སྤྱན་ཟུང་བུང་བ་མཐོན་མཐིང་གཞོན་ནུ་ཟུང༌། །གཡོ་བའི་འབབས་སྟེགས་རྟེན་འབྲེལ་མཚོན་བྱེད་བཅས། །རང་གནས་སྨྲ་བའི་སེང་གེའི་གླིང་ནས་ཕུལ།། །།སྨད་བྱུང་མཁྱེེན་བརྩེའི་ཆ་ཤས་ཡོངས་སུ་རྫོགས། །རླབས་ཆེན་སྤྱོད་པའི་མཛད་བཟང་འོད་སྟོང་འབར། །སྐལ་བཟང་བློ་ཡི་ཀུནྡ་རྒྱས་མཛད་པའི། །སྐྱབས་མཆོག་གཉིས་སྐྱེས་དབང་པོ་གང་དེའི་དྲུང༌། །སྔོན་བསགས་ལས་དབང་བཙན་པོས་མཐའ་འཁོབ་ཏུ། །འདི་སྣང་སྒྱུ་མའི་དཔལ་ལ་ཞེན་པ་ཡིས། །ཕྱོགས་མེད་རྒྱལ་ཁམས་ཉུལ་བའི་དགེ་སྦྱོང་དེས། །སྙན་ཚིག་སྐྱེས་ཀྱིས་མཆོད་ལ་ཡུད་ཙམ་དགོངས། །རྒྱ་ཆེན་ཚོགས་གཉིས་རིན་ཆེན་ལས་གྲུབ་སྟོབས་དང་མི་འཇིགས་ཡོན་ཏན་དུ་མས་བང་རིམ་གྱིས་མཛེས་ཤིང༌། །རླབས་ཆེན་རྒྱལ་སྲས་མཆོག་གི་སྤྱོད་པའི་རླབས་ཕྲེང་ཆེར་གཡོ་ཐུགས་བསྐྱེད་ཆུ་གཏེར་ཆེན་པོའི་སྐ་རགས་ཅན། །མཐའ་ཡས་ཆོས་ཀུན་སྒྲིབ་མེད་མཁྱེན་ཅིང་འགྲོ་ལ་རྗེས་བརྩེའི་སྣང་བྱེད་ཟུང་གི་རྣ་ཆ་ཕྱོགས་སུ་གཡོ། །རྣམ་མང་མཁས་གྲུབ་གསེར་རིའི་དབུས་ན་རབ་བརྗིད་བཤེས་གཉེན་ས་འཛིན་དབང་པོ་ཁྱོད་ལས་གཞན་ན་གང༌། །མཁས་དབང་བྱེ་བའི་བློ་གྲོས་རྭ་བ་རུ། །ཆུད་མིན་ཟབ་རྒྱས་མདོ་སྔགས་དཀའ་གནད་ཀུན། །ཁྱོད་ཐུགས་ཟབ་ཡངས་མཁྱེན་པའི་གན་མཛོད་ཆེར། །བདག་གིར་མཛད་པའི་རྨད་བྱུང་རྣམ་ཐར་འདི། །རིན་ཆེན་མིན་པའི་རྒྱན་དང་བཏུང་བ་མིན་པའི་བདུད་རྩི་སྟེ། ཉི་ཟླ་མིན་པའི་སྣང་བྱེད་གླུ་དབྱངས་མིན་པའི་ཡིད་འཕྲོག་ཅིང༌། །མིན་སྨན་མིན་པའི་གསལ་བྱེད་གསེར་དངུལ་མིན་པའི་ནོར་གྱི་མཆོག །གཙུག་ནོར་མིན་པའི་རྒུད་པ་སེལ་བྱེད་འདི་ནི་རྨད་བྱུང་ཞེས། །ངོ་མཚར་སྙན་པའི་དབྱངས་ཀྱི་རོལ་མོ་མཆོག །རྒྱལ་དང་དེ་སྲས་ཡོངས་ཀྱི་མགྲིན་གཅིག་ཏུ། །བསྒྲགས་པའི་སྒྲ་ཆེན་སྲིད་འདིར་ཤོང་མིན་ན། །ཀུན་གསལ་སྒེག་མོའི་ཕ་མཐའ་བརྒལ་གྱིས་དོགས། །འདི་ན་མཆོག་གསུམ་བྱིན་རླབས་ཉིན་བྱེད་ཀྱིས། །རྟག་པར་འཚོ་བའི་བཙུན་གཟུགས་འདབ་སྟོང་ཅན། །ཉེར་འཚེའི་བ་མོའི་རེག་པ་དང་བྲལ་ཏེ། །ལྟར་སྣང་དགེ་བས་འདུན་པ་མ་ལྷོད་ཙམ། །ཁྱོད་ཀྱི་ཡོན་ཏན་ཚོན་བརྒྱའི་རི་མོ་འབུམ། །ཡིད་ཀྱི་མེ་ལོང་ངོས་ལ་ཤར་བའི་མོད། །དད་པའི་གེ་སར་རྒོད་དང་ཆབས་གཅིག་ཏུ། །ལན་བརྒྱར་ཕྱག་བཅས་སླར་ཡང་འདི་སྐད་གསོལ། །ཚེ་རབས་སྔོན་ནས་འབྲེལ་བ་ཟབ་ཕྱིར་དང༌། །ལྷག་པར་ཆོས་སྡེ་ཆེན་པོར་ལྷན་གཅིག་ཏུ། །ཡུད་ཙམ་རོལ་བའི་ཚུལ་འདིའི་ཁྱོད་ཞལ་ཟླ། །འདྲེན་བྱེད་དཔལ་དུ་སྨོན་ཀྱང་ཐབས་ཀྱིས་དབེན། །འོན་ཀྱང་བདག་ཅག་དད་མོས་རྟེན་འབྲེལ་དང༌། །མགོན་ཁྱོད་ཐུགས་བསྐྱེད་ནམ་ཡང་མི་བསླུ་བས། །རིང་མིན་ཁྱོད་ཞལ་མིག་གི་དགའ་སྟོན་དུ། །གྱུར་ཏེ་གསུང་གི་བདུད་རྩིས་འཚོ་བར་ཤོག །བདེ་ཆེན་ལྷན་སྐྱེས་ཡེ་ཤེས་གཅིག་བུའི་གར། །དུ་མར་སྤྲོ་བསྡུས་དཔལ་ལ་དབང་འབྱོར་ཡང༌། །ཚུར་མཐོང་མོས་ངོར་ཤར་བའི་གཟུགས་ཀྱི་སྐུ། །གཡོ་མེད་བསྐལ་བརྒྱའི་བར་དུ་བརྟན་པར་ཞུ། །ཉིན་བྱེད་ཟེར་གྱི་པདྨོའི་དགའ་ཚལ་བཞིན། །རིང་བོར་གནས་ཀྱང་བརྩེ་བས་མི་འདོར་བར། །བཀའ་ཡིག་བདུད་རྩིའི་ཟེགས་མ་ཡང་ཡང་དུ། །སྙིང་ལ་བྲན་པའི་དགའ་སྟོན་སྩོལ་ཅིག་གུ།། །།འདི་ཐེ་པོ་སྤྲུལ་བའི་སྐུ་རིན་པོ་ཆེ་ལ་ཕུལ་བའི་ཞུ་ཡིག་ལགས།། །།དྲི་མེད་མཁྱེན་དཔྱོད་ཉ་རྒྱས་ཟླ་བ་ལས། །འོང་བའི་ལེགས་བཤད་འོད་ཀྱི་གཟི་འབར་བས། །གསང་ཆེན་རྒྱུད་སྡེའི་དགོངས་དོན་ཀུན་དའི་ཚལ། །བཞད་པའི་དཔལ་མངའ་རིག་འཛིན་འདུས་པའི་དྲུང༌། །སོར་བཅུ་བདེ་ཆེན་འཁོར་ལོའི་རྒྱན་བཀོད་དེ། །རྩེ་གཅིག་གུས་པས་བརྒྱ་ཕྲག་ཕྱག་བྱས་ནས། །མི་ཕྱེད་དད་པའི་སེར་མོའི་འདུ་བྱེད་ཀྱིས། །ཞུ་མཆིད་འཕང་འགྲོའི་སྒྲ་སྙན་འདི་འབུལ་ལོ། །དེང་དུས་བླ་སློབ་ཀུན་གྱི་སྐུ་གསུང་ཐུགས། །གསང་གསུམ་མཛད་འཕྲིན་བསམ་གྱི་མི་ཁྱབ་པ། །སྐལ་བཟང་མདོ་སྨད་ས་ཡི་ཐིག་ལེ་རུ། །སྤྲིན་བྲལ་པདྨོའི་གཉེན་བཞིན་གསལ་བ་ཞེས། །ལྷན་སྐྱེས་བདེ་ཆེན་བྱིན་ཟ་ཆེར་འབར་བ། །ཀུན་རྟོག་རྒྱུ་བའི་བུད་ཤིང་གཞོམ་པའི་འཕྲུལ། །ངོ་མཚར་སྒྱུ་མའི་ཟློས་གར་གཡོ་བ་ཡིས། །སྙིང་རྗེའི་ལྷ་གཅིག་སྒྲུབ་པ་གསར་བསྐྲུན་སོགས། །གསང་ཆེན་བཀའ་གཏེར་ཆོས་ཀྱི་བཤད་སྒྲུབ་གདུགས། །ཤུགས་དྲག་བརྩེ་ཆེན་དཔུང་པས་བཏེགས་པ་ཡིས། །བདེ་སྐྱིད་གྲིལ་བསིལ་བཀའ་དྲིན་སྩོལ་བཞིན་བར། །ལྔ་བདོའི་འགྲོ་བས་མཐོ་མཚམས་གླེགས་ལྟ་བར། །བརྩེ་ཆེན་ཞུགས་པས་དམ་དུ་བཅིང་བ་ལས། །བསད་བསྐྲད་རེངས་རྨོངས་དྲག་སྦྱར་མི་ཕྱེད་པར། །སྔོན་བྱོན་དམ་པའི་རྣམ་ཐར་བཟང་པོ་ལ། །རྗེས་སུ་ཡི་རང་དེ་བཞིན་སྐྱོང་བར་ཞུ། །དགའ་བདེ་མཆོག་གི་གཏེར་གྱུར་སྨིན་ལེགས་མར། །རོལ་བའི་དགྱེས་པ་ཆེན་པོ་ལ་རོལ་ཞིང༌། །རབ་འབྱམས་ཞི་ཁྲོའི་དཀྱིལ་འཁོར་མངོན་བཞེངས་པའི། །གཏེར་ཆེན་གང་གི་ཞལ་ལུང་