༄༅། །འཕགས་མཆོག་སེང་གེའི་སྒྲའི་མངོན་རྟོགས་བཞུགས་སོ། །

ན་མོ་གུ་རུ། སྟོང་པའི་ངང་ལས་པདྨ་གདོང་ལྔའི་སྟེང༌། །ཟླ་བའི་གདན་ལ་རང་སེམས་ཧྲཱིཿ ཡིག་ལས། ། འོད་འཕྲོས་ཚུར་འདུས་བདག་ཉིད་སེང་གེའི་སྒྲ། །རབ་དཀར་ཕྱག་གཡས་སྐྱབས་སྦྱིན་གཡོན་པའི་ཕྱག། །ཟླ་གདན་ལ་བརྟེན་བརྐྱངས་བསྐུམས་རོལ་བའི་ཚུལ། །གཡས་ན་སྦྲུལ་དཀར་གྱིས་དཀྲིས་དྲི་ཤུལ་ལྗང༌། །གཡོན་དུ་ཐོད་རལ་གྱིས་མཚན་པད་སྡོང་བསྣམས། །གནས་གསུམ་འབྲུ་གསུམ་ཐུགས་ཀའི་ཧྲཱིཿ ཡིག་ལས། ། འོད་འཕྲོས་ཡེ་ཤེས་སྤྱན་དྲངས་དབང་གི་ལྷས། །དབང་བསྐུར་འོད་དཔག་མེད་ཀྱིས་དབུ་ལ་བརྒྱན། །ཨོཾ་ཨཱཿ ཧྲཱིཿ སིད་ཧ་ནཱ་ད་ཧཱུཾ་ཕཊ། ཅེས་སྙིང་པོ་དང་གཟུངས་རིང་ཅི་འགྲུབ་བཟླ། མགོན་ཁྱོད་ཐུགས་རྗེས་ཀླུ་གཉན་ས་བདག་རྣམས། །མི་བཟད་ལུས་སེམས་གདུངས་པ་རབ་ཞི་ནས། །བྱམས་བརྩེའི་ཐུགས་ཀྱིས་ཉེར་འཚེ་ཀུན་བསལ་ཏེ། །འཇིག་རྟེན་བདེ་སྐྱིད་དགའ་སྟོན་འབར་གྱུར་ཅིག །དགེ་བ་འདི་ཡིས་སོགས་བརྗོད། ཅེས་པ་འདི་ཡང་ཀླུ་གཉན་སོགས་ཀྱི་གནོད་པ་ཞི་བའི་ཆེད་དུ་དགེ་བའི་བཤེས་གཉེན་དགེ་ལེགས་འཕེལ་རྒྱས་ཀྱིས་ལྷ་རྫས་བཅས་བསྐུལ་བའི་ངོར། ༧ དབྱངས་ཅན་བཞད་པས་བྲིས་བའོ།།

དཔྱད་མཆན་སྤེལ།