ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། རབ་འབྱམས་རྒྱལ་ཀུན་རབ་མཛེས་སྒྱུ་མའི་གར། །མཛེས་སྡུག་མཚན་དཔེའི་རྣམ་རོལ་སྨྲ་བའི་ལྷ། །སྙིང་ལ་རོལ་ཅིག་ཟབ་རྒྱས་གནད་ཀྱི་དོན། །འཇིགས་མེད་སྨྲ་བའི་སྤོབས་པ་མཆོག་དེ་སྩོལ། །འདབ་སྟོང་གསེར་ཞུན་གེ་སར་བཞད་པའི་རྩེར། །དྭངས་གསལ་ཟླ་གཞོན་དཀྱིལ་འཁོར་རྒྱས་པའི་གདན། །རལ་བའི་ཁུར་ལྡན་གདོང་ལྔ་འབར་བའི་སྟེང༌། །མ་སྨད་གསང་གསུམ་ཡོན་ཏན་བྱེ་བའི་སྐུ། །ཉི་འོད་དང་འགྲོགས་ལི་ཁྲིའི་ལྷུན་པོ་ལ། །རྣམ་མང་མཚན་དཔེའི་རྒྱན་གྱིས་སྦུད་པ་བཞིན། །བལྟ་བའི་མི་ངོམས་བརྒྱད་གཉིས་ལང་ཚོ་ཅན། །བྱུ་རུའི་འཁྲི་ཤིང་གཞོན་ནུའི་ལྕུག་ཕྲན་ལྟར། །འཇམ་མཉེན་ཕྱག་གཉིས་ཆོས་འཁོར་ཕྱག་རྒྱ་ཡིས། །ལེགས་བསྣམས་སྔོ་ལྗང་ལོ་འདབ་རབ་བཀྲ་བའི། །འདབ་སྟོང་གླེགས་རལ་ཁུར་འཆང་ཐུགས་ཀར་འཛིན། །འཆར་ཁའི་མདངས་ལྡན་བཞིན་བཟང་ཨུཏྤལ་མིག།།རབ་དམའ་མཆུ་སྒྲོས་ཐག་བཟང་ཚེམས་ཕྲེང་རྒོད། །དབང་སྔོན་ཟུར་ཕུད་བཅིངས་པའི་ལྷག་མའི་ཚོགས། །སིལ་བུར་གྲོལ་བས་སྐུ་སྟོད་རབ་ཏུ་བརྒྱན། །སྙན་གོང་ཨུཏྤལ་མགུལ་རྒྱན་གདུ་བུ་སོགས། །གཞལ་མེད་རིན་ཆེན་དུ་མའི་རྒྱན་ཕྲེང་དང༌། །གསལ་དྭངས་དབང་གཞུའི་ཚོན་གྱི་རི་མོའི་མདངས། །སྐྱེངས་བྱེད་སྲབ་འཇམ་དར་གྱི་ན་བཟས་ཀླུབས། །མདུན་ན་སྒེག་མཛེས་ཚངས་སྲས་ངག་གི་ལྷ། །ཡིད་འཕྲོག་སྨིན་ལེགས་ཉམས་ཀྱི་ལང་ཚོ་ཡིས། །ཆགས་བྲལ་དྲང་སྲོང་དཀའ་ཐུབ་འཕྲོག་བྱེད་ཀྱང༌། །སྙན་འཇེབས་རྒྱུད་མང་དབྱངས་ཀྱིས་གཞན་ཡིད་འགུགས། །རྒྱ་ཆེན་ཚོགས་གཉིས་ཟོང་གིས་ཉོས་པ་ཡི། །དཔག་ཡས་ཡོན་ཏན་གཏེར་གྱུར་མཚན་དཔེའི་སྐུ། ། མཐོང་བ་ཡིས་ཀྱང་ལས་ཉོན་སྒྲིབ་པའི་དཔུང༌། །འཇོམས་མཛད་རྒྱལ་ཀུན་ཡབ་གཅིག་མཁྱེན་པའི་གཏེར། །མགོན་ཁྱོད་མཛེས་སྐུའི་སྣང་བརྙན་ཟླ་ཤེལ་གཟུགས། །འགོག་མེད་དྭངས་སེམས་ཆུ་མཚོར་འཕོས་པའི་མོད། །ཀུན་རྨོངས་ཉེས་པའི་སྐྱོན་ཚོགས་གཏན་བཅོམ་སྟེ། །རླབས་ཆེན་ཤེར་རབ་སྣང་བ་རྒྱས་པར་མཛོད། །རྒྱ་ཆེན་གཞུང་ལུགས་ཐུབ་པའི་དགོངས་པ་བཞིན། །རྒྱབ་བརྟེན་ལུང་དང་རིགས་པས་ཟབ་མོའི་དོན། །ཉམས་ལེན་གནད་དུ་བསྣུན་ལས་མཁས་ཀུན་ཡིད། །བཟློག་མེད་སྐད་ཅིག་ཉིད་དུ་འགུགས་པར་མཛོད། །སྒྲ་དོན་ཐལ་འགྱུར་རིགས་ཚུལ་གནམ་ལྕགས་མདས། །ཕས་རྒོལ་སྨྲ་ངན་དམ་བཅའི་བྲག་གི་རི། །ཉེར་བཅོམ་ལོག་སྨྲའི་གཡུལ་ལས་རྣམ་རྒྱལ་ཏེ། །མ་ནོར་ཡང་དག་ལམ་དུ་བཀྲི་བར་མཛོད། །སྙན་ཚིག་ཉམས་འགྱུར་ལོ་འདབ་ཁུར་ལྕི་ཞིང༌། །དོན་བཟང་སྦྲང་རྩིའི་བཅུད་ཀྱིས་ཉེར་བཏམས་པའི། །ཡིད་འཕྲོག་ལེགས་བཤད་འདབ་སྟོང་གསར་བ་ཡིས། །བློ་གསལ་རྐང་དྲུག་དགའ་སྟོན་རྒྱས་པར་མཛོད། །བདག་ཀྱང་དེང་ནས་བྱང་ཆུབ་ཐོབ་ཀྱི་བར། །བཤེས་གཉེན་འཇམ་དཔལ་དཔའ་བོས་རྗེས་བཟུང་སྟེ། །ས་ལམ་རྟོགས་པའི་ཡོན་ཏན་རབ་རྫོགས་ནས། །རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་བར་ཤོག། །ཅེས་རྒྱལ་ཀུན་མཁྱེན་པའི་རང་གཟུགས་འཇམ་དཔལ་སྨྲ་བའི་སེང་གེ་ལ་བསྟོད་ཅིང་གསོལ་བ་འདེབས་ཚུལ་འདོད་འཇོའི་བུམ་བཟང་ཞེས་བྱ་བ་འདི་ནི། །དད་ལྡན་དགེ་སློང་བློ་བཟང་ཚུལ་ཁྲིམས་ཀྱིས་བསྐུལ་བ་ལྟར་ ༧ དབྱངས་ཅན་བཞད་པས་ཆོ་འཕྲུལ་ཆེན་པོའི་བཅད་རྒྱའི་ཐུན་མཚམས་སུ་སྦྱར་བའོ།། །།པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།། དགེའོ།།