བདུད་རྩིའི་བཅུད། །ཐུགས་ཀྱི་བུམ་བཟང་བཅུད་དུ་ཆགས་པ་ལ། །དམ་ཚིག་གཙང་མའི་གོས་ཀྱིས་ཀླུབས་པར་མཛོད། །རང་ཡང་འདུས་སྡེའི་ཞལ་དཀྱིལ་འཇལ་འདོད་ཀྱང༌། །ཡུལ་གྱིས་བསྐལ་དང་དགོན་སྡེ་འགའ་ཞིག་ལ། །འཚོ་སྐྱོང་ཁུལ་གྱི་རེ་ཞིག་འགྱང་ན་ཡང༌། །ནམ་ཞིག་འཇལ་བའི་སྨོན་འདུན་བཟང་པོ་བྱེད། །སྤྱི་སྙོམས་ཁྲིམས་ཀྱི་རྟ་ལྗང་དབང་པོ་ཡིས། །སྒེར་ལྟོས་འདབ་སྟོང་བཞད་པའི་དཔལ་གྱུར་ཡང༌། །ལོག་སྒྲུབ་སྲིན་བྱའི་ཚོགས་རྣམས་ལོང་བྱེད་པའི། །ལུགས་གཉིས་བྱ་བ་རྩོལ་མེད་ལྷུན་གྲུབ་མཛོད།། །།དགའ་ལྡན་ཤར་རྩེ་གྲྭ་ཚང་ལ་ཕུལ་པའི་ཞུ་ཐོ་ནི། བློ་བཟང་རྒྱལ་བའི་ཆོས་སྲིད་གླིང་བཞི་ལ། །དབང་བསྒྱུར་མི་ཡི་དབང་པོ་འདུས་སྡེ་མཆོག །ཕྱོགས་ལས་རྣམ་པར་རྒྱལ་བའི་གྲགས་སྙན་རྔ། །སྲིད་པར་འབར་བའི་ཞབས་ཀྱི་པདྨོའི་དྲུང༌། །རྩེ་གཅིག་གུས་པས་ལན་བརྒྱར་ཕྱག་བྱས་ཏེ། །མི་ཕྱེད་དད་པས་ཞུ་བ་འབུལ་བའི་འབྲས། །དེང་དུས་འདུས་སྡེ་མཆོག་གི་སྐུ་གསུང་ཐུགས། །གསང་གསུམ་བསམ་མི་ཁྱབ་པ་ལུས་ཅན་གྱིས། །བསོད་ནམས་བརྒྱ་ཕྲག་བསྐྲུན་པའི་ཞིང་མཆོག་ཏུ། །སྤྲིན་བྲལ་པདྨོའི་གཉེན་ལྟར་རབ་གསལ་ཞིང༌། །འཕྲིན་ལས་སྣང་བས་ནོར་འཛིན་ཀུན་ཁྱབ་པའི། །སྙན་པ་གསེར་གྱི་རྔ་ཆེན་འབུམ་སྒྲོགས་པ། །སྲིད་པ་ཡངས་པའི་ཁོངས་སུ་མི་ཤོང་བས། །བདག་ཡིད་དགའ་བའི་འོ་མཚོ་གྱེན་དུ་འཕྱུར། །བདག་ཀྱང་དམ་པའི་རྣམ་ཐར་དཔག་ཡས་ལ། །གུས་རྟག་བརྩོན་པས་སློབ་པའི་སྐབས་དབེན་ཀྱང༌། །སྨོན་པའི་ལྷག་བསམ་འཇུག་པ་མི་དམན་པར། །སྐྱེས་མཆོག་དམ་པའི་ག་ལ་བ་དེར་མཆིས། །འཚམས་ཞུ། ཆེད་ཞུ་རྩོད་ངག་ལུང་རིགས་སེང་གེའི་སྒྲས། །ཕས་རྒོལ་སྨྲ་ངན་ཝ་སྐྱེས་མཐར་མཛད་ནས། །གུས་ལྡན་རི་དྭགས་ཚོགས་རྣམས་ལེགས་བསྐྱངས་ཏེ། །ཕྱོགས་ལས་རྒྱལ་བའི་གྲགས་སྙན་དོན་ལྡན་མཛོད། །གངས་ཅན་འདི་ན་མཁས་པའི་དེད་དཔོན་ཚོགས། །རྨོངས་པའི་དབུལ་སེལ་ཁུར་འཛིན་བགྲང་ལས་ཀྱང༌། །བདེ་གཤེགས་གསུང་རབ་མཛོད་ལ་མངའ་བརྙེས་པ། །དེང་དུས་ཤར་བ་ནོར་བུའི་གླིང་ཁོ་ན། །ལེགས་བཤད་སུ་ལྦརྞ་ཡི་བཅུད་ལྡན་པའི། །ཕེབས་ཚོགས་པཀྵུའི་ཀླུང་བཞིན་ཆད་མེད་དང་། །འདི་ན་ཆོས་ལྡན་བྱ་བའི་ཡིད་སྨོན་དག །གེགས་མེད་འགྲུབ་པའི་སྐྱབས་འཇུག་མདོར་མེད་མཁྱེན། །མཁས་གྲུབ་འབུམ་སྡེའི་ལྷོ་ཕྱོགས་མ་ལ་ཡར། །ཞུ་མཆིད་གླུ་དབྱངས་སྒྲོགས་པའི་གཉིས་སྐྱེས་ཞིག །དར་དཀར་སྐྱེས་ཀྱི་འདབ་ཟུང་བསྐྱོང་བཞིན་པར། །སྙན་ཚིག་རྒྱང་ཀླུ་ལེན་བཞིན་དལ་གྱིས་བསྙེགས།། །།ཤིང་བཟའ་རིན་པོ་ཆེ་ལ་ཕུལ་བའི་ཞུ་ཐོ་ནི། དག་པ་རབ་འབྱམས་བརྟན་གཡོའི་སྒྱུ་འཕྲུལ་མཁན། །འོག་མིན་དང་པོའི་མགོན་པོ་རྡོ་རྗེ་འཛིན། །གསུམ་ལྡན་ངུར་སྨྲིག་གར་གྱི་རྣམ་རོལ་པ། །སྐྱབས་མཆོག་དཔལ་ལྡན་བླ་མའི་ཞབས་སེན་དྲུང༌། །གང་གི་ཡོན་ཏན་དྲན་པའི་དྲི་བཞོན་གྱིས། །བདག་བློའི་ནགས་ཚལ་ཀུན་ནས་བསྐྱོད་པ་ལས། །བྱུང་བའི་ཞུ་ཡིག་འདབ་བརྒྱའི་ཕོན་པོ་འདི། །དད་པའི་སྙིང་ནས་འབུལ་ན་ཡུད་ཙམ་དགོངས། །བགྲང་ཡས་རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་ཆ། །ཡོངས་རྫོགས་གསང་གསུམ་ག་བུར་གཟེགས་མ་ཡིས། །ཐུབ་བསྟན་ཀུན་དའི་དགའ་ཚལ་སྐྱོངས་མཁས་པ། །ཟླ་བྲལ་བསྟན་པའི་བདག་པོར་མངའ་གསོལ་ཏེ། །ཟབ་གསར་གདམས་ངག་མཛོད་ཀྱི་སྒོ་ཕྱེ་ནས། །སྐལ་བཟང་དོན་གཉིས་རེ་སྐོངས་ལྷུན་གྲུབ་ཆར། །ཆད་མེད་འབེབས་པའི་རྣམ་ཐར་བཀའ་དྲིན་མཆོག །བྱང་ཆུབ་མ་ཐོབ་དེ་སྲིད་གཞལ་ལས་འདས། །འདིར་གནས་ཕྲན་ཡང་སྐྱབས་མཆོག་བྱིན་མཐུ་ཡིས། །ལུས་སེམས་ཟུག་ངུས་གདུང་བ་དང་བྲལ་ཏེ། །མཐོང་བ་དོན་ལྡན་ཁྱོད་ཞལ་དབང་གི་རྒྱལ། །འདྲེན་བྱེད་དཔལ་དུ་འགྱུར་བར་སྨོན་བཞིན་མཆིས། །འཚམས་ཞུ། །མགོན་ཁྱོད་ཆེས་རིང་དུས་ནས་བདུད་བཞིའི་དཔུང༌། །ཉེར་བཅོམ་དང་པོའི་མགོན་པོར་དབང་འབྱོར་ཡང༌། །ཚུར་མཐོང་སྣང་ངོར་ཤར་བའི་གཟུགས་སྐུའི་གར། །གཡོ་མེད་བསྐལ་བརྒྱའི་བར་དུ་བརྟན་པར་བཞུགས། །བགྲང་ཡས་ཡི་དམ་རྒྱལ་བ་ཞི་ཁྲོ་ཀུན། །མགོན་ཁྱོད་མཁྱེན་བརྩེའི་རོལ་བར་ལེགས་བལྟས་ཏེ། །དད་མོས་གདུང་ཤུགས་ཆེར་བསྐྱེད་གསོལ་འདེབས་ན། །བརྩེ་ཆེན་ཐུགས་རྗེས་འབྲལ་མེད་སྐྱོངས་མཛོད་ལ། །ཟབ་རྒྱས་གདམས་ངག་བདུད་རྩིའི་ཟིལ་མངར་ཆེ། །མི་ཤིགས་ག་འུར་སིམ་པའི་དགའ་སྟོན་མཛོད། །དེ་བར་བདག་ཅག་ལྟོས་བཅས་མི་ནོར་ཀུན། །སྲུང་བའི་རྭ་བ་བཙན་པོར་འདོར་མེད་ཞུ། །ཞེས་ཞུ་ཡིག་འདེགས་རྟེན་ཙམ་དུ་རབ་དཀར་ལྷ་རྫས་དང་དོམ་མཁྲིས་བཅས་ཨ་མཆོག་སྐྱེས་མིང་པ་ནས་ཟླ་ཚེས་ལ་གུས་པས་ཕུལ།། །།ཡང་ཤིང་ཟ་རྡོ་རྗེ་འཆང་ལ་ཕུལ་བའི་ཞུ་ཐོ་ནི། རིགས་གསུམ་མཁྱེན་བརྩེ་ནུས་པའི་ཟློས་གར་ལས། །ལྷར་བཅས་སྐྱེ་དགུ་ཡོངས་ཀྱི་གཙུག་རྒྱན་དུ། །ཞབས་སེན་ཟླ་ཚེས་བཀོད་པའི་དཔལ་ཡོན་ཅན། །རིགས་ཀུན་ཁྱབ་བདག་ཞབས་ཀྱི་པདྨོའི་དྲུང༌། །གང་ན་རྣམ་གཡེང་འདུ་འཛིའི་དགའ་ཚལ་དུ། །ཟང་ཟིང་སྦྲང་རྩིས་མྱོས་པའི་རྐང་དྲུག་དེས། །ཆོས་བརྒྱད་སྒྱུ་མའི་ཟློས་གར་བསྒྱུར་བཞིན་དུ། །སྙན་འཇེབས་དབྱངས་ཀྱིས་སྡེབས་ལེགས་འཕྲིན་འདི་གསོལ། །གང་གི་བཀའ་དྲིན་ཟླ་མེད་སྐུ་གསུང་ཐུགས། །གསང་གསུམ་སྒྱུ་འཕྲུལ་བསམ་གྱིས་མི་ཁྱབ་པ། །འགྲོ་ཀུན་བསོད་ནམས་བསྐྲུན་པའི་ཞིང་མཆོག་ཏུ། །སྤྲིན་བྲལ་རྒྱུ་སྐར་བདག་པོ་ལྟར་གསལ་ཞིང༌། །འཕྲིན་ལས་གཟི་འབར་སྲིད་གསུམ་ལས་བརྒལ་བས། །རིས་མེད་འགྲོ་ལ་རྫོགས་ལྡན་དགའ་སྟོན་དཔལ། །སྦྱིན་འདིའི་བཀའ་དྲིན་བླ་ན་མེད་པའི་ཁུར། །བྱང་ཆེན་མ་ཐོབ་དེ་སྲིད་གཞལ་ལས་འདས། །གང་གི་ཐུགས་རྗེའི་དྲི་བསུང་གིས་བགོས་པའི། །ཕྲན་ཡང་ཁྱབ་བདག་འཁོར་ལོའི་མགོན་པོ་ཡི། །དཔག་ཡས་མཛད་བཟང་ཉིན་མཚན་ཁོར་ཡུག་ཏུ། །རྩེ་གཅིག་སེམས་ཤིང་གསོལ་བ་འདེབས་བཞིན་མཆིས། །འཚམས་ཞུས། །གཉིས་སྣང་ཆུ་འཛིན་དྷཱུ་ཏིའི་མཁའ་དབྱིངས་སུ། །ཐིམ་པ་ལས་འོངས་འོད་གསལ་ཉིན་མོར་བྱེད། །བདེ་སྟོང་ཏིང་འཛིན་དྲ་བའི་འཇོ་སྒེག་ཅན། །གྲངས་མེད་དཀྱིལ་འཁོར་འཁོར་ལོའི་མགོན་པོ་རུ། །བཞེངས་ཁྱོད་འོག་མིན་ཞིང་གི་གཙོ་བོ་བཞིན། །བསྟན་འགྲོའི་དཔལ་དུ་གཞོམ་བྲལ་རྡོ་རྗེའི་ཁྲིར། །ཞབས་ཟུང་གཡུང་དྲུང་གཤིས་སུ་ལྷུན་ཆགས་ཤིང༌། །ཐེག་གསུམ་ཆོས་ཀྱི་བདུད་རྩི་ཆད་མེད་མཁྱེན། །བདེ་སྟོང་རང་བཞིན་རྒྱས་པའི་ལྷའི་རྫིང་རིང༌། །ཟུང་འཇུག་རྒྱུ་སྐར་དབང་པོ་རྣམ་བཀྲ་ཞིང༌། །གསང་ཆེན་ཆོས་ཚུལ་འོད་དཀར་འགྱེད་བཞིན་དུ། །ཐུགས་བསྲུང་གཞིག་ཏུ་མེད་ལས་འདོར་མེད་མཁྱེན། །སླར་ཡང་བརྩེ་ཆེན་སྲད་བུ་ལ་བརྒྱུས་པའི། །འགྱུར་མེད་བཀའ་གླེགས་རབ་མཛེས་མེ་ཏོག་ཕྲེང༌། །ཡན་ལག་མཆོག་གི་གཙུག་ནོར་རྒྱན་བཟང་དུ། །ལྷ་ཡི་མཆོད་ཡོན་རྒྱུན་བཞིན་ཆད་མེད་སྩོལ། །སྤྱན་ཟུང་བུང་བ་གཡོ་བའི་ཞུ་འདེགས་རྟེན། །སྤོས་ལེགས་འདབ་སྟོང་རྒྱན་གྱིས་ཉེར་དུད་ཅིང༌། །ཚིག་དོན་མ་ངྷུ་ར་ཡི་བཅུད་ཆགས་པ། །ཐལ་སྦྱར་གུས་པས་འབུལ་གྱི་དགྱེས་བཞེས་འཚལ། །ཞེས་རྟེན་ལྷ་རྫས་ལྔ་འབྲེལ་དང་ཀ་ར་ཤོག་ཐུམ་བཅས་གནམ་ལོའི་རང་ཞལ་གསར་དུ་ངོམས་པའི་དུས་ཚེས་ཀྱི་དགའ་སྟོན་དང་འབྲེལ་བར་གུས་པ་ཆེན་པོས་ཕུལ།། །།འཁྲུལ་བྲལ་དགེ་ལྡན་རིང་ལུགས་གསེར་ལྡན་ལྟོར། །ཐུགས་བསྐྱེད་ས་ལེ་སྤྲམ་བུའི་ཡང་སྙིང་བཅུད། །བསྒྲུངས་མཁས་བཤེས་གཉེན་བི་ཤྭ་མཧཱ་མཆོག །ཟླ་བྲལ་མཁན་ཆེན་ཆོས་ཀྱི་རྒྱལ་པོའི་དྲུང༌། །དད་དང་ཡིད་ཀྱི་ཀུན་གསལ་བཞིན་རིས་ངོས། །མི་ཕྱེད་མོས་གུས་ཤིང་རྟ་བདུན་པའི་བུས། །སོམ་ཉིའི་མུན་འཇོམས་རང་འོད་སྤྲོ་བཞིན་པས། །སོར་བཅུའི་པདྨོ་རྩེར་བཀོད་མཆོད་འདི་གསོལ། །སྔོན་རབས་བགྲང་ཡས་རྒྱལ་དང་དེ་སྲས་ཀྱི། །སྤྱན་སྔར་མཐའ་ཀླས་འགྲོ་བ་སྒྲོལ་བའི་ཁུར། །ལྕི་བའི་བཀའ་རྟགས་གཟུགས་མཆོག་མ་ཉམས་པར། །དེང་འདིར་ངུར་སྨྲིག་འཛུམ་སྐུ་ལྷམ་མེར་གསལ། །ཨེ་མ་ངོ་མཚར་རྨད་བྱུང་དམ་པའི་འཕྲུལ། །སྒྱུ་མའི་མིག་སྨན་ཇི་བཞིན་ཀུན་དགའི་རིས། །བཀྲ་བའི་ཚུལ་གྱིས་བསྟན་དང་བསྟན་འཛིན་ལྡེའི། །ཡིད་འོང་མཆོད་སྡོང་བརྩེགས་ལ་ཁྱེད་འདྲ་སུ། །དེང་དུས་ལུགས་གཉིས་སྨྲ་ལ་སྙེམ་པ་འགས། །རང་ཉིད་མཐོན་པོར་སོང་བའི་ཆེ་ལན་དུ། །བརྡབ་བསུབ་ཁོ་ནའི་ཚུལ་གྱིས་དྲིན་བཟོའི་རིན། །ནམ་མཁའི་པདྨོའི་ཟེའུ་འབྲུ་འཛུམ་ལས་ཅི། །ཨ་ཧོ་ཁྱོད་ནི་ངེས་དོན་ལུགས་ཟུང་གི །མཁྱེན་སྤྱན་དྲང་སྲོང་ཕུར་བུ་གཉིས་པ་དང༌། །རྣམ་དཔྱོད་གོམས་སྟབས་དཔའ་བའི་མཐུ་བྱིན་གྱིས། །ཡབ་རྗེའི་དགོངས་འཕྲིན་དམ་རབ་མཛད་པའི་སྲོལ། །བསྐྱངས་པའི་གྲགས་སྙན་འཆི་མེད་རྔ་བོ་ཆེ། །སྐལ་བཟང་དད་ལྡན་རྣམ་སད་ཚོགས་དག་གིས། །དགའ་བ་དང་པོའི་དབྱུག་གུས་ཉེར་བསྐུལ་བས། །མདའ་ལྔའི་འབངས་གཏོགས་རིགས་ཀྱི་ཙི་ཏྟ་བྱུང་། །དེ་ལྟའི་ཕྱིས་འབྱུང་རྙེད་དཀའི་ཉེ་སྲས་མཆོག །ཞབས་ཟུང་གཡོ་བྲལ་དགྱེས་བརྩེའི་འགྲོ་ཕན་རིགས། །བཀའ་མཆིད་ཕྱག་རྒྱས་རིས་དང་གནང་སྐྱེས་ཆབ། །ལྷན་ཅིག་དྲུང་འཁོད་འཛུམ་འཐོང་དང་བཅས་སྤྲོ། །འདི་ན་ཆོས་སྲིད་འཁོར་ལོའི་གཟེར་བུ་ཞེས། །ཀུ་ར་ཙ་བ་ཁ་ལྔའི་མཚན་ཐོབ་རང༌། །རེ་ཞིག་འབྱུང་འདུས་དབྱར་སྐྱེས་དོ་ར་རུ། །འཚོ་བའི་མེ་ཏོག་མ་གྲོལ་བདེ་བར་བདོག །འཚམས་ཞུས། སླད་ཀྱང་ཐུབ་བསྟན་གངས་ཀྱི་ལྷུན་པོ་ལ། །ཡབ་རྗེའི་རིང་ལུགས་ཉི་འོད་ཀྱིས་འཁྱུད་མདངས། །གསལ་བྱེད་དཔལ་ལྡན་བཤད་སྒྲུབ་སྨྲ་བ་ཁྱོད། །བསྐལ་པ་ཇི་སྲིད་དེ་སྲིད་འཚོ་གཞེས་དང༌། །བོང་བ་གསེར་གཟིགས་མཁོས་ཆུང་རང་དང་བཅས། །ཉེ་གཏོགས་ཀུན་ལ་ཉེར་འཚེས་མི་རེག་པའི། །སྐྱབས་གསོལ་གང་ཞུས་གོང་བཞིན་དགྱེས་གཟིགས་དང༌། །བཀའ་མཆིད་རྣམ་བཞིའི་རྒྱུན་ལྟར་ཆད་མེད་ཞུ། །དེ་ལྟའི་ཞུ་འཕྲིན་དགྱེས་གཟིགས་གཞོན་ནུ་ཁྱོད། །རབ་དཀར་ལྷ་གོས་གྱོན་བཞིན་མགྱོགས་འགྲོ་དང༌། །འགྲོགས་ཏེ་རྒྱལ་ཁབ་ཆེ་གསུམ་མཆོད་སྡོང་དུ། །མོས་གུས་དུང་བཅས་མི་རིངས་བསྙེགས་ཏེ་སོང༌། །འདིའི་མན་ཤོག་དྲིལ་རལ་སོང་བས་མི་རིག་རྒྱུ་མང་སྟབས་དག་མོ་ཞིག་བྲི་རྒྱུ་མ་བྱུང་ངོ༌།། །།བདག་སོགས་མགོན་དུ་རྡོ་རྗེ་འཆང་དབང་གིས། །ངུར་སྨྲིག་ཟློས་གར་བཞེས་ཏེ་ཟབ་རྒྱས་ཀྱི། །གདམས་པའི་བདུད་རྩི་འགྲོ་ལ་འགྱེད་མཛད་པའི། །བཀའ་དྲིན་མཚུངས་མེད་མཆོག་གི་ཞབས་དྲུང་དུ། །རྩེ་གཅིག་གུས་པའི་ཡིད་བཞིན་མཚོ་ཡི་ངོགས། །དད་པའི་གེ་སར་རྒོད་པའི་འདབ་སྟོང་ཚལ། །མཐའ་ཡས་མཆོད་སྤྲིན་རྒྱ་མཚོ་དང་འགྲོགས་པར། །སྙན་ཚིག་ཀ་ལ་པིངྐས་མཆོད་འདིར་དགོངས། །རྨད་བྱུང་གཞན་ཕན་དཔག་བསམ་ལྗོན་པ་ནས། །འཆད་རྩོད་རྩོམ་པའི་འབྲས་བཟང་འཐོར་བ་ལ། །གངས་ཅན་སྐྱེ་འགྲོ་ཡོངས་ཀྱིས་ལོངས་སྤྱོད་པའི། །གྲགས་སྙན་ལྷ་རྔ་ལྡིར་བས་སྟོང་གསུམ་ཁྱབ། །སྙིགས་མའི་ཚ་བ་རྒྱས་པའི་གདུང་འཕྲོག་བའི། །ཐུབ་བསྟན་རྒྱལ་མཚན་ནོར་འཛིན་ཡངས་པའི་གཞིར། །ལེགས་པ་བསྒྲེངས་པའི་བཀའ་དྲིན་ཟླ་མེད་པ། །གངས་ཅན་མཁས་གྲུབ་ཡོངས་ཀྱི་བླ་ན་འཁོར། །གང་ཐུགས་ལྷ་ལམ་ཡངས་པར་གནས་བཅས་པའི། །དྲི་བྲལ་མཁྱེན་བརྩེའི་རྟ་ལྗང་དཀྱིལ་འཁོར་ནས། །མན་ངག་ཟེར་གྱིས་འགྲོ་ཀུན་རྨོངས་པའི་མུན། །བསལ་ཏེ་བདེ་ཆེན་སྣང་བ་སྩོལ་ལ་སྤྲོ། །འདི་ན་རྒྱལ་བ་ཡོངས་ཀྱིས་བསྐྲུན་མིན་པའི། །བཀའ་དྲིན་གཞལ་མེད་སྐྱབས་མགོན་ཉིད་ཀྱི་མཐུས། །བརྙན་པོའི་ལུས་རྟེན་འབྱུང་བཞི་སྙོམས་ངོས་ནས། །དགེ་བའི་བསམ་པ་མ་དོར་ཙམ་དུ་མཆིས། །འཚམས་ཞུས། །སླར་ཡང་གསོལ་འབྲས་ཉིད་ཀྱི་ཞབས་པད་ཟུང༌། །བསྐལ་བརྒྱར་བཞུགས་ལ་འགྲོ་ཀུན་དུག་གསུམ་གྱི། །ཚ་བའི་གདུང་འཕྲོག་ཐུབ་བསྟན་གདུགས་དཀར་པོ། །སྲིད་མཐར་བསྒྲེངས་པའི་ཐུགས་བསྐྱེད་ཆེར་བཞེས་མཛོད། །རྣམ་གཡེང་སེར་བུས་ཉིན་མཚན་ཁོར་ཡུག་ཏུ། །ཆེས་ཆེར་གཡོ་བས་ཉམས་ཆུང་སྒྲོན་མེ་བདག །ཐུགས་དམ་རིན་ཆེན་བརྩེགས་པའི་ཁང་བཟང་ནས། །རྨད་བྱུང་བརྩེ་བས་དུས་ཀུན་སྲུངས་པར་ཞུ། །ཞེས་ཟླ་ཚེས་ལ་ཕུལ།། །།རྒྱལ་ཀུན་ཡེ་ཤེས་མཚར་སྡུག་སྒྱུ་འཕྲུལ་གར། །སྣ་ཚོགས་ཆུ་ཟླའི་འཛུམ་རླབས་རོལ་བ་ལས། །སྲིད་ཞིའི་གདུང་སེལ་བདུད་རྩིའི་འོད་ཞགས་ཀྱིས། །རྒྱལ་བསྟན་ཀུནྡའི་ཚལ་རབ་སྐྱོང་དེའི་དྲུང༌། །འདི་སྣང་ཆོས་བརྒྱད་རོ་ཡི་མྱོས་པ་ལས༑ ༑མཚམས་སྤྲིན་ལ་ཆགས་མཚརསྡུག་བླ་གོས་ཀྱིས། །ཉེ་བར་ཀླུབས་པའི་གུས་ཕྲན་ཆུ་ཤིང་ལྟས། །སྙན་པར་རློམ་པའི་ཚིག་ཕྲེང་མེ་ཏོག་འཛུམ། །རིང་ནས་སྡུག་ཀུན་མགྱོགས་འགྲོའི་གྲོང་ཁྱེར་ལས། །འཕགས་ཏེ་འགོག་ལམ་འཆི་མེད་རྫིངས་རིང་དུ། །མཛད་བཟང་གོ་ལའི་ཐ་གྲུར་རྒྱུ་བའི་ཚུལ། །ཚད་མའི་འོད་སྟོང་ཕོ་ཉའི་ངག་ལས་རྙེད། །མདོ་རྒྱུད་མ་ལ་ཡ་ཡི་འཁྲི་ཤིང་གི །ཟབ་དོན་འདབ་མ་ཟོས་པས་རབ་མྱོས་ཏེ། །ལེགས་བཤད་སྒྲེགས་པའི་དྲི་བཟང་ཕོ་ཉ་ཡིས། །མཁས་རློམ་འཆི་མེད་ཁངས་འཕྲོག་སྤོས་ཀྱི་གླང༌། །ཆོས་རབ་རྣམ་འབྱེད་ལྷ་ཡི་ལམ་ཡངས་སུ། །རྣམ་དཔྱོད་ཆུ་འཛིན་ཕྱོགས་ཀྱི་ལག་ལྡན་རྣམས། །སྣ་ཚོགས་དགག་སྒྲུབ་དཔལ་ལ་རོལ་བ་ཡི། །རྩོད་ངག་རབ་སྙན་དབྱར་སྐྱེས་རོལ་མོ་རྨད། །གང་གི་མཁས་ཚུལ་གྲགས་པའི་སྦྲང་ཡིག་གིས། །ཕྱོགས་ཀྱི་བུ་མོ་མུ་ཏིག་འཁྲི་ཤིང་གི །རབ་དགའི་ལང་ཚོ་དར་བའི་མཛེས་སྡུག་དཔལ། །བཞད་པས་ནག་ཕྱོགས་འཇོམས་པའི་ངང་ཚུལ་ལ། །རྒྱལ་ཀུན་དགྱེས་པའི་ཆུ་འཛིན་བླ་བྲེ་ནི། །བསྔགས་བརྗོད་བདུད་རྩིའི་ཁུར་གྱིས་ལྕི་བའི་འཛུམ། །གང་གི་ཡོན་ཏན་མཁའ་ལ་རོལ་བ་ན། །གུས་ཕྲན་དད་པའི་མདོངས་མཐའ་གར་གྱིས་རོལ། །འདི་ན་སྡུག་ཀུན་སྲིད་པའི་གྲོང་ཁྱེར་དུ། །གཟུང་འཛིན་རྣམ་རྟོག་འཁྲུལ་བའི་བཙོན་ར་རུ། །ཆགས་སོགས་ཉོན་མོངས་ཞགས་པའི་མུ་ཁྱུད་ཀྱིས༑ ༑གདུངས་བཞིན་གྱི་ན་ཙམ་དུ་འཚོ་བ་ལགས། །བློ་བཟང་རྒྱལ་བའི་རིང་ལུགས་ཀུན་ཕན་དབང༌། །བསྟན་འགྲོའི་མཁའ་ལ་རོལ་བའི་འཛུམ་རླབས་ཀྱི། །དཔལ་ལ་རོལ་པའི་བློ་ལྡན་སློབ་བུ་ལ༑ ༑བློ་མིག་འབྱེད་པའི་རིགས་ལམ་ནུས་སྟོབས་རྨད། །མཚན་དཔེའི་ལང་ཚོ་འབར་བ་གང་གི་སྐུ། །ཀུན་བཟོད་བཙུན་མོ་ཆུ་གཏེར་སྐ་རགས་ཀྱིས། །ལྷོད་པར་མ་གྱུར་དེ་སྲིད་གཡོ་མེད་པར། །བསྟན་འགྲོའི་དཔྱིད་དུ་རྡོ་རྗེའི་ཁམས་སུ་བཞུགས། །བདག་ཀྱང་རིང་མིན་ཁྱོད་ཞལ་མཐོང་བ་དང༌། །གསུང་གི་བདུད་རྩིའི་རོ་ཡིས་མྱོས་པ་ཡི། །དད་པའི་དཔག་བསམ་འཁྲི་ཤིང་རྩེ་མོ་རུ། །རྣམ་གྲོལ་འབྲས་བུའི་ལང་ཚོ་དར་བར་ཤོག །དེ་སྐད་ཞུ་ཡིག་བྷྲ་མ་རཿ སྙན་པའི་མགྲིན་རྔ་བརྡུང་བཞིན་དུ། །ལྷ་རྫས་འདབ་མའི་རོལ་རྩེད་དག །ངོམས་བཞིན་ཁྱོད་དྲུང་ལྗོན་པར་བསྙེགས།། །།རླབས་ཆེན་ཐུགས་བསྐྱེད་གངས་ཀྱི་རི་བོའི་སྤོར། །ལྔ་རིག་གདོང་གིས་མཛེས་པའི་འཕྲོག་བྱེད་དབང༌། །གྲུབ་བའི་གདེང་ཚད་གཡུ་རལ་བསིགས་པའི་ལྕིད། །ལོག་སྨྲའི་སྙིང་གིས་བཟོད་མིན་གང་དེའི་དྲུང༌། །མི་བཟད་ལས་ངན་དབང་གིས་དུག་གསུམ་མེས། །རྣམ་དག་དགེ་བའི་ཚང་ཚིང་ཀུན་བསྲེགས་ཏེ། །ཆོས་མིན་དུ་བའི་ཀློང་དུ་འཁྱིལ་བ་ཡི། །ཀླད་མེད་དེ་ཡིས་ཐལ་སྦྱར་མཆིད་འདི་ཞུ། །བསྐལ་བར་གོམས་པའི་དགེ་ཚོགས་ས་སྲུང་སྟེང༌། །མཁྱེན་དང་བརྩེ་བའི་འདྲེན་བྱེད་སྟོང་གཡོ་ཞིང༌། །དྲི་མེད་རིགས་པའི་རྩེ་བརྒྱ་གདེངས་ཙམ་གྱིས། །རྒོལ་ངན་ལྷ་མིན་མངལ་ཁུར་ས་ལ་བྲུལ། །རིན་ཆེན་རི་དབང་མ་བསྒྲིལ་ཞིང༌། །ཀླུ་རྒྱལ་ཐག་པར་མ་བྱས་པར། །ཆུ་གཏེར་མ་བསྲུབ་སྣང་བའི་དཔལ། །སྦྱིན་པའི་ཉིན་བྱེད་སུ་ཡིས་བྱས། །ཤེས་བྱའི་གནས་ཚུལ་རྣམ་བཀྲའི་ལྡིང་ཁང་དབུས། །བརྡ་སྤྲོད་གསེར་གྱི་ཁྲི་ལ་རྣམ་འགྱིང་བ༑ ༑སྐབས་གསུམ་མདུན་ས་མཛེས་པའི་ལྷའི་བླ་མ། །དྲན་བཟང་ཟོལ་གྱིས་ས་ལ་རྒྱུ་བར་བས། །གང་གི་གྲུབ་པའི་ཡོན་ཏན་ཆ་ཙམ་གྱིས། །ནག་ཕྱོགས་ཕ་མཐར་བསྐྲད་ལ་མཚར་དུ་ཅི། །མི་ཟད་གསང་བདག་ནུས་པའི་རང་བཞིན་དེ། །ཁྱོད་ཐུགས་ཡོལ་གོ་གཅིགཏུ་འཁྱིལ་མིན་ནམ། །མཁྱེན་དཔྱོད་རྣམ་པར་བཀྲ་བའི་པྲ་དཱི་བཿ ལྷག་པའི་བསམ་པ་མཆོག་གི་སཱ་མི་ཏ། །ཕྱོགས་ལས་རྣམ་པར་རྒྱལ་བའི་ངྷྭ་ཛཀ །སྐྱེ་དགུའི་གཙུག་ན་མཛེས་པ་ཀེ་ཏུཿ འོ། །མི་སྲུན་གདུག་པའི་སྦྲུལ་གྱིས་རབ་དབེན་ཞིང༌། །ཐོག་མཐའ་བར་དུ་མངར་བའི་དཔལ་དང་ལྡན། །མཐོ་རིས་ཐེམ་སྐམ་མཛེས་ལ་གྱེན་འགྲོ་བའི། །འདི་འདྲའི་རྒྱ་མཚོ་སྐལ་བའི་གྲོགས་སུ་ཐོབ། །ཨེ་མ་ངོ་མཚར་རི་མོ་གསུམ་པའི་སྦུབས། །ཉམས་དང་འགྱུར་བ་སྟོང་གི་གཡས་འཁྱིལ་བས། །ཕ་མཐའ་ཟད་དུ་མེད་པའི་སྨྲ་དབང་མཛོད། །ཟླ་མཛེས་ལྷ་མོ་ཡོངས་སུ་གྲུབ་པ་ལས། །ཞུགས་རིགས་དོན་བཟང་རྒྱན་གྱི་མུ་ཏིག་ཚོགས། །སྡེབས་ལེགས་ཚིག་གི་འཕྲེང་བར་བསྟར་བ་ན། །ཆོས་བློན་རིགས་པའི་འཕྲུལ་གྱིས་སྲད་བུའི་རྒྱུད། །དུང་གི་ཁོག་པར་ཆུད་ལ་ངོ་མཚར་ལྷོད། །ཀོ་ཀི་ཡ་ཡི་དབྱངས་འདྲ་ཁྱོད་གསུང་གིས། །ཁོ་བོའི་ཐོས་འཛིན་སྐལ་བཟང་བྱེད་སྙམ་སྟེ། །གོ་སྐབས་གཞན་ལ་རེ་བ་ལྷོད་པས་མོད། །ངོ་མཚར་འཕྲིན་གྱིས་རྫོགས་ལྡན་དགའ་སྟོན་བསུས། །འདི་ན་ཕྱི་རོལ་དགེ་སྦྱོང་རྟགས་བཀྲ་ཡང༌། །ནང་དུ་དོན་གྱི་ངོ་བོར་གྲུབ་པའི་དོན། །རྡུལ་ཙམ་བཞག་དུ་མེད་པའི་སྟོང་པ་ཉིད། །སྣང་སྟོང་ཕན་ཚུན་རོལ་བ་མི་གཏོང་ཞིང༌། །འདི་སྣང་ཆུ་གཉེར་ཟླ་རིས་རྗེས་བསྙེགས་ཏེ། །ཟིན་དུ་རེ་བའི་ངལ་བརྒྱས་འབད་ནའང༌། །མ་གྲུབ་ཆགས་སྡང་མལ་དུ་རྨོངས་པས་མྱོས། །འདི་ཕྱི་གང་གི་དོན་ལ་རེ་ཐག་ཆད། །འོན་ཀྱང་རྒྱལ་ཀུན་མཁྱེན་པའི་ངྷཱིཿ ཡིག་ཁམས། །ཐབས་ཤེས་རྟ་ལྗང་འོད་ཀྱིས་བཞད་པའི་བཅུད། །ཁ་སྦྱོར་བདུན་ལྡན་ཁམས་སུ་ལེགས་གྲུབ་པའི། །འཇམ་མགོན་བླ་མའི་བསྟན་ལ་མོས་ཙམ་གདའ། །འཚམས་ཞུས། །སྒྲ་རིགས་རྒྱ་མཚོའི་ཕ་མཐའ་འཇལ་བ་ལ། །རྨད་དུ་བྱུང་བའི་འཕྲུལ་གྱི་གསང་ཚིག་མཆོག །འཕགས་མ་དངོས་ཀྱི་ཞལ་རླངས་བརྡ་སྤྲོད་ཀྱི། །ཊི་ཀྐ་གསར་བའི་གླེགས་བམ་དང་བཅས་ཏེ། །བྱམས་དང་བརྩེ་བའི་ཆུ་འཛིན་འཁྲིགས་པ་ལས། །ས་བཟང་ཊིཀྐའི་བདོག་པ་སྦྱིན་ནོ་ཞེས། །ཟབ་ཅིང་བརླིང་བའི་དབྱར་རྔ་རྒོད་པའི་མོད། །བདག་ཡིད་མདོངས་མཐའ་དགའ་བའི་གར་གྱིས་བྲེལ། །བདག་ལ་བུང་བ་གསེར་དུ་གཟིགས་པའི་མདངས། །གནས་ལྔ་རིག་པའི་ཕྱོགས་ཙམ་མཐོང་བ་ལ། །བསྔགས་བརྗོད་མེ་ཏོག་ཚུལ་དུ་འཐོར་བ་ནི། །དགའ་དང་སྤྲོ་བའི་འགྱུར་བ་འབུམ་གཡོ་ཡང༌། །གནས་ལྔ་རྫོགས་པའི་པཎ་ཆེན་རང་ཉིད་ཀྱང༌། །དགོས་པའི་དབང་གིས་སྨད་ཅིང་ཁེངས་བསྐྱུངས་ཚེ། །རྣམ་གཡེང་རྒྱ་ལ་ཐིམ་པའི་ངང་ཚུལ་འདི། །བསམ་ན་སྐྱེངས་ཏེ་གདོང་ཡང་དམར་པོར་བྱས། །རྔུལ་ཆུའི་མུ་ཏིག་བདོག་པ་བསྟར་བ་ལ། །དྲུང་དུ་འོངས་པའི་གྲོགས་རྣམས་ཤེས་དོགས་ཏེ། །ཨེ་མ་ད་ལྟ་དཔྱིད་ཀྱི་དུས་ཡིན་ཕྱིར། །རྟ་བདུན་བདག་པོའི་ཟེར་གྱིས་ཚ་ཞེས་སྨྲར། །དེང་ནས་མཛའ་བའི་འཁྱུད་པ་མི་ལྷོད་པར། །སྒྲ་རིག་དུ་མའི་ངོ་མཚར་སྟོན་རྩིས་པའི། །བདེན་པའི་གསུང་གི་འབྲས་བུ་སྨིན་པ་དང༌། །གནས་སྐབས་ཀུན་ཏུ་དགེ་བའི་སྐྱབས་འཇུག་མཁྱེན། །སླར་ཡང་ཐུགས་བསྐྱེད་བཙན་པོའི་གོ་གྱོན་ཏེ། །མཁྱེན་བརྩེ་ནུས་པའི་འོད་སྟོང་གཟི་བྱིན་གྱིས། །བསྟན་འགྲོའི་ཕན་བདེའི་དགའ་ཚལ་བཞད་པ་དང༌། །ནག་ཕྱོགས་སྲིན་བུའི་མཇུག་སྒྲོན་ཕམ་པར་མཛོད། །མང་ཐོས་འཆི་མེད་དགའ་ཚལ་ལས་འོང་བའི། །སྒྲ་འཛིན་དཔྱིད་དུ་འབབས་པ་སྙན་པའི་ཚིག །དར་དིར་སྒྲོགས་པའི་ཕེབས་ཚོགས་མཻ་ནཿཀས། །བདག་ཡིད་པདྨོའི་དོ་ར་མཛེས་པར་མཛོད། །དེ་ལྟའི་ཞུ་ཚིག་ཨུཏྤལར། །སྤྱན་རས་བུང་བ་རོལ་བའི་སླད། །ཉིད་ཀྱི་བཀའ་ལུང་སྨིན་པ་བཞིན། །བདོག་པའི་སྦྲང་རྩི་འདི་ཡིས་གཏམས། །གངས་ཅན་ལྷ་གཅིག་སྤྱན་རས་གཟིགས་དབང་གིས། །རྣམ་སྣང་དབུ་དང་ཕྱག་གི་མེ་ཏོག་ཕྲེང༌། །དོར་ཏེ་ངུར་སྨྲིག་གར་རོལ་ཡབ་རྗེ་ཡི། །མཚན་བཟང་ཆ་ནས་ལས་འཁྲུངས་སྐུ་བརྙན་དང༌། །རྣམ་དག་ཚུལ་ཁྲིམས་དྲི་ཡི་དད་ལྡང་བའི། །མཐོ་རིས་ཐར་པར་འཁྲིད་པའི་ས་མཁན་མཆོག །དབང་མེད་དད་པའི་མཛའ་བོ་འགུགས་པ་པོ། །བྱིན་དུ་ཆགས་པའི་ན་བཟའི་དུམ་བུ་དང༌། །མ་ཕྱིས་འོད་དུ་འཚེར་བའི་ཤ་རི་རམ། །མ་བགོས་མ་ལ་ཡ་ཡི་དྲི་བསུང་རྫོགས། །མ་བསྐུལ་བདུད་རྩི་སིལ་བའི་རིལ་བུ་འདི། །བསྟན་དང་འགྲོ་བའི་དཔལ་དུ་ཆེའམ་སྙམ། །ཉམས་འགྱུར་རོ་དང་མི་ལྡན་པའི། །དམ་དུམ་ཚིག་གིས་སྙན་གཙེར་ཀྱང༌། །དགའ་བའི་སྒེག་ཉམས་གསལ་བའི་ཕྱིར། །ལྷ་རྫས་མེ་ཏོག་བཅས་ཏེ་ཕུལ།། །།རྨད་བྱུང་མཁྱེན་པའི་དཀྱིལ་འཁོར་ཡོངས་སུ་རྫོགས། །ཚད་མེད་ཐུགས་རྗེའི་བསིལ་ཟེར་འབུམ་ཕྲག་གིས། །ཡབ་རྗེའི་ལུགས་བཟང་ཀུནྡ་རྒྱས་མཛད་པའི། །བཤེས་གཉེན་རྒྱུ་སྐར་བདག་པོ་དེ་ཡི་དྲུང༌། །གང་གི་ཡོན་ཏན་བདུད་རྩིའི་ཆགས་མའི་ཆ། །སྙིང་ལ་སིམ་པས་དད་པའི་ཀུ་མུད་ད། །བཞད་དང་ལྷན་ཅིག་ལག་སོར་འདབ་བརྒྱའི་དཔལ། །སྤྱི་བོར་ཟུམ་སྟེ་གུས་པས་མཆིད་འདི་འབུལ། །ཚོགས་གཉིས་རིན་ཆེན་དག་པའི་ཁམས་ལས་གྲུབ། །རྣམ་བཞིའི་འཕྲིན་ལས་བང་རིམ་རབ་བཀྲ་ཞིང༌། །མཁས་མང་གསེར་རིའི་དབུས་ན་ཆེར་འཕགས་པའི། །ཐུབ་བསྟན་འཛིན་མའི་རྒྱུན་གཅིག་ཁྱོད་ལས་སུ། །དེ་ཕྱིར་ཁྱོད་ཀྱི་གསང་གསུམ་ཡོན་ཏན་ལ། །འགྲན་འདོད་མཁའ་ཡི་བུ་མོ་ལུས་ཕྲ་མས། །སྣང་བྱེད་ཟུང་གི་རྣ་ཆ་རབ་གཡོ་ཞིང༌། །རྒྱུ་སྐར་ཕྲེང་བས་མགུལ་བ་མཛེས་བྱས་ཀྱང༌། །མཚོན་པར་མ་ནུས་སྐྱེངས་པའི་རྣམ་འགྱུར་གྱིས། །དམིགས་མེད་སྟོང་པའི་དབྱིངས་སུ་ཉེར་ཞུགས་ཚེ། །ཆེར་རློམ་དྲེགས་པའི་ཁེངས་པ་ཡོངས་བཏང་ནས། །ཁྱོད་ཞབས་ཟུར་ཕུད་མཛེས་པའི་རྒྱན་དུ་བསྟེན། །རྒྱལ་ཀུན་གསང་གསུམ་མི་ཟད་འཁོར་ལོའི་མཛོད། །བདག་གིར་བཟུང་ནས་བསྟན་འགྲོའི་དཔུང་གཉེན་དུ། །འཛད་མེད་ཕན་བདེའི་སྒོ་ཕར་ཡོངས་ཕྱེས་ཏེ། །གཏན་བདེའི་དགའ་སྟོན་འགྱེད་ལ་རྒྱལ་བ་བཞིན། །འདིའི་འཕྲོའི་ཤོག་དྲིལ་མ་རྙེད།། །།གདོད་ནས་སྐྱེ་འཇིག་མཐའ་བྲལ་ཆོས་དབྱིངས་ལས། །གང་འདུལ་སྤྲུལ་པའི་ཟློས་གར་འབྱམས་ཀླས་པར། །བསྒྱུར་མཛད་རྡོ་རྗེ་འཛིན་དང་དབྱེར་མེད་པ། །མཚུངས་མེད་དམ་པའི་ཞབས་སེན་འདབ་བརྒྱའི་དྲུང༌། །གང་ན་སྣ་ཚོགས་ལས་ཀྱི་བྱེད་པོ་ཡིས། །ཉེར་བསྐྲུན་བདེ་སྡུག་ཚོན་གྱི་རི་མོ་འབུམ། །མ་འདྲེས་སོ་སོར་བཀྲ་བའི་ལྟད་མོ་ལ། །གཡེང་བའི་དགེ་སྦྱོང་དེ་ཡི་གུས་པས་ཞུ། །དེང་ཆར་མོས་ལྡན་ཤར་རིའི་ཅོད་པཎ་དུ། །ཁྱོད་སྐུའི་ཡོན་ཏན་྾྾འདི་ན་དམ་པའི་མཚན་སྙན་ཡིད་བཞིན་ནོར། །དལ་བའི་རྒྱུན་དུ་ཐོབ་པའི་དགེ་སྦྱོང་ཡང༌། །འདི་སྣང་བདེ་ལ་ཆགས་པས་རབ་མྱོས་པས། །གཏད་མེད་བྱ་བས་བྲེལ་བཞིན་བདེ་བར་གནས། །འཚམས་ཞུས། བདེ་ཆེན་སྒྱུ་མའི་རང་བཞིན་གདོད་མའི་གཤིས། །ངེས་དོན་གཞོམ་བྲལ་རྡོ་རྗེའི་དཔལ་མངའ་ཡང༌། །ཚུར་མཐོང་སྣང་ངོར་ཤར་བའི་གཟུགས་སྒྱུའི་གར། །ནམ་ཡང་གཡོ་མེད་བསྐལ་བརྒྱར་རྟག་བརྟན་ཞུ། །ཉིན་བྱེད་འོད་ཀྱིས་པད་ཚལ་བཞིན། །རིང་ན་གནས་ཀྱང་མཛའ་བའི་དཔལ། །ལྷོད་མིན་བརྩེ་བས་གསུང་འཕྲིན་ཡང༌། །གངྒཱའི་རྒྱུན་བཞིན་རིམ་ཡོད་ཞུ།། །།བློ་བཟང་རྒྱལ་བསྟན་གངས་རིའི་སྦེར་འགྱིང་ཞིང༌། །དགག་སྒྲུབ་དྲི་མེད་ལུང་རིགས་སྒྲ་དབྱངས་ཀྱིས། །སྨྲ་ངན་གཉིས་འཐུང་འཇོམས་མཛད་གདོང་ལྔ་བའི། །སྤྲུལ་པའི་སྐུ་མཆོག་གང་གི་ཞབས་པད་དྲུང༌། །རྩེ་གཅིག་དད་མོས་གུས་པའི་དྲི་བཞོན་གྱིས། །བསྐྱོད་པའི་བདག་ཡིད་འདབ་སྟོང་རྒོད་པའི་རྩེར། །སྤྲོ་དགའི་ཟློས་གར་གསང་ས་ལྷུར་ལེན་པའི། །ཞུ་ཡིག་བུང་བའི་གླུ་དབྱངས་འདི་ལྟར་འབུལ། །སྤྲུལ་པའི་སྐུ་མཆོག་ཟླ་ཤེལ་དབང་པོ་ཁྱོད། །གདུལ་བྱའི་བསོད་ནམས་ཤར་རིའི་ཕྲག་པ་རུ། །ཐུགས་བསྐྱེད་རླུང་གིས་ལེགས་དྲངས་འཕྲིན་ལས་ཀྱི། །འོད་སྟོང་བདག་ཡིད་ཀུནྡའི་ཕོན་པོར་སིམ། །འདི་ན་གང་གི་ཐུགས་རྗེས་ཉེར་འཚོ་བ། །དམ་པའི་ཞབས་རྡུལ་རིན་ཆེན་དབང་གི་རྒྱལ། །སྤྱི་བོའི་རྒྱན་དུ་ཐོབ་པས་སྐལ་བཟང་ཡང༌། །འདི་སྣང་ཟིན་མེད་བྱ་བས་བྲེལ་བཞིན་མཆིས། །འཚམས་ཞུས། འགྲོ་ཁམས་པདྨོའི་རྗེས་འབྲེལ་གང་འདུལ་གྱིས། །གསང་གསུམ་སྒྱུ་འཕྲུལ་བགྲང་ཡས་ནམ་མཁའི་ནོར། །བསྟན་འགྲོར་སྨན་པའི་མཛད་བཟང་སྟོང་འབར་བས། །རྫོགས་ལྡན་གསར་པའི་དགའ་སྟོན་སྩོལ་པ་དང༌། །གཞོམ་གཞིག་བྲལ་བ་རྡོ་རྗེའི་ཁྲི་འཕང་ཆེར། །མགོན་ཁྱོད་ཚེ་མཐའ་ཡས་པའི་ངོ་བོ་རུ། །བསྐལ་པ་རིམ་གཡོ་བདག་ཀྱང་འཕྲལ་ཡུན་དུ། །དགེ་བའི་སྐྱབས་འཇུག་འདོར་མེད་གནང་བར་ཞུ། །ཉིན་བྱེད་དབང་པོ་མཁའ་ལ་རྒྱུ་བ་ན། །འོད་ཀྱིས་འཛིན་མའི་པད་ཚལ་སྐྱོང་བ་བཞིན། །ཡུལ་གྱིས་བསྐལ་ཡང་བརྩེ་བས་མི་འདོར་བར། །ཕེབས་ངོས་སྐལ་ལྡན་ཤིང༌རྟའི་རྒྱུན་བཞིན་ཞུ། །ལྷ་རྫས་གཤོག་ཟུང་འདབ་མ་རབ་བསྐྱོད་པའི། །ཞུ་ཡི་རྐང་དྲུག་ལྡན་པའི་གཞོན་ནུ་ཞིག །སྲིད་འདིར་མཚུངས་པ་བྲལ་བ་གང་ཞིག་གི །ཞབས་འདེགས་ཆུ་སྐྱེས་ཚལ་དེར་རོལ་ལ་བྲེལ། །ཟླ་ཚེས་དགེ་བར་སྤྲུལ་མིང་པས་གུས་པས་ཕུལ།། །།རྨད་བྱུང་ཐུགས་བསྐྱེད་ཆུ་གཏེར་ལས་འཁྲུངས་ཤིང༌། །ལུང་རྟོགས་ཡོན་ཏན་གཟི་བྱིན་སྟོང་འབར་བས། །རྒྱལ་བའི་ལུགས་བཟང་བསྟན་པའི་པད་དཀར་ཚལ། །རྒྱས་མཛད་སྨྲ་བའི་ཉི་མ་དེ་ཡི་དྲུང༌། །འདི་ན་སྔོན་བསགས་ལས་ཀྱི་བྱེད་པོ་ཡིས། །ཐུབ་བསྟན་རིན་ཆེན་གཙུག་གི་རྒྱན་མཆོག་ཏུ། །ཐོབ་ཀྱང་འདི་སྣང་བདེ་ལ་སྲེད་པའི་བློས། །ཚུལ་བཞིན་སྒྲུབས་པའི་སྐལ་དམན་དེ་ཡི་མཆིད། །ཁྱོད་སྔོན་རྒྱལ་དང་རྒྱལ་སྲས་སྤྱན་སྔ་རུ། །བགྲང་ཡས་ལུས་ཅན་སྒྲོལ་བའི་དམ་བཅའི་ཁུར། །མ་ཉམས་དེང་དུས་ཡོན་ཏན་བྱེ་བ་ཡིས། །རབ་མཛེས་འགྲོ་བའི་གདུང་སེལ་ཨེ་མ་རྨད། །དེང་ཆར་གཞན་ཕན་འཕྲིན་ལས་སྣང་བའི་གཟིས། །ཐུབ་བསྟན་པདྨོའི་དགའ་ཚལ་བཞད་པའི་དཔལ། །ཐར་འདོད་རྐང་དྲུག་ཟབ་དོན་སྦྲང་རྩི་ལ། །རོལ་བའི་སྙན་པ་ཕྱོགས་མཐར་ཁྱབ་པས་སྤྲོ། །འདི་ན་མཆོག་གསུམ་བྱིན་རླབས་ཉིན་བྱེད་ཀྱིས། །རྟག་པར་འཚོ་བ་བཙུན་གཟུགས་འདབ་སྟོང་ཅན། །ཉེར་འཚེའི་བ་མོས་རེག་པ་དང་བྲལ་ཏེ། །ལྟར་སྣང་དགེ་བའི་འདུན་པ་མ་ལྷོད་ཙམ། །འཚམས་ཞུས། ཆེད་དུ་ཞུ་སྙིང༌། སྐྱབས་མགོན་ཉིད་ནས་ཆོས་སྡེ་གསར་བསྐྲུན་གྱི་ཁུར་བཞེས་ལེགས་པར་གྲུབ་པའི་སྙན་པ་ཐོས་འཛིན་ལམ་དུ་སོན་པས་དགའ་སྤྲོ་འགྱུར་བ་མེད་པའི་ཀློང་ནས་རྣམ་དཀར་བཤད་སྒྲུབ་ཀྱི་བྱ་བ་མཐའ་དག་དབྱར་གྱི་དཔལ་མོ་དང་འགྲོགས་པའི་ཆུ་གཏེར་བཞིན་དུ་འཕེལ་བའི་སྨིན་འདུན་གྱིས་འཚམས་སྦྱར་ཏེ། ཡབ་རྗེའི་སྐུ་བསྙན། བྱིན་རྟེན་ལེ་ཚན། ལྷ་རྫས་བཅས་ཕུལ་བ་དགྱེས་བཞེས་དང༌། །སླད་མར་ཡང་རྒྱལ་བསྟན་ཕྱོགས་མཐར་སྤེལ་བའི་ཐུགས་བསྐྱེད་ལྷོད་པ་མེད་པ་ནས་མཛའ་བ་མི་ཉམས་པའི་ཕེབས་ཚོགས་ཀྱང་རིམ་ཡོད་ཞུ་སྤྲོ། རྣམ་འདྲེན་རྒྱལ་བསྟན་དྲི་མེད་པ་དན་མཆོག །སྲིད་པའི་རྩེ་མོར་བསྒྲེངས་པའི་བྱེད་པོ་རུ། །ཁྱོད་ཞབས་དགེ་མཚན་རི་མོ་བསྐལ་བརྒྱའི་བར། །གཞོམ་མེད་རྡོ་རྗེའི་ཁམས་ལྟར་བརྟན་པ་ནས། །སྲིད་ཞིའི་རྒུད་ཚོགས་རིམས་ནད་སེལ་བྱེད་མཆོག །ཟབ་དང་རྒྱ་ཆེའི་ཆོས་ཚུལ་ལེགས་བཤད་གཏམ། །མ་སྨད་གཡས་འཁྱིལ་སྐྱེས་པ་ལྔ་པའི་སྒྲ། །རྣམ་དཔྱོད་བརྩོན་པས་སྒྲོགས་ལ་གཡེལ་མེད་ཞུ། །ཞེས་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་ནས་ཟླ་ཚེས་དགེ་བར་གུས་པས་ཕུལ།། །།རྨད་བྱུང་བློ་གྲོས་བཟང་པོའི་རྩ་ལ་རྫོགས་པས། །ཐུབ་བསྟན་གངས་རི་འཛིན་པའི་དཔལ་ལྡན་ཞིང༌། །སྨྲ་ངན་ཝ་སྐྱེས་ཁྱུ་ཚོགས་མཐར་མཛད་པའི། །མི་ཡི་སེང་གེ་གང་གི་ཞབས་དྲུང་དུ། །ཡང་ན། བློ་བཟང་རྒྱལ་བསྟན་རབ་བརྗིད་གངས་རིའི་སྤོར། །འཛིན་མེད་ལྟ་བའི་ལེགས་བཤད་སྒྲ་དབྱངས་ཀྱིས། །རྒོལ་ངན་གཉིས་འཐུང་སྙེམས་པ་འཕྲོག་བྱེད་པའི། །སྨྲ་བའི་སེང་གེ་གང་དེའི་ཞབས་དྲུང་དུ། །གུས་ལྡན་སོར་བཅུ་ཟུམ་དང་ཆབས་གཅིག་པར། །ཞུ་ཡིག་དྲུག་ལྡན་བུང་བའི་དར་དིར་གླུ། །གྲགས་སྙན་དྲི་བསུང་འཐུལ་བའི་ཕྱོགས་དེ་རུ། །དགའ་ཤུགས་འདབ་མ་བསྐྱོད་བཞིན་འདི་སྐད་ཞུ། ། ཟབ་ཡངས་མཁྱེན་པའི་ཆུ་གཏེར་ལས་འོངས་པའི། །ལེགས་བཤད་རླབས་ཀྱི་ཕྲེང་བ་འབུམ་གཡོ་བར།།རྒྱལ་བའི་མཛད་བཟང་ཀུནྡའི་ཕོན་པོ་ཡིས། །ལེགས་པར་གཏམས་པའི་སྙན་ཚིག་ཡིད་ལ་སིམ། །དམ་པའི་ཐུགས་རྗེ་ལྷོ་ཕྱོགས་ས་ལ་ཡར། །དམ་ཆོས་དྲི་བསུང་འཐུལ་བའི་ཚལ་བཟང་བོར། །ཉེར་འཚེའི་བ་མོའི་རེག་བྱ་མ་མྱོང་བར། །ཉེ་གནས་དང་བཅས་བདེ་བའི་སྐབས་སུ་ལགས། །མགོན་ཁྱོད་ཞབས་ཟུང་བཀྲ་ཤིས་དགེ་མཚན་གྱིས། །མངོན་པར་མཛེས་པ་འཇིགས་མེད་གདོང་ལྔའི་ཁྲིར། །བསྐལ་བརྒྱར་བརྟན་ངོས་གསུང་འོས་བདུད་རྩིའི་ཟེགས། །སེམས་ཉིད་ཀུན་ད་རྒྱས་པའི་དཔལ་དུ་སྨོན། །ཐུགས་རྗེའི་སྤྱན་ཟུང་ཡུད་ཙམ་གཡོ་བའི་རྟེན། །སྨད་སོག་སོར་མོའི་འདུ་བྱེད་ལས་ཐོན་པའི། །དྲིལ་གདན་ལྷ་རྫས་གོས་ལྡན་ཞུ་ཡིག་གི། །ཁྱེའུ་ཆུང་ཕྱོགས་དེར་ལྷག་ལ་དགའ་བས་བྲེལ། །ཟླ་ཚེས་དགེ་བར་ཕུལ། །ཐུབ་བསྟན་གངས་རིའི་སྤོ་ལ་དབང་བསྒྱུར་ཞིང༌། །འཇམ་མགོན་རིང་ལུགས་དམར་སེར་རལ་ཁུར་ཅན། །དྲི་མེད་རིགས་ལམ་གད་རྒྱང་ང་རོ་ཡིས། །ཕས་རྒོལ་འཇོམས་མཛད་གདོང་ལྔའི་དབང་པོའི་དྲུང༌། །གུས་འདུད་འདབ་སྟོང་འོད་དུ་འཚེར་བའི་རྩེར། །ཞུ་ཡིག་གླུ་དབྱངས་དར་དིར་སྒྲོགས་པ་ཅན། །དོན་བཟང་གར་གྱིས་རོལ་བ་སྟོང་གཡོ་བ། །བརྩེ་བའི་སྤྱན་གྱིས་ཡུད་ཙམ་རོལ་བར་ཞུ། །དགེ་ལེགས་ཆུ་གཏེར་ཀློང་ན་མངོན་མཐོ་བའི། །གང་སྐུ་རབ་བརྗིད་ས་འཛིན་ལྷུན་པོ་མཆོག། །མདོ་སྔགས་བང་རིམ་མངོན་པར་བཀྲ་བ་ཅན། །མཁས་མང་གསེར་རིའི་དབུས་ན་བཞུགས་ལས་ཆེ། །འདི་མན་མ་རྙེད། །ཐུབ་བསྟན་གངས་རིའི་སྤོ་ལ་གནས་བཅས་ཤིང༌། །ལུང་རྟོགས་ཡོན་ཏན་རལ་བའི་ཁུར་གྱིས་བརྗིད། །རྒོལ་ངན་གླད་འགེམས་རིགས་པའི་མཆེ་སྡེར་ཅན། །བཤེས་གཉེན་སྨྲ་བའི་དབང་ཕྱུག་གང་དེའི་དྲུང༌། །གུས་ལྡན་སོར་བཅུ་ཟླུམ་དང་ཆབས་གཅིག་ཏུ། །ཞུ་ཡིག་དྲུག་ལྡན་བུང་བའི་དར་དིར་ཀླུས། །གྲགས་སྙན་དྲི་བསུང་འཐུལ་བའི་ཕྱོགས་དེ་རུ། །དགའ་ཤུགས་འདབ་མ་བསྐྱོད་བཞིན་འདི་སྐད་ཞུ། །སྔོན་རབས་རྒྱལ་དང་རྒྱལ་སྲས་སྤྱན་སྔ་རུ། །མཐའ་ཀླས་ལུས་ཅན་གཏན་བདེར་འགོད་པའི་ཁུར། །ལྕི་བའི་བཀའ་རྟགས་མ་ཉམས་དེང་དུས་འདིར། །བཤེས་གཉེན་ཚུལ་གྱི་རྣམ་རོལ་ཨེ་མ་རྨད། །དེང་ཆར་དགེ་ལེགས་འཕྲིན་ལས་འོད་སྣང་གིས། །ཐུབ་བསྟན་ཆུ་སྐྱེས་བཞད་དང་ལྷན་ཅིག་ཏུ། །ཐར་འདོད་རྐང་དྲུག་རྣམ་གྲོལ་ལམ་བཟང༌ལ། །བཀོད་པའི་གཏམ་སྙན་ཐོས་པས་དད་སྤྲོ་འཕེལ། །འདི་ན་ཁྱོད་ལ་དང་བའི་གདུང་ཤུགས་ཀྱིས། །ལག་པའི་ཐལ་མོ་སྤྱི་བོར་ཟུམ་བྱས་ནས། །ཁྱོད་ཞལ་པདྨོ་མིག་གི་དགའ་སྟོན་ཏུ། །འགྱུར་བར་སྨོན་བཞིན་ལུས་འཚོ་བདེ་བར་བདོག། འཚམས་ཞུས། སླད་ནས་ཐུབ་བསྟན་གངས་རིའི་ལྷུན་པོ་ལ། །ཡབ་རྗེའི་རིང་ལུགས་ཉི་འོད་ཀྱིས་འཁྱུད་མདངས། །གསལ་བྱེད་གཞུང་ལུགས་སྨྲ་བ་ཁྱོད་ཀྱི་སྐུ། །སྲིད་པ་ཇི་སྲིད་གནས་པ་དེ་སྲིད་དུ། །གཡོ་མེད་བསྟན་འགྲོའི་དཔྱིད་དུ་བརྟན་ངོས་ནས། །ཕྲན་ཆུང་རང་དང་དགོན་སྡེ་འབངས་འཁོར་བཅས། །ཉེ་གཏོགས་ཀུན་ལ་ཕན་སྦྱོར་བརྩེ་གཟིགས་དང༌། །གསུང་འོས་བདུད་རྩིའི་ཟེགས་མ་ཡང་ཡང་དུ། །སྙིང་ལ་པྲན་པའི་དགའ་སྟོན་སྩོལ་བར་ཞུ། །དེ་ལྟའི་ཞུ་ཡིག་བྷྲ་མ་རཿ སྙན་པའི་མགྲིན་རྔ་བརྡུང་བཞིན་དུ། །ལྷ་རྫས་འདབ་མའི་རོལ་རྩེད་དག། །ངོམས་བཞིན་ཁྱོད་དྲུང་ལྗོན་པར་བསྙེགས། །འཇམ་མགོན་རྒྱལ་བའི་དབང་པོའི་བསྟན་པ་རིན་པོ་ཆེའི་དགའ་ཚལ་བཤད་སྒྲུབ་སྣང་བ་འབུམ་གྱིས་རྒྱས་པར་མཛད་པའི་མཁས་མང་ཉིན་བྱེད་འབུམ་སྡེའི་ཞབས་ཀྱི་པདྨོའི་དྲུང་དུ། གུས་ཞུ། དེང་གི་ཆར་ཡང༌། དཔྱད་གསུམ་རྣམ་པར་དག་པའི་ལུང་རིགས་དྲི་མ་མེད་པའི་རྣོ་ངར་དང་ལྡན་པའི་མཁྱེན་རབ་རལ་གྲིས་མ་རྟོག་ལོག་རྟོགས་ཀྱི་ཚང༌ཚིང་དུམ་བུར་བཅད་དེ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ཡངས་པོར་གསལ་བཞིན་འཁོར་ལོ་གསུམ་གྱི་མཛད་བཟང་དབྱར་མཚོ་ལྟར་འཕེལ་ཞིང་རྒྱས་པའི་གཏམ་སྙན་སྒྲ་འཛིན་གྱི་བུ་གར་སིམ་བས་སྤྲོ་བ་ཚད་མེད་མཆིས། འདི་ན་བཀའ་འབངས་ཀྱི་ཐ་ཤལ་བ་གུས་ཕྲན་བདག་དགོན་སྡེ་བཅས་པ་བདེ་མུ་ནས་བསྟན་འགྲོའི་དོན་ལ་ལྷག་བསམ་གྱི་འཇུག་པ་མིན་དམན་པའི་ཁུལ་དུ་མཆིས། འཚམས་ཞུས། སླད་ནས་ཀྱང་ལྷག་བསམ་རྣམ་པར་དག་པའི་རླུང་གིས་བསྐྱོད་པའི་ཤུགས་དྲག་བརྩོན་པའི་གྲུ་གཟིངས་ལ་བརྟེན་ནས་སྨྲ་བའི་ཉི་མའི་གཞུང་ལུགས་རྒྱ་མཚོའི་ཕ་མཐར་བརྒལ་ཏེ་དོན་གཉིས་ཡིད་བཞིན་ནོར་བུས་ཡངས་པའི་ནོར་འཛིན་གྱི་ཁྱོན་ཀུན་བདེ་སྐྱིད་རྫོགས་ལྡན་གསར་པའི་དགའ་སྟོན་ལ་སྦྱོར་བར་མཛད་པ་ནས། དོན་བཟང་རླབས་ཀྱི་འཕྲེང་བས་མཛེས་པའི་གསུང་འཕྲོས་གངྒཱའི་ཀླུང་གི་རྗེས་སུ་འགྲོ་བ་དང༌། རྣམ་ཀུན་དགེ་བའི་སྐྱབས་འཇུགས་འདོར་མེད་གནང་བ་མཁྱེན་མཁྱེན་མཁྱེན།། །།བསོད་ནམས་རྒྱ་མཚོའི་གཟི་བྱིན་མངོན་པར་མཐོ་བ་ས་སྐྱོང་མི་དབང་མཆོག་གི་སྐུ་དྲུང་དུ། ཞུ་བ། དེང་བསྐལ་མང་ལེགས་པར་སྤྱད་པའི་འབྲས་བཟང་མངའ་འབངས་བསོད་ནམས་ཀྱི་བཅུད་དུ་སྨིན་པའི་མཛེས་སྐུ་སཱ་ལའི་འཁྲི་ཤིང་གཞན་སྐྱེན་བསེར་བུས་ནམ་ཡང་མི་བསྐྱོད་པར་གཙུག་ལག་ཟུང་གི་ཁོ་ལག་ནམ་མཁའི་ཁྱོན་ལྟར་ཡངས་པས། ཀུན་དུ་དགེ་བའི་གསུང་གི་ཆབས་ཤོག་རྒྱ་མ་ཉམས་པ་སྔ་ཕྱིར་གནང་སྐྱེས་རྒྱ་ནོམ་པ་འབྱོར་བས་སྤྲོ། འདིར་གནས་པའང་འཚོ་བའི་ཆུ་རྒྱུན་ཉེ་ཞོའི་ཐན་པས་མ་གདུང་བར། ལྷག་བསམ་སྤུ་ཕྲེང་དཀར་པོའི་འཛུམ་པ་དང་འགྲོགས་བཞིན་མཆིས། འཚམས་ཞུས། སླད་ཆར་བསྟན་འགྲོ་ཡོངས་ལ་ཕན་བདེ་བརྒྱ་ཕྲག་སྤེལ་བའི་བྱེད་པོ་མི་དབང་གང་གི་སྐུ་མཆོག་ལྷུན་པོ་ལྟར་བརྟན་ཅིང༌། ཆབ་སྲིད་དབྱར་མཚོའི་དཔལ་ལ་འགྲན་ཏེ། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་དབུ་རྨོག་བཙན་པོ་དགུང་དུ་རེག་པ་དང་ཆབས་གཅིག་པར་ཡོན་མཆོད་ཉི་ཟླ་ཞལ་འཛོམ་གསེར་ཞལ་མྱུར་འཇལ་གྱི་སྨོན་འདུན་སྙིང་ནས་ཞུ་སྤྲོ།། །།བཀའ་ཁྲིམས་གསེར་གྱི་འཁོར་ལོས་ཕྱོགས་བྲལ་འཛིན་མའི་ཁྱོན་ལ་འདོད་དགུར་དབང་བསྒྱུར་བའི་མི་རྗེ་རིན་པོ་ཆེའི་ཞབས་དྲུང་དུ། གུས་ཞུ། ཉེ་ལམ་སྔོན་བསགས་བསོད་ནམས་མཐུ་དཔལ་གྱི་ཤམ་བུ་གཡོ་བའི་མཛད་བཟང་ཐུར་མ་བརྒྱ་ལྡན་གདུགས་དཀར་སྲིད་པའི་རྩེ་མོར་འཕགས་ཤིང༌། རིས་མེད་འགྲོ་བའི་རྒུད་པའི་ཚ་གདུང་བསལ་ནས། བདེ་སྐྱིད་རྫོགས་ལྡན།། པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།། །།