༄༅། །ཕྱག་རྡོར་འཁོར་ཆེན་གྱི་མངོན་རྟོགས་མདོར་བསྡུས་བཞུགས་སོ།།

ན་མོ་གུ་རུ་བཛྲ་བྷ་རཱ་ཡ། འདིར་གསང་བདག་གི་རྒྱུན་འཁྱེར་འགོད་པ་ལ། སྐྱབས་སེམས་སྔོན་དུ་བཏང་ལ། སྭ་བྷཱ་ཝས་སྟོང་བར་སྦྱངས། སྟོང་པའི་ངང་ལས་པདྨར་ཚངས་དབང་དང༌། བརྒྱ་བྱིན་ཁ་སྤུབ། སོག་ཕྲག་ཟླ་ཉིའི་སྟེང༌། །ས་བོན་ཕྱག་མཚན་ཧཱུཾ་གིས་མཚན་པ་ལས། །འོད་འཕྲོས་དོན་གཉིས་བྱས་འདུས་པ་སྐད་ཅིག་གིས། །གསང་བདག་རྩ་ཞལ་མཐིང་ནག་གཡས་དཀར་བོ། །གཡོན་དམར་ལྗགས་འདྲིལ་མཆེ་གཙིགས་སྤྱན་གསུམ་བསྒྲད། །ཕྱག་དྲུག་ཐོག་མས་རྡོ་རྗེ་སྡིགས་མཛུབ་དང༌། །དེ་འོག་ཐལ་མོས་སྒྲ་སྒྲོགས་ཡུམ་ལ་འཁྱུད། །ཐ་མས་སྟོབས་རྒྱུ་རིགས་ལྡན་འཛིན་ཅིང་གསོལ། །གོས་སྔོན་སྟོད་གཡོགས་སྟག་ཤམ་ཀླུ་ཡིས་བརྒྱན། །བང་དུ་ལྷ་མོ་མཛེས་ལྡན་གྲི་ཐོད་འཛིན། །དར་དང་རིན་ཆེན་རྒྱན་སྦྲས་ཡབ་ལ་འཁྲིལ། །ཡབ་ཀྱི་ཐུགས་ཀར་གསང་བདག་སྐུ་མདོག་སྔོ། །རྡོ་རྗེ་སྡིགས་མཛུབ་གཡོན་བརྐྱངས་སྟབས་ཀྱིས་བཞུགས། །ཐུགས་ཀར་ཉི་སྟེང་ཧཱུཾ་ཡིག་འོད་ཟེར་འཕྲོས། །སྒོ་གསུམ་རྡོ་རྗེ་གསུམ་མཚན་ཧཱུཾ་འོད་ཀྱིས། །ཡེ་ཤེས་སྤྱན་དྲངས་བསྟིམ་ཞིང་དབང་གི་ལྷ། །སྤྱན་དྲངས་དབང་བསྐུལ་མི་བསྐྱོད་རྒྱས་བཏབ་བསམ། །སྙིང་པོ་དང་ཉེར་སྙིང་དང༌། སྤྲོ་ན་འཕྲེང་སྔགས་ཡང་ཅི་ནུས་བཟླ། མཐར་ཡིག་བརྒྱ་དང༌། །དགེ་བ་འདི་ཡིས་སོགས་བརྗོད། །གསང་བདག་གི་རྒྱུན་འཁྱེར་མདོར་བསྡུས་འདི་ཡང༌། ༧ དབྱངས་ཅན་བཞད་པས་བྲིས། །པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།།

དཔྱད་མཆན་སྤེལ།