༄༅། །ཐུགས་རྗེ་ཆེན་པོ་དང་འཇམ་དབྱངས་སྨྲ་སེང་ཕྱག་རྡོར་འཁོར་ཆེན་རྣམས་ཀྱི་མངོན་རྟོགས་བཞུགས་སོ། །

༄༅། །ན་མོ་ཨཱ་རྱ་ལོ་ཀི་ཤྭ་ར་ཡ། འདིར་འཕགས་པ་ཐུགས་རྗེ་ཆེན་པོའི་མངོན་རྟོགས་བསྒོམ་པར་འདོད་པས། སྐྱབས་སེམས་སྔོན་དུ་བཏང༌། སྭ་བྷཱ་ཝས་སྟོང་བར་སྦྱངས། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་ཧྲཱིཿ དཀར་པོ། དེ་ལས་འོད་འཕྲོས། དོན་གཉིས་བྱས་འདུས་ཡོངས་སུ་གྱུར་བ་ལས། རང་ཉིད་འཕགས་པ་བཅུ་གཅིག་ཞལ་སྐུ་མདོག་གངས་རི་ལྟར་དཀར་བ། ཞལ་བཅུ་གཅིག་དང་ལྡན་ཞིང༌། རྩ་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ལྷག་མས་བགྲང་ཕྲེང༌། མཆོག་སྦྱིན། འཁོར་ལོ་དང༌། གཡོན་ལྷག་མས་པདྨ། རིལ་བ་སྤྱི་བླུགས། མདའ་གཞུ་འཛིན་པ། ཕྱག་ལྷག་མ་དགུ་བརྒྱ་དང་དགུ་བཅུ་རྩ་གཉིས་ཀྱིས་མཆོག་སྦྱིན་མཛད་པ། རི་དྭགས་ཀྱི་པགས་པས་ནུ་མ་གཡོན་བ་བཀབ་ཅིང༌། དར་གྱི་ཤམ་ཐབས་ཅན། རིན་པོ་ཆེའི་རྒྱན་དང༌། དར་སྣ་ཚོགས་ཀྱི་ན་བཟས་ཀླུབས་པ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པ། ཐུགས་ཀའི་ཧྲཱིཿ ཡིག་གི་འོད་ཟེར་གྱིས་ཡེ་ཤེས་པ་དང་དབང་གི་ལྷ་རྣམས་སྤྱན་དྲངས། ཡེ་ཤེས་པ་ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། དབང་ལྷས་དབང་བསྐུར། འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། ཨོཾ་ཨཱ་རྱ་ལོ་ཀི་ཤྭ་ར་ཨ຋ᨗ་སོགས་ཀྱིས་མཆོད། ཕྱག་སྟོང་འཁོར་ལོ་སོགས་གྱིས་བསྟོད། རང་གི་སྙིང་གར་ཟླ་བའི་སྟེང་དུ་ཧྲཱུཾཿ ཡིག་དེའི་མཐར་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། རང་གཞན་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས་པར་གྱུར་བར་མོས་ལ། གཟུངས་རིང་དང་ཡིག་དྲུག་བཟླ། དེ་ནས་ཡིག་བརྒྱ་བརྗོད་དེ་ལྷག་ཆད་ཁ་བསྐངས། མཆོད་བསྟོད་བྱས་ལ་དགེ་བ་བསྔོ་བ་སོགས་སྤྱི་འགྲོ་ལྟར་བྱའོ། ། ཞེས་འཕགས་པ་ཐུགས་རྗེ་ཆེན་པོའི་མངོན་རྟོགས་འདི་ཡང་དགེ་སློང་བྱམས་པའི་འདོད་མོས་ལྟར།། ༧ དབྱངས་ཅན་བཞད་པས་བྲིས་པའོ། །

དཔྱད་མཆན་སྤེལ